ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

2018.12.28ཉིན་ལྡོང་གསུང་ཆོས་ཁང་གི་སྐབས་གསུམ་པའི་ཚོགས་འདུ་འཚོགས།

ལྡོང་གསུང་ཆོས་ཁང་།  
གསར་འགྱུར། 
སྤྱི་ལོ་༢༠༡༨ལོའི་ཟླ་༡༢ཚེས་༢༨ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཁྲ་རྒན་གླིང་དུ་༧སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གི་གསུང་ཆོས་ཕབ་འབྲི་དང་རྩོམ་སྒྲིག་གི་བྱ་བའི་སྤྱི་སྡོམ་ཚོགས་འདུ་སྐབས་གསུམ་པ་འཚོགས་ཤིང་།ཚོགས་སྟེང་དུ་སློབ་དཔོན་དམ་པ་ཁོང་ཡང་ཆེད་དུ་གདན་འདྲེན་ཞུས་ཏེ་དབུ་བཞུགས་མཛད་པ་དང་།ཚོགས་གཙོ་ས་སྒང་འཇམ་དབྱངས་མཁྱེན་རབ་ཀྱིས་ཐེངས་འདིའི་ཚོགས་འདུ་ལ་དབུ་འཛིན་མཛད་དེ་ལོ་གཅིག་གི་གསུང་ཆོས་ཡིག་ཐོག་ཏུ་ཕབ་པའི་གནས་ཚུལ་སྙན་ཞུ་བྱས།ད་དུང་ལོ་གཅིག་གི་བྱ་བའི་ཐད་ནུས་ཤུགས་བླ་མེད་འདོན་མཁན་གྱི་དྲ་ཚུགས་རྩོམ་སྒྲིག་པ་འཕྲིན་ལས་རྣམ་རྒྱལ་དང་རྫ་ཤུལ་བཀྲ་ཤིས་རྒྱ་མཚོ།བརྩམས་ཆོས་ཀློག་འདོན་མཁན་ཚེ་མགོན་རྒྱལ་དང་།ནོར་བུ་རྒྱལ་མཚན།འཇམ་དབྱངས་ཡེ་ཤེས་བཅས་ལ་བྱ་དགའི་གཟེངས་རྟགས་བྱིན། གཞན་ཡང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་༢༠༡༨ལོའི་སྐབས་ཉེར་གསུམ་པའི་མཐར་ཕྱིན་འཛིན་གྲྭ་གཉིས་ཀྱི་སློབ་བུ་༣༩ལྡོང་གསུང་ཆོས་རྩོམ་སྒྲིག་ཁང་གི་གསུང་ཆོས་ཕབ་ཞུ་བའི་གྲས་སུ་བླངས་ཏེ་ལག་རྟགས་སྤྲད།ཉིན་གུང་རྩོམ་སྒྲིག་པ་ཚང་མ་སློབ་དཔོན་དམ་པའི་གཟིམས་ཁང་གསར་བར་མཇལ་ཏེ་ཁོང་གི་གསུང་ཆོས་རྣམས་མཆོད་སྒམ་དུ་བཞུགས་སུ་གསོལ་ཞིང་།དགོང་མོར་༧སློབ་དཔོན་དམ་པ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ཆེད་དུ་རྩོམ་སྒྲིག་ཁང་གིས་གདན་ཞུ་བྱས་ཏེ་ཁོང་གིས་གང་ཅིའི་བྱ་བཞག་ཐད་བཀའ་སློབ་ལམ་སྟོན་གནང་བ་དང་།མཇུག་ཏུ་རྩོམ་པ་བོ་གྱི་ལིང་འཇིགས་མེད་ལགས་ཀྱིས་བོད་རྒྱ་ཕྱི་གསུམ་གྱི་མཁས་པའི་བསྟན་བཅོས་ཁྲོད་ཀྱི་ཟིན་བྲིས་ཀྱི་གནས་ཚུལ་སྣ་ཚོགས་ངོ་སྤྲོད་མཛད་ཅིང་།དམིགས་བསལ་བོད་ཀྱི་གནའ་དེང་གི་མཁས་པའི་ཟིན་བྲིན་གྲགས་ཅན་དག་ལས་འཕྲོས་ཏེ་ཟིན་བྲིས་རིག་པའི་སྐོར་ནས་གཤིབ་བསྡུར་གནང་སྟེ་ཞིབ་འཇུག་གི་གླེང་གཞི་གསར་བ་བཏོན་པ་དང་།དེ་བཞིན་མ་འོངས་པའི་ང་ཚོའི་ཟིན་བྲིས་འགོད་སྟངས་སོགས་ཀྱི་ཐད་ནས་བསམ་ཚུལ་གལ་ཆེན་བཏོན་པ་བཅས་ཉིན་འདིའི་བྱ་བའི་ལས་རིམ་ཆ་ཚང་མགོ་བཀྲ་ཤིས་ཤིང་མཇུག་བདེ་ལེགས་ཀྱི་ངང་ནས་ཡོངས་སུ་གྲུབ་པར་བྱས་པའོ། །