ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་དུ་ཕེབས་པ།

སྤྱི་ལོ་༢༠༡༩-༡༡-༡༠ཉིན་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རོང་བོ་སྡེ་གསུམ་གྱི་བཟང་སྤྱོད་དུང་སྒྲུབ་ཆོས་ཐོག་ཆེན་མོའི་སྟེང་གདན་འདྲེན་ཞུས་པ་བཞིན་ཕེབས་ཚེ། བུ་རྒུ་དགོན་གྱི་བསྟན་བདག་ཨ་འཕར་སྤྲུལ་སྐུ་དགེ་བཤེས་བསྟན་འཛིན་ཟླ་གྲགས་རྒྱ་མཚོ་ཚང་གི་གཙོས་རོང་བོ་སྡེ་གསུམ་གྱི་སྡེ་དཔོན་དང་སྡེ་མི་སྟོང་ཕྲག་ཁ་ཤས་ཀྱིས། ཁ་བའི་བཀྲག་མདངས་དང་ཉི་འོད་འཇམ་པོའི་དྲོད་ཁོལ་དང་ལྷན་ཅིག་ཏུ། ལག་ཏུ་དྲི་མེད་ཀྱི་དར་དཀར་ཐོགས་ཏེ་བསུ་བའི་བསྟར་ཕྲེང་རིང་མོས་རོང་བོ་གསེར་ཆེན་སྡེ་བའི་ཆོས་ཁང་དགེ་ལེགས་འདོད་འཇོའི་གླིང་དུ་གདན་དྲངས། བུ་རྒུ་དགོན་གྱི་དགེ་བཤེས་དགེ་འདུན་དར་རྒྱས་ལགས་ཀྱིས་སློབ་དཔོན་མཆོག་ངོ་སྤྲོད་མདོ་ཙམ་ཞུས་རྗེས། སློབ་དཔོན་མཆོག་གིས་བཟང་སྤྱོད་དང་འབྲེལ་བའི་ཡན་ལག་བདུན་པའི་ཆོས་ཁྲིད་ཁ་གསལ་ལ་གོ་བདེ་བ་དང་། འཇིག་རྟེན་མི་ཆོས་ཀྱི་བསླབ་བྱ་རྒྱས་པར་གནང་བས། ཆོས་ཞུ་བ་ཕལ་ཆེར་གྱི་ལག་ཟུང་དད་པའི་སྙིམ་པར་བཀོད་ཅིང་མིག་ཆུའི་ཕྲེང་ཐག་གི་རྒྱུན་ཆད་པ་ལྟ་བུ་བྱུང་། མཇུག་ཏུ་རོང་བོ་སྡེ་དཔོན་ཙན་གུ་སྐལ་བཟང་རྒྱལ་ལགས་ཀྱིས་བཀའ་དྲིན་ཚོར་བའི་གཏམ་བཤད་ཐུང་ངུ་ཞིག་གིས་མཇུག་ལེགས་པར་གྲོལ།
ཆོས་ཁྲིད་ཚར་རྗེས་རྩེ་ཁོག་ཐོན་མིའི་སློབ་ཚོགས་ཀྱིས་བྱ་བའི་སྙན་ཞུ་ཕུལ་བར་སློབ་དཔོན་མཆོག་ཐུགས་དགྱེས་པའི་ངང་མ་འོངས་པའི་བྱ་བར་མཛུབ་སྟོན་གལ་ཆེན་གནང་།