ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

སྙིང་གཏམ་སྙིང་གི་རླབས་ཕྲེང་གིས་བསྐྱེད་པའི་དགའ་དད་རླབས་ཕྲེང་།

ལྡོང་ཡོན་ཏན་རྒྱ་མཚོ།

ཟླ་འདིའི་ཚེས་ཉི་ཤུའི་ཉིན་བདག་མཚོ་སྔོན་རྐང་ཚ་རྫོང་རུ་མང་དགོན་དུ་སོང་ནས་སྡེ་དགོན་གཉིས་ཀར་ཆོས་ཁྲིད་ཅིག་གི་གཟུགས་བརྙན་བསྐྱངས་ཁུལ་བྱས་པས་བྲེལ་འཚུབ་ཧ་ཅང་ཆེ་སོང་། ཉིན་གུང་ངལ་གསོའི་སྐབས་དང་བསྟུན་ནས་སྐད་འཕྲིན་གྱི་སྒོ་འཁྱུག་ཙམ་ཕྱེས་པ་ན། སློབ་དཔོན་དམ་པ་བཛྲ་ཚུལ་ཁྲིམས་རྒྱ་མཚོས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་རྣམས་ལ་སྤྲིངས་པ་སྙིང་གཏམ་སྙིང་གི་རླབས་ཕྲེང་ཞེས་པའི་སྙན་རྩོམ་ཞིག་དང་། རྩོམ་དེ་འབྲི་འདུན་སྐྱེས་པའི་རྒྱུ་རྐྱེན་གྱི་གསལ་བཤད་ཐུང་ངུ་ཞིག་དང་བཅས་ཕྲན་ལ་བསྐུར་འདུག་མོད། ཕྱིར་འཕྲོད་ལན་ཙམ་ཕུལ་བ་ལས་ཞིབ་མཇལ་བྱེད་ཁོམ་མ་བྱུང་། ཉིན་དེའི་མཚན་གོང་ཡོལ་རྗེས་ཆེས་ལྷིང་འཇགས་ངང་ཞིབ་མཇལ་ཐེངས་གཅིག་བྱས།

འུད་བསྟོད་ཙམ་མིན་པར་མཁས་བཙུན་བཟང་གསུམ་དང་འཆད་རྩོད་གསུམ་ལ་དབང་འབྱོར་བའི་ངེས་དོན་གྱི་སྐྱེས་མཆོག་དམ་པ། མཚན་ལ་བཛྲ་ཚུལ་ཁྲིམས་རྒྱ་མཚོར་འབོད་ཅིང་དོན་དུའང་ཐུགས་གཤིས་བརྟན་ལ་འགྱུར་བ་མེད་པ། ཧོལ་རྒྱུགས་དང་ཨ་གསར་གཏན་ནས་མི་གནང་བར་རྡོ་རྗེའི་རང་བཞིན་ལྷུན་གྲུབ་དུ་རྫོགས་པ་ཁོང་། སྤྱི་ལོ་༡༩༩༥ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ངོ་ཤེས་ཤིང་ལོ་དེའི་དགུན་ཁར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་ལྷན་འཛོམས་བྱུང་སྟེ་མི་ལོ་ཉི་ཤུ་ལྷག་གི་རིང་མི་རིགས་སློབ་གསོའི་ལས་དོན་ལ་ལྷན་གཅིག་ཏུ་འབད། རིམ་གྱིས་ཁྱིམ་ཚང་གཅིག་གམ་གྲྭ་ཤག་གཅིག ཡང་ན་ཕུ་ནུ་སྤུན་མཆེད་ལྟ་བུའི་དུང་བ་ཆགས་ཤིང་། ཕན་ཚུན་ལ་ཀུ་རེ་རྩེད་མོ་དང་ཁ་ཤག་འཐབ་པ་སོགས་ཀྱང་ཆེས་རྒྱུན་ལྡན་ཞིག་ཏུ་གྱུར། སྤྱིར་བཏང་བའི་ཞལ་བརྡའི་ཁྲོད་ནས་ཀྱང་སྤྱིར་བཏང་མ་ཡིན་པའི་བློ་བསྐྱེད་སྟེར་ལ། མེ་ལྟར་འབར་བའི་ཤེས་རབ་དང་། མཁའ་ལྟར་ཡངས་པའི་མཁྱེན་རྒྱ། ལྷུན་པོ་བཞིན་བརྟན་པའི་ཐུགས་གཤིས་སོགས་ཀྱིས་ངའི་སྒོ་གསུམ་དབང་མེད་དུ་བཀུག་སྟེ། ང་ཚོ་ངོ་ཤེས་ནས་མི་ལོ་ལྔ་ཙམ་འགོར་རྗེས་ང་ཁོང་གི་མདུན་དུ་དཔེ་ཁྲིད་ལ་འགྲོ་འགོ་བརྩམས། མི་རིང་མི་ཐུང་བའི་མི་ལོ་ལྔ་དེ་བླ་མས་སློབ་མར་བརྟགས་པ་དང་སློབ་མས་བླ་མར་བརྟགས་པའི་དུས་ཞེས་བཤད་ཀྱང་ཆོག་པ་ལྟ་བུར་ཡོད།

ཁོང་གིས་སྔ་ཕྱིར་གྲུབ་མཐའ་རིན་ཆེན་ཕྲེང་བ་དང་། ལམ་རིམ་གླང་སྨྱོན་འདུལ་བའི་ལྕགས་ཀྱུ། རྟེན་འབྲེལ་བསྟོད་པ། སྤྱོད་འཇུག་ཆེན་མོ། ལམ་རིམ་བྱིན་རླབས་སྤུངས་ཞུས། རྟོགས་བརྗོད་འདུན་ལེགས་མ། བསྟན་པའི་སྒྲོན་མེའི་སྐྱབས་ཁྲིད། བསླབ་བྱ་སྙིང་གི་འོད་སྣང་། བྱང་ཆུབ་ལམ་རིམ་ཆེན་མོ་སོགས་རིན་ཆེན་གསེར་དང་མཚུངས་པའི་ལེགས་བཤད་ཀྱི་གཏེར་ཆེན་པོ་དག་ཕངས་མེད་དུ་བསྩལ་བས། སུམ་རྟགས་དང་སྙན་ངག་ཙམ་གྱིས་ཁེངས་ནས་ཡོད་པའི་བདག་བཙན་གྱིས་མི་གྲལ་དུ་བཞག བདག་ལ་བླ་མ་དང་སློབ་དཔོན་མང་བོ་མེད་མོད། ཐེག་ཆེན་དགེ་བའི་བཤེས་གཉེན་ཉུང་ཤས་བཞུགས་པ་ལས། ཁོང་དང་སྒང་བ་རྒྱ་ནག་མཁན་ཆེན་བསམ་གཏན་བསྟན་པའི་རྒྱལ་མཚན། ཨ་ཁུ་རིན་པོ་ཆེ་རྗེ་འཇིགས་མེད་རྒྱ་མཚོ་(ཀློག་སློབ་པ་ནས་ཚད་མེད་བཀའ་དྲིན་གྱིས་བསྐྱངས་པའི་དགེ་རྒན་ཏེ་རྔ་བ་སྒོ་མང་དགོན་གྱི་ཡིན།)གསུམ་ནི་བདག་གི་མི་ཚེ་དང་བསམ་བློར་བཟང་ཕྱོགས་ཀྱི་འགྱུར་བ་དང་ཤུགས་རྐྱེན་ཐེབས་མཁན་གཙོ་བོ་དག་ཡིན།

ཐེངས་འདིར་ཁོང་གིས་བདག་ཅག་ལྟོས་བཅས་དགེ་སློབ་རྣམས་ལ་བསྩལ་བའི་སྙིང་གཏམ་སྙིང་གི་རླབས་ཕྲེང་ནི། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གནས་བབས་དང་། སློབ་གསོ་བ་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གིས་གཙོས་དེར་བཞུགས་དགེ་རྒན་དང་ལས་བཟོ་བ་ཡོངས་ཀྱི་རང་གཤིས་དང་ཁྱད་ཡོན། ཕྱག་རྗེས། མ་འོངས་པར་ཕྱོགས་གང་དག་ལ་བརྩོན་ཅིང་ཤུགས་བསྐྱེད་དགོས་པ། གནས་གང་དག་ལ་གཟབ་ཅིང་བཤོལ་དགོས་པ་སོགས་ང་ཚོར་མཚོན་ན་གདམས་པ་རིན་ཆེན་བང་མཛོད་ཀྱི་སྒོ་འཕར་ཕྱེས་པ་ལྟ་བུ་ཞིག་རེད།

ལྷག་པར་དུ་ཕྲན་བུ་བདག་ལ་ཆེད་དུ། བཤད་ན་སྨྲ་ལྕེ་བདེ་བས་ཀུན་གྱིས་བསྟོད།།བྲིས་ན་སྙན་རྩོམ་ལེགས་པས་ཀུན་ཡིད་འགུག །ཅི་ཞིག་བྱུང་ཡང་དད་པ་མི་འགྱུར་བའི།།ལྡོང་རིགས་ཡོན་ཏན་རྒྱ་མཚོ་བདེ་ལགས་སམ།།དེང་སྐབས་ཁྱོད་ཀྱི་གྲགས་སྙན་ལྷ་ཡི་རྔ།།འཛམ་གླིང་དབྱིག་འཛིན་སྒེག་མོས་དབྱངས་སུ་གྱེར།།འོན་ཀྱང་ཡུན་རིང་བསྐྱངས་པའི་ཤེས་རིག་གླིང་།།ནམ་ཡང་མ་བརྗེད་རྒྱུན་རིང་བཞུགས་པ་བསྔགས།།ཁྱོད་ནི་བདག་ཡིད་མགུ་བའི་སློབ་མ་དང་།།དེ་ལས་ཀྱང་ནི་ཡུན་རིང་འདྲེས་པའི་གྲོགས།།ཉིད་ཕྱིར་ཁྱོད་ལུས་བདེ་བས་ཕོངས་པ་ཡང་།།བདག་གི་སེམས་ལ་ངེས་པར་ནད་དུ་ཆེ།།བུ་སློབ་མང་བོའི་དབུས་ན་བརྗིད་ཀྱང་རུང་།།ཆེ་ཆེ་མང་བོའི་དབུ་ཡིས་བཀུར་ཀྱང་ཆོག།བདག་གི་སེམས་ན་ད་དུང་སློབ་མ་དང་།།ཆོས་ཀྱི་གྲོགས་ཕྱིར་སྙིང་གཏམ་འཛེམས་མེད་ཡིན།།སྐབས་འགར་སྐྱོན་གྱིས་བཟུང་སྟེ་བསྡིགས་ཀྱང་སྲིད།།ལ་ལ་ཡོན་ཏན་བརྗོད་ནས་བསྟོད་ཀྱང་སྲིད།།གང་ལྟར་དུང་ཞེན་ཟབ་མོའི་ཀློང་རིམ་ནས།།འོངས་པས་ཐུགས་ལ་འགལ་བ་མེད་པར་མཛོད།།ཅེས་མང་ཙམ་བྲིས་འདུག

སྙན་རྩོམ་དེ་བཀླགས་འཕྲལ། བདག་གི་དོན་ལྔ་སྣོད་དྲུག་དང་ལུས་ངག་ཡིད་གསུམ། སྨྲ་བསམ་བརྗོད་མེད་ཀྱི་ཚོར་བ་ཞིག་གིས་ཡོངས་སུ་བསྡམས་སོང་། བདག་ནི་བཤད་ན་སྨྲ་ལྕེ་བདེ་བས་ཀུན་གྱིས་བསྟོད་པའི་ཡུལ་དུ་གྱུར་བའི་འཆད་ཁྲིད་པ་ཚད་ལྡན་ཞིག་དང་། བྲིས་ན་སྙན་རྩོམ་ལེགས་པས་ཀློག་མཁན་མང་བོའི་ཡིད་དབང་འགུག་འགྲོ་མཁན་ཞིག་ག་ལ་ཡིན་ཏེ་མ་ཡིན་མོད། སློབ་དཔོན་རིན་པོ་ཆེས་བདག་གི་མི་ཚེའི་དམིགས་འདུན་དང་དགའ་ཕྱོགས་ལ་རྟིང་སྐུལ་གནང་འདུག་པའི་ངེས་ཤེས་དང་། ཕྲན་ནི་ངོ་མ་ཅི་ཞིག་བྱུང་ཡང་དད་པ་མི་འགྱུར་བའི་རིགས་ཀྱི་བུ་ཞིག་ཡིན་ནམ་མིན་སྙམ་པའི་སོམ་ཉི། དཀའ་ཁག་གང་མང་ལ་འཕྲད་ཀྱང་མི་ལོ་ཉི་ཤུ་ལྷག་གི་རིང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཕྱི་ནང་གསང་གསུམ་པོ་ཅི་ནུས་ཀྱིས་བསྐྱངས་ཁུལ་བྱས་པར་གཅམ་བྲལ་གྱི་བསྔགས་བརྗོད་གནང་འདུག་པས་སྔར་ལས་ལྷག་པའི་སེམས་ཤུགས། ཁྱོད་ནི་བདག་ཡིད་མགུ་བའི་སློབ་མ་དང་དེ་ལས་ཀྱང་ནི་ཡུན་རིང་དུ་འདྲེས་ཤིང་ནང་སེམས་མཐུན་པའི་གྲོགས་པོ་ངོ་མ་ཡིན་པར་གསུངས་པས། ངའི་ལེགས་ཚོགས་ཀྱི་རྩ་བ་བརྟན་འདུག་པར་མ་ཟད་སྐྱིད་སྡུག་ཅི་བྱུང་ཡང་སེམས་ཕུགས་བཅོལ་ཆོག་ཆོག་གི་སྤྲོ་དགའ། ཁོང་ལ་ང་ལས་ལྷག་པའི་བུ་སློབ་ཁྲི་སྟོང་ཡོད་ཀྱང་ལོ་འདི་འགར་ངའི་ལུས་ཕུང་དེ་ཙམ་བདེ་རྒྱུ་མེད་པ་དེར་ཡང་ཐུགས་ཁུར་གནང་གིན་འདུག་པས་མིག་མཐར་མཆི་ཞགས་འཁྱིལ་བའི་སེམས་འགུལ། ཕྲན་ལའང་བུ་སློབ་དུ་བསྙད་ཆོག་པ་མང་ཙམ་བདོག་ཅིང་ཆེ་ཆེ་མཐོ་མཐོའི་རིགས་ཀྱི་གྲོགས་པོའང་གང་འཚམ་རེ་ཡོད་པར་མ་ཟད། རང་གི་ཤེས་འཇོན་ལས་བརྒལ་བའི་གྲགས་སྐམ་ཞིག་ཀྱང་གང་སར་མཆེད་ཀྱིན་པ་དངོས་ཡོད་གནས་ཚུལ་ཡིན་པས། ཁོམ་དྲགས་པའི་དྲ་འབུ་དང་། གཞན་སྐྱོན་ཁོ་ན་གླེང་སྟེ་མི་ཚེ་ཆུད་ཟོས་སུ་གཏོང་མཁན། འོལ་ཚོད་ཀྱིས་བཤད་ལ་དགའ་ཞིང་འབྲི་བར་སྤོབས་པའི་རིགས་ཤིག་གིས། ད་ནི་ལྡོང་ཡོན་ལ་མཚན་སྙན་རྒྱས་ཤིང་འཁོར་སློབ་མང་བས་སྔོན་གྱི་དགེ་རྒན་དག་ལ་གུས་བཀུར་དང་བརྩི་མཐོང་བྱེད་མི་སྲིད་པའམ་བྱེད་ཀྱིན་མི་འདུག་ཅེས་དོན་གྱིས་སྟོང་བའི་ལུང་བསྟན་ལྟ་བུ་ཞིག་གང་སར་སྤེལ་བའི་ཁ་ལ་ཁོང་གིས་ཐལ་བ་བཏབ་སྟེ། རྡོ་རྗེ་བཞག་སྟེ། སྨྲ་མེད་དུ་བཏང་སྟེ། བདག་གི་སེམས་ན་ད་དུང་ཁྱོད་ནི་སྔར་བཞིན་སློབ་མ་དང་ཆོས་ཀྱི་གྲོགས་པོ་ངོ་མ་དེ་ཡིན་ཕྱིར་སྔར་མུས་བཞིན་ལེགས་ཉེས་བླང་དོར་གྱི་སྙིང་གཏམ་འཛེམས་མེད་དུ་གདམས་རྒྱུ་ཡིན་པར་གསུངས་པས་དགའ་དད་སྤྲོ་གསུམ་གྱི་འཕེལ་བ། རང་སེམས་ཀྱི་དབང་དུ་གྱུར་ཅིང་སེམས་ཉོན་མོངས་པའི་གཞན་དབང་དུ་གྱུར་བར་མ་ཟད། འཇིག་རྟེན་ཆོས་བརྒྱད་ཀྱི་བྲན་གཡོག་ལྟ་བུར་གྱུར་བའི་སློབ་མའི་གྲལ་མཐའ་བ་བདག་ལ། བླ་མའི་མཆོག་ནི་མཚང་ལ་རྒོལ་བ་ཡིན་པས། སྐྱོན་ལ་སྐྱོན་གྱིས་བཟུང་སྟེ་བསྡིགས་དམོད་དང་བཀའ་བཀྱོན་གནང་ཡང་སྲིད་ལ། ཕྲག་དོག་དང་འགྲན་སེམས་ཀྱི་དབང་དུ་སོང་བ་ཁ་ཅིག་ལ། ཁྱེད་ཚོས་བྲིས་པའི་རི་མོ་དང་བཀས་བཅད་པའི་མི་གཞི་དེ་ལྟ་བུ་ཞིག་མ་ཡིན་པར་ཁོ་ལའང་ཡོན་ཏན་དང་བཟང་ཆ་འདི་དང་འདི་ལྟ་བུ་རེ་ཡོད་ཅེས་མངོན་སུམ་ལ་བསྙོན་མི་འདིང་བར་དྲང་བོའི་ངག་གིས་བསྟོད་ཀྱང་སྲིད་པར་གསུངས་པ་འདིས། རིག་པའི་གཞུང་ལུགས་རེའི་གོ་དོན་མཛུབ་ཁྲིད་གནང་བ་ཙམ་མིན་པར། འཕྲལ་ཕུགས་བདེ་སྡུག་དང་དར་རྒུད་གང་གི་སྐབས་སུའང་སློབ་དཔོན་དམ་པ་ཁྱོད། ང་དང་ང་ལྟ་བུའི་སློབ་མ་མོས་གུས་ཟབ་ལ་དམ་ཚིག་གཙང་མ་ཅན་དག་གི་མགོན་སྐྱབས་དང་དཔུང་གཉེན་དུ་གཡེལ་བ་མེད་པའི་ཡིད་ཆེས་ཟབ་མོ་ཞིག་ཡང་བསྐྱར་འཁྲུངས་སུ་བཅུག་སོང་བས། བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི་གསུངས་པ་བཞིན་དུ། སློབ་དཔོན་དམ་པ་ཁྱོད་དང་ཁྱོད་ལྟ་བུ་དག་དང་ཚེ་རབས་ཐམས་ཅད་དུ་འབྲལ་བ་མེད་ཅིང་། ཐུགས་བརྩེ་ཟབ་མོའི་ར་གུར་བརྟན་པོ་ལས་དུས་ནམ་ཡང་མི་འདོར་བའི་སྨོན་ལམ་ནན་ཏན་དུ་བཏབ་པ་ལགས་སོ།།

 

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།