ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ་ཤར་གཏོང་བྱས་པ།

སྔ་དྲོའི་གསར་འགྱུར།

 སྤྱི་ལོ་༢༠༡༧ལོའི་ཟླ་༡༢པའི་ཚེས་༢༤ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠བའི་སྟེང་། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་(གླིང་སྟོད་)དུ་༧སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གི་དྲ་བ་དབུ་འབྱེད་མཛད་སྒོ་སྤེལ་བའི་ཚོགས་འདུ་འཚོགས། ཐེངས་འདིའི་ཚོགས་འདུ་ལ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་དང་ལས་བཟོ་བ་ཡོངས། དེ་མིན་ལྡོང་གསུང་ཆོས་ཁང་གི་ཚོགས་མི་ཡོངས། རེ་བ་གསར་བ་ཚང་གི་འཐུས་ཚབ་པ།མཐར་ཕྱིན་འཛིན་གྲྭ་གཉིས་བཅས་ཞུགས།ཚོགས་སྟེང་དུ་༧སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་དྲ་བ་འདི་ཉིད་ཁོང་གི་མཚན་སྙན་གྲགས་རྒྱས་ཐབས་ཀྱི་ཆེད་དུ་དམིགས་ནས་བཟོས་པ་ཞིག་མ་ཡིན་པར། ཁོང་གི་གསུང་བཤད་དང་བརྩམས་ཆོས་ལ་དད་པ་དང་དགའ་བ་ཡོད་མཁན་གྱི་རེ་བ་གསར་བ་ཚང་གིས་ཡང་ཡང་འདི་ལྟ་བུའི་དྲ་ཚིགས་ཤིག་ཡོད་ན་མང་བོ་ཞིག་ལ་ཕན་ཐོགས་ཚུལ་ཞུས་ཏེ་མཐུན་རྐྱེན་སྦྱར་ནས་བཟོས་པ་ཡིན་ཚུལ་གྱི་སྐོར་ནས་ངོ་སྤྲོད་གནང་ཞིང་། དེ་བཞིན་རེ་བ་གསར་བ་ཚང་གི་སྤྲེལ་ཚང་བརྩོན་འགྲུས་ཀྱིས་དྲ་བ་འདི་གཉེར་བའི་དམིགས་ཡུལ་གྱི་སྐོར་ནས་གཏམ་བཤད་སྤེལ་བ་དང་། དྲ་ཚིགས་དོ་དམ་པ་ཟངས་དཀར་ཚུལ་ཁྲིམས་ཀྱིས་དྲ་བའི་བྱེད་ནུས་དང་ཁྱད་ཆོས་ལས་འཕྲོས་ཏེ་བརྡ་འཕྲིན་དྲ་རྒྱའི་དགེ་མཚན་གྱི་སྐོར་ནས་ངོ་སྤྲོད་ཞིབ་རྒྱས་གནང་། ད་དུང་ལྡོང་གསུང་ཆོས་ཁང་གི་འགོ་གཙོ་ས་སྒང་འཇམ་དབྱངས་མཁྱེན་རབ་ཀྱིས་སྤྱི་སྡོམ་གནང་ཞིང་། མཇུག་མཐར་རོགས་སྐྱོར་བར་བཀའ་དྲིན་ཞུ་བའི་གཟི་བརྗིད་དཔང་ཡིག་ཕུལ་ཏེ་ཚོགས་འདུ་གྲོལ།

དྲ་བ་ཤར་གཏོང་མཛད་སྒོའི་དྲན་རྟེན་མཉམ་པར།