ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

སློབ་དཔོན་ཆེན་མོ༧ལྡོང་ཡོན་ཏན་རྒྱ་མཚོ་མཆོག་མགོ་ལོག་ཁང་སར་ཇོ་ནང་དགོན་དུ་ཕེབས་པ།

དེ་རིང་སློབ་དཔོན་ཆེན་མོ༧ལྡོང་ཡོན་ཏན་རྒྱ་མཚོ་མཆོག་མགོ་ལོག་ཁང་སར་ཇོ་ནང་དགོན་པའི་དུས་འཁོར་སྒྲུབ་གྲྭ་གསང་སྔགས་བདེ་ཆེན་འོད་གསལ་གླིང་གི་ཆོས་ཚན་བཅུ་བཞི་བས་གདན་ཞུས་ལྟར་ཕེབས་ནས། དུས་འཁོར་ཆོས་འབྱུང་བསྡུས་པ་ཞིག་གསུངས། བློ་སྦྱོང་ཚིགས་བརྒྱད་མ་དང་། རྒྱལ་སྲས་ལག་ལེན། ཡོན་ཏན་གཞིར་གྱུར་མ་བཅས་ཀྱི་བཤད་ལུང་དང་། བྱང་ཆུབ་ལམ་སྒྲོན་དང་། བསྟོད་པ་ཆུ་འཛིན་དཀར་བོ་མ་གཉིས་ཀྱི་ལྗགས་ལུང་། རྗེའི་ལམ་སྔགས་གཉིས་ཀྱི་དབུ་ནས་ཉུང་ཙམ་རེ་དང་། མཇུག་གི་སྨོན་ལམ་རྣམ་གཉིས་ཀྱི་ལྗགས་ལུང་གནང་སྟེ་མདོ་སྔགས་གཉིས་ཀྱི་ལམ་ཟུང་འཇུག་ཏུ་མཐར་ཕྱིན་པའི་རྟེན་འབྲེལ་གྱི་གནད་ཡོད་གསུངས་ཏེ་ཐུགས་སྨོན་རྒྱ་ཆེར་གནང་།
ཇོ་ནང་དུས་འཁོར་སྦྱོར་དྲུག་གི་ཉམས་ལེན་བྱེད་སྟངས་ཀྱི་ཐད་ལ་རྒྱུས་ལོན་མཛད་པ་མ་ཟད། སྒྲུབ་གྲྭ་བ་རྣམས་ཀྱིས་ཆོས་རྒྱུགས་ཕུལ་བ་དང་། ལམ་རིམ་བློ་སྦྱོང་སོགས་ཀྱི་ཟིན་བྲིས་དང་། རྒྱུགས་ཤོག་སོགས་ལ་ཞིབ་གཟིགས་མཛད་ནས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། མཇུག་ཏུ་ཚུལ་ཁྲིམས་རྣམ་དག་བསྲུངས་པ་གཞིར་བཞག་པའི་སྟེང་དུ་སྔར་གྱི་ཉམས་ལེན་རྒྱུན་སྐྱོང་དགོས་པའི་བཀའ་སློབ་གང་དམར་དམར་གསུངས་ཏེ་བཀའ་དྲིན་བླ་མེད་བསྐྱངས།

  བོད་ས་ཕག་ལོའི་ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན།