ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་མཚོ་སྔོན་པོ་རྐང་ཚའི་རུ་མང་དགོན་དུ་སྤྱི་ཚོགས་ཡར་སྐུལ་གྱི་སློབ་གསོ་གནང་བ། 

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་མཚོ་སྔོན་པོ་རྐང་ཚའི་རུ་མང་དགོན་དུ་སྤྱི་ཚོགས་ཡར་སྐུལ་གྱི་སློབ་གསོ་གནང་བ།

སྤྱི་ལོ༢༠༡༨ལོའི་ཟླ་༥བའི་ཚེས་༡༩ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་རྐང་ཚའི་རུ་མང་དགོན་གྲོང་གཉིས་ཀྱི་གདན་ཞུས་ལྟར་རུ་མང་དགོན་བཤད་སྒྲུབ་བཀྲ་ཤིས་དར་རྒྱས་གླིང་དུ་ཕེབས་ཤིང་། ཡུལ་འདིའི་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་དགའ་བས་མདུན་བསུས་ཤིང་། དད་པའི་ཕྱག་བགྱིས་ཏེ་དགོན་པའི་ཁྲི་བ་ཡབ་རྗེ་ཨ་དགའ་བླ་མའམ་ཡང་སྤྲུལ་༧འཇམ་དབྱངས་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གི་གཟིམ་ཤག་ཏུ་སྤྱན་དྲངས།
སྤྱི་ལོ༢༠༡༨ལོའི་ཟླ་༥བའི་ཚེས་༢༠ཉིན་གྱི་སྔ་དྲོའི་དུས་ཚོད་༡༠:༣༠སྟེང་ཁོང་ཉིད་རུ་མང་དགོན་པའི་ཚོགས་ཆེན་འདུ་ཁང་དུ་ཕེབས་ཏེ་མང་ཚོགས་སྟོང་ཕྲག་དུ་མ་ལ་དགོས་འདོད་ལྟར་སྤྱི་ཚོགས་ཡར་སྐུལ་གྱི་སློབ་གསོ་དང་གཉེན་པོ་སྟོབས་བཞིའི་སྒོ་ནས་སྡིག་བཤགས་བྱེད་ཚུལ་གྱི་སློབ་གསོ་རྒྱ་ཆེན་པོ་གནང་། ཁྱད་པར་དུ་ཡུལ་འདིའི་དགོན་གྲོང་གཉིས་ཀྱི་ད་ལྟའི་སྤྱི་ཚོགས་དང་མ་འོངས་ཤེས་རིག་གི་ལམ་ཁར་དམིགས་བསལ་གྱིས་གསུང་བཤད་གལ་འགང་ཅན་བླ་ན་མེད་པ་བསྩལ།

 

མཚོ་ཆེན་ཁྲི་གཤོག་རྒྱལ་མོའི་ རླབས་ཕྲེང་དང་ལྷན་དུ་དད་པའི་བསུ་བ་སྔོན་དུ་བཏང་བ།

དད་ལྡན་སྐྱ་སེར་སྟོང་ཕྲག་མང་བོར་ཆོས་འཇིག་རྟེན་གཉིས་ཆར་སློབ་སྟོན་གནང་བ།

རུ་མང་དགོན་པའི་དཔེ་མཛོད་ཁང་དུ་གཟིགས་ཤིང་དཔེ་མཛོད་ཁང་ལ་མཚན་བྱང་ཕྱག་བྲིས་གནང་བ།

དམ་པ་མང་བོས་ཡང་ཡང་བྱིན་གྱིས་རླབས་པའི་མཚོ་སྔོན་པོའི་རྟ་ཕྱུག་གཏེར་སྒོ་རུ་མཚོ་འཐིམ་ཀུན་ཕན་ཀླུ་གཏེར་གྱི་གཏེར་བུམ་ཕུལ་ཞིང་། རྒྱལ་བ་བསོད་ནམས་རྒྱ་མཚོའི་བྱིན་མཐུ་ལས་བྱུང་བའི་གངས་ལྗོངས་ཏཱ་ལའི་ཆུ་མིག་ལ་མཇལ་བ། རུ་མང་དགོན་པའི་ཆོས་རིག་ཟབ་སྦྱོང་སློབ་ཁང་དུ་གྲྭ་ཚང་ཡོངས་ལ་སུམ་རྟགས་གཉིས་ཀྱི་རྩ་བའི་ཁྲིད་ལུང་གནང་བ།

སྤྱི་ཟླ་༥བའི་ཚེས་༢༡ཉིན་རྐང་ཚའི་དགོན་ཆེན་དགའ་ལྡན་ཆོས་འཕེལ་གླིང་གིས་གདན་དྲངས་པ་ལྟར་རྐང་ཚའི་དགོན་ཆེན་དུ་ཕེབས་ནས་གྲྭ་ཚང་ལ་ཐུགས་མཐུན་ཁྲིམས་གཙང་གི་དགོས་གལ་དང་། མདོ་རྒྱུད་རིག་གནས་ཀུན་ལ་སློབ་གཉེར་ཕྱོགས་སུ་མ་ལྷུང་བ་གཞིར་བྱས་ཆོ་ག་ཆོས་སྤྱོད་དང་ཕྱག་ལེན་དག་ཀྱང་སྣང་མེད་དུ་འཇོག་མི་རུང་། ཁྱད་པར་དུ་ན་གཞོན་གྲྭ་བ་སློབ་གཉེར་བ་རྣམས་ལ་དགེ་བའི་བཤེས་གཉེན་བསྟེན་ཚུལ། ཐོས་བསམ་ཇི་ལྟར་བྱེད་ཚུལ་སོགས། ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ། །ནང་དུ་རིམ་གཉིས་རྣལ་འབྱོར་གདེང་དང་ལྡན། །གསུངས་པ་ལས་འཕྲོས་པའི་བསླབ་བྱ་གནད་དུ་འཁེལ་བ། དགོས་གལ་ཆེ་བ་མང་བོ་བསྩལ་ཞིང་། དད་ལྡན་མང་ཚོགས་ཁྱིམ་པའི་སྡེ་ལ་དགེ་སྡིག་སྤང་བླངས་དང་། རྒྱུ་འབྲས་བརྩི་སྲུང་། ཡ་རབས་གོམ་སྲོལ་སྐྱོང་ལུགས། རྒན་བཀུར་གཞོན་བྱམས་བྱེད་སྟངས། ཁྱད་པར་དྲིན་ཕ་མའི་ཚེ་མཇུག་ལ་བདེ་སྐྱིད་བསྐྲུན་སྟངས་སོགས་ཀྱི་བསླབ་བྱ་གལ་བོ་ཆེ་མང་དུ་བསྩལ་ཏེ་དེར་འདུས་ཀྱི་མང་ཚོགས་ཁྲི་ཕྲག་ལྷག་ལ་བསླབ་བྱ་གསེར་གྱི་ཞུན་མ་འཐུང་བའི་སྐལ་བ་ཐོོབ་པར་བྱས།

རྐང་ཚའི་དགོན་ཆེན་གྱི་ཁྲི་བ་བླ་མ་སེ་ར་མཁྱེན་པ་མཆོག་སྤྲུལ་རིན་པོ་ཆེས་བསུ་བ་གནང་བ།

རྐང་ཚའི་དགོན་ཆེན་དུ་གྲྭ་ཚང་དང་མང་ཚོགས་ཁྲི་ལྷག་ལ་སློབ་གསོ་གནང་བ།

རྐང་ཚའི་དགོས་ཆེན་ཞི་བདེ་ཤེས་རིག་གླིང་གི་དཔེ་མཛོད་ཁང་དང་སློབ་ཁང་། གྲྭ་རྒྱུན་སློབ་མའི་མལ་ཁང་སོགས་ལ་གཟིགས་པ།

རྐང་ཚའི་དགོན་ཆེན་གྱི་དགེ་རྒན་གྱི་འགན་བཞེས་ཡོད་པའི་དགེ་བའི་བཤེན་གཉེན་དྷཱི་ཚ་ཡེ་ཤེས་རྒྱ་མཚོ་ཚང་། སེ་ར་མཁྱེན་པ་ཚང་དང་རྣམ་པ་གསུམ་གྱིས་དགོན་པའི་འཆད་ཉན་སྐོར་གྱི་གསུང་གླེང་གནང་བ།

ཞི་བདེ་ཤེས་རིག་གླིང་གི་དགེ་རྒན་རྣམས་དང་ལྷན་དུ།

མཆོག་སྤྲུལ་སེ་ར་མཁྱེན་པ་རིན་པོ་སོགས་ཀྱིས་ཟི་ལིང་གནམ་གྲུ་ཐང་ལ་སྐྱེལ་མ་གནང་བ།

པར་ལེན་པ། རུ་མང་འཕྲིན་ལས་རྒྱ་མཚོ། ཁྲི་གཤོག་སྙེ་མ།

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།