ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

སློབ་དཔོན་མཆོག་མགོ་ལོག་ཁང་སར་ཡུལ་གྱི་རིས་མེད་བློ་སྦྱོང་དུས་ཁྲིད་ཆེན་མོ་སྐབས་བཅུ་གསུམ་སྟེང་དུ་ཕེབས་པ།

མགོ་ལོག་ཁང་སར་ཡུལ་གྱི་རིས་མེད་བློ་སྦྱོང་དུས་ཁྲིད་ཆེན་མོ་སྐབས་བཅུ་གསུམ་པའི་འབུམ་ལྔའི་བསགས་སྦྱང་གི་དབུ་བཞུགས་ལ་༧མཚུངས་མེད་དགེ་བའི་བཤེས་གཉེན་དམ་པ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ཡང་ཡང་གདན་འདྲེན་ཞུས་པ་ལྟར་ཕེབས་ནས། ནང་བསྟན་ཆོས་བརྒྱུད་སོ་སོའི་ཆོས་འབྱུང་མདོར་བསྡུས་རེ་དང་། སྔོན་གྱི་སྐྱེས་ཆེན་དམ་པ་དག་ཐུགས་རྒྱུད་གཅིག་ཚུལ་དང་། མཐར་ཐུག་གི་དགོངས་པའི་གནད་གཅིག་ཏུ་འབབ་པའི་ཚུལ་ཤེས་ནས་གྲུབ་མཐའི་ཆགས་སྡང་སྤོང་དགོས་པའི་སྐོར་ནས་གསུང་བཤད་གནད་ལ་ཁེལ་བ་མང་དུ་གནང་། དེ་ནས་འཆི་བ་མི་རྟག་པ་བསྒོམས་པ་དང་འབྲེལ་ནས་མི་ཚེ་ལ་སྙིང་བོ་ལེན་ཚུལ་ཞེས་པའི་བརྗོད་གཞིའི་སྟེང་ནས་ཆོས་ཁྲིད་གནང་སྟེ་དད་ལྡན་བརྒྱ་སྟོང་མང་བོའི་རྒྱུད་ལ་ཐར་བའི་ས་བོན་བསྐྲུན། མཇུག་ཏུ་དྲང་བདེན་དང་བྱམས་བརྩེའི་བྱ་བཞག་སྒྲུབ་མཁན་རྔ་བ་རྫོང་སྒོ་མང་མཐའ་བ་ཧུ་ར་མའི་གདུགས་དཀར་དང་། ཁང་སར་བཀྲ་ཤིས་རྒྱ་མཚོ་སོགས་ལ་བཀའ་དྲིན་ཞུ་བའི་ལེགས་སྐྱེས་གནང་ནས་གལ་ཆེའི་གསུང་བཤད་གནང་སྟེ་ཚོགས་གྲོལ།
དེ་ནས་ཁང་སར་གསར་མའི་དགོན་གྱི་ནང་བསྟན་སློབ་གླིང་དུ་ཕེབས་ཏེ་བླ་མ་ལས་སྣེ་དང་དགེ་འདུན་པ་ཡོངས་ལ་བཀའ་སློབ་མདོར་བསྡུས་དང་། དགའ་ལྡན་ལྷ་བརྒྱ་མ་འདོད་གསོལ་དང་བཅས་པ། དགེ་ཚུལ་སློང་གི་ཕྱིར་བཅོས། འཇམ་དབྱངས་དཀར་བོའི་ཆོ་ག་སོགས་ཀྱི་བཀླག་ལུང་ཡང་གནང་།
གསར་འགོད་པ། ཁང་སར་སྤྲུལ་བསམ་པ་ལྷུན་གྲུབ།
བོད་ས་ཕག་ལོའི་ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན།
2019.12.25

དྲང་བདེན་དང་བྱམས་བརྩེའི་བྱ་བཞག་སྒྲུབ་མཁན་རྔ་བ་རྫོང་སྒོ་མང་མཐའ་བ་ཧུ་ར་མའི་གདུགས་དཀར་དང་། ཁང་སར་བཀྲ་ཤིས་རྒྱ་མཚོ་སོགས་ལ་བཀའ་དྲིན་ཞུ་བའི་ལེགས་སྐྱེས་གནང་བ།

ཁང་སར་གསར་མའི་དགོན་གྱི་ནང་བསྟན་སློབ་གླིང་དུ་ཕེབས་པ།