ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

ས་ཆེན་གྱི་ནོར་བུ་འོད་འབར།

ལྡོང་ཡོན་ཏན་རྒྱ་མཚོ།

 

འདི་ནས་ཕར་ཕར་སོང་ན།

ལེ་བར་ཁྲི་སྟོང་གིས་ཆོད་པའི་ལྷོ་མཐའ་ཞིག་ཏུ།

དབུ་སྐྲ་དཀར་ཡང་གསུང་གདངས་མ་ཉམས་པ།

དགུང་ན་མཐོ་ཡང་རྒ་བས་མ་ནོན་པའི།

སངས་རྒྱས་མི་གཟུགས་སུ་བརྫུས་པ་ཞིག་ཡོད།

 

ཁོང་གི།

སླད་མ་འདྲེས་པའི་དགྱེས་འཛུམ།

ས་མཚམས་མེད་པའི་ཐུགས་དཀྱེལ།

ཚད་མཐོ་བའི་ལྟ་གྲུབ།

ཕྱོགས་སུ་མ་ལྷུང་བའི་བྱམས་བརྩེ།

གནའ་དེང་ཆོས་ཚན་གྱི་མཁྱེན་ཡོན།

སུ་དང་གང་གིས་གཞལ་ཡང་།

ནམ་མཁའི་མཐའ། ཉི་མའི་འོད།

རི་བོའི་དཔང་། རྒྱ་མཚོའི་ཟབ་ཚད།

མཚོན་དཔེ་དེ་དག་ཇི་བཞིན།

ཆེས་ཆེར་འཕགས་ཏེ།

ས་ཆེན་པོའི་རྒྱན་དུ་འབར་ཡོད།

 

ཆོས་ཀྱི་དེད་དཔོན།

སྲིད་ཀྱི་ཤིང་རྟ་བ།

སྒྱུ་རྩལ་བ། དམག་དོན་པ།

ཚན་རིག་པ། ཁེ་ལས་པ།

སུ་ཡིས་མཇལ་ཡང་།

གང་གིས་བགྲོ་ཡང་།

བློ་བསྐྱེད། ངེས་ཤེས།

ཐབས་ལམ། བདེ་སྐྱིད།

གང་ལ་གང་མཁོའི་དངོས་གྲུབ།

ཆད་མེད་དུ་འཇོ་ལ།

བླ་ལྷག་གིས་སྩོལ་བའི།

ས་ཆེན་གྱི་ནོར་བུ་འོད་འབར།

ཧི་མ་ལ་ཡའི་མུ་ཏིག་རྡོག་གཅིག

ཁྱོད་ཁོ་ན། སེམས་པའི་བཅུད་དུ་སྒོམ་ཡོད།

 

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།