ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ངོ་སྤྲོད།

༄༅།  ། དེང་རབས་བོད་ཀྱི་གྲྭ་བཙུན་སློབ་གསོ་བ་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ནི། 1974  ལོར་སི་ཁྲོན་རྔ་བར་སྐུ་འཁྲུངས། སློབ་ཆུང་མཐར་ཕྱིན་རྗེས་རབ་ཏུ་བྱུང་སྟེ་སྒོ་མང་དགོན་ཆེན་གྱི་ཚོགས་གྲལ་དུ་ཞུགས།  ལོ་བཅུ་ཕྲག་ལྷག་ལ་ཚོགས་དང་ཆོས་གྲྭར་ཆད་མེད་དུ་ཕེབས། གསང་བདེ་འཇིགས་གསུམ་སོགས་དགོན་པའི་ཚོགས་འདོན་དང་བཅའ་བཟོ། ཐིག་རྡུལ་ཚོན།  དབྱངས་བར་རྟ་སོགས་ཞིབ་རྒྱས་སུ་བསླབས་ཏེ་དགུང་ལོ་བཅུ་གསུམ་པར་གྲྭ་ཚང་རང་གི་རྒྱུགས་ཆེན་སྤྲད་རྗེས་རྗེ་བཙུན་དམུ་དགེ་བསམ་གཏན་ཚང་དང་། སྒང་བ་རྒྱ་ནག་མཁན་སྤྲུལ་བསམ་གཏན་བསྟན་པའི་རྒྱལ་མཚན་སོཊ་བཤེས་མཁས་པ་མང་དུ་བསྟེན་ནས་མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་གཞུང་ལུགས་དུ་མར་སློབ་གཉེར་གཤའ་མ་བྱས། དགེ་འདུན་པ་སྟོང་ཕྲག་གཉིས་ལ་ཉེ་བའི་དབུས་སུ་བྱང་ཆུབ་ལམ་རིམ་ཆེན་མོ་ཡོངས་རྫོགས་བློ་རྒྱུགས་སུ་ཕུལ་བས་ཨང་དང་བོའི་གསེར་གྱི་རྟགས་མ་ཐོབ། སྔགས་རིམ་ཆེན་མོའི་ཕྱེད་ཙམ་དང་གཞན་གཞུང་ཆེན་མང་བོ་ཐུགས་འཛིན་གནང་སྟེ་ཚོགས་རྒྱུགས་སུ་སྤྲད།

སྤྱི་ལོ་1993ལོ་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་རྩིས་རམས་པ་རྗེ་བསམ་འགྲུབ་རྒྱ་མཚོ་དང་རྩིས་རམས་པ་ཤེས་རབ་ཆོས་འཕེལ། སྨད་སོག་བཛྲ་རིན་པོ་ཆེ་རྗེ་བློ་བཟང་སྦྱིན་པ་ཚང་སོགས་ངེས་དོན་དྲན་དབང་དུ་མའི་སྤྱན་སྔར་སྒྲ་དང་ཚད་མ།  ནང་དོན་རིག་པ། རྩིས་དཀར་ནག་སོགས་ལ་སྦྱངས་ཤིང་། གུང་ཐང་བསྟན་པའི་དབང་ཕྱུག་དཔལ་བཟང་བོ་རིགས་ཀྱི་ཅོད་པན་ཏུ་བཀུར་ཏེ་དབང་ལུང་མན་ངག་གི་སྐོར་མང་དུ་གསན།

སྤྱི་ལོ་1995ལོ་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཆེན་མོའི་དགེ་རྒན་དུ་གདན་འདྲེན་ཞུས་པ་བཞིན་ཕེབས་ཏེ་ད་བར་དུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་མང་བོའི་དཔེ་ཁྲིད་ཆད་མེད་དུ་གནང་བས་ཀུན་སྤྱོད་ལེགས་ལ་ཤེས་རིག་གིས་ཕྱུག་པའི་བུ་སློབ་སྟོང་ཕྲག་ལྷག་བསྐྱེད་བསྲིངས་བྱས།  སློབ་གླིང་དེའི་སྲོག་དང་ཀ་བ་ལྟ་བུའི་རྐང་འཛིན་དགེ་རྒན་ཡིན་ལ་སློབ་གཙོ་གཞོན་པའི་འགན་ཡང་བཞེས་མྱོང་། ད་ལྟ་ཆེས་མཐོའི་བློ་འདྲི་ས་གཞོན་པ་ཡིན།  སློབ་གླིང་གི་དབྱར་དགུན་གྱི་ངལ་གསོའི་སྐབས་སུའང་ལྷོད་པོར་བཞུགས་ཁོམ་མེད་པར་ད་བར་དུ་དགོན་སྡེ་བརྒྱ་ཕྲག་ལ་ཉེ་བར་མདོ་སྔགས་རིག་གནས་དང་བཅས་པའི་དཔེ་ཁྲིད་གནང་ཡོད་ལ། གཅིག་སྒྲིལ་རྫོང་ཁང་སར་དགོན་དང་ཁྱུང་མཆུ་རྫོང་ཁང་དམར་དགོན་གཉིས་ལ་ལོ་ལྟར་ཆད་མེད་དུ་ཕེབས་ཏེ་དཔེ་ཁྲིད་གནང་བཞིན་ཡོད།

སྤྱི་ལོ་1995ལོ་ནས་ཁོང་དང་གྲྭ་བཙུན་སྙན་ངག་པ་ཨར་མའི་དགའ་བ་རྒྱ་མཚོ་སོགས་ཀྱིས་བོད་ཀྱི་སྒེར་གཉེར་དུས་དེབ་ཐོག་མའི་གྲས་གུར་ཀུམ་ཆུན་པོ་ཞེས་པའི་ལོ་དེབ་ཅིག་གསར་སྤེལ་གནང་སྟེ་རྩོམ་པ་བོ་རྒན་གཞོན་སྟོང་ཕྲག་གཉིས་ཙམ་གྱི་རྩོམ་ཡིག་ཆེད་བཀོད་དང་གསར་སྐྱེས་སྨྱུག་ཐོགས་པ་དུ་མ་བསྐྱེད་བསྲིངས་བྱས་པས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་བཞག

སྤྱི་ལོ་2004ལོར་རྔ་བ་ཁུལ་ནས་མཁས་དབང་དམུ་དགེ་རིན་པོ་ཆེའི་རྗེས་དྲན་དང་འབྲེལ་ཏེ་གུར་ཀུམ་ཆུན་པོའི་རྩོམ་རིག་བྱ་དགའི་ཚོགས་ཆེན་དུ་ཞིང་ཆེན་སོ་སོ་ནས་མི་སྣ་ལྔ་བརྒྱ་ཙམ་བསྡུས་ཏེ་བོད་ཀྱི་རྩོམ་རིག་བགྲོ་གླེང་་གི་ཐད་ཞབས་ཕྱི་དྲོན་མོ་ཞིག་བསྒྲུབས།  མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་དང་། བོད་ལྗོངས་སློབ་གྲྭ་ཆེན་མོ། ནུབ་ཕྱོགས་ཁ་ཎ་ཊ་རྒྱལ་ཁབ་ཀྱི་ཡའོ་ཁུར་སློབ་གྲྭ་ཆེན་མོ། ཁྲའོ་རུང་ཁྲའོ་སློབ་ཆེན་སོགས་རྒྱལ་ཕྱི་ནང་གི་སློབ་གྲྭ་ཆེས་མང་བོ་དང་། ཨ་མདོ་བརྙན་འཕྲིན་ཁང་དང་ཁམས་པ་བརྙན་འཕྲིན་ཁང་། མཚོ་སྔོན་རྒྱང་བསྒྲགས་ཁང་སོགས་ཀྱིས་གདན་འདྲེན་ཞུས་པ་བཞིན་ཉེ་བར་མཁོ་ཞིང་དུས་སུ་བབས་པའི་འཆད་ཁྲིད་ཡང་ཡང་གནང་བས་དགེ་སློབ་དང་ཉན་མཁན་ཁྲི་སྟོང་གི་དགའ་བསུ་ཚད་མེད་ཐོབ།

སྤྱི་ལོ་2007ལོར་ཕ་ཡུལ་རྔ་བ་ནས་གཟའ་འཁོར་གཉིས་ཙམ་ལ་དགེ་རྒན་གསོ་སྦྱོང་འཛིན་གྲྭ་ཞིག་བསྒྲུབས་པར་དགེ་སློབ་བཞི་བརྒྱ་ལྷག་འཆད་ཁྲིད་ལ་ཞུགས་པས་རྔ་བའི་སློབ་གསོར་ཕན་འབྲས་བླ་མེད་ཐོན་ཞེས་ཀུན་གྱིས་གླེང་བཞིན་ཡོད། ཁ་ཆར་བུ་ཡུག་དང་ལམ་གྱི་དཀའ་ཁག་ཕྱི་ནང་གི་གནོན་ཤུགས་སོགས་གང་ལའང་མི་འཛེམ་པར་ད་བར་དུ་སློབ་གྲྭ་དང་དགོན་སྡེ། རྫོང་དང་སྡེ་བ་སོགས་བརྒྱ་ཕྲག་གསུམ་ལ་ཉེ་བས་གདན་ཞུས་པ་ལྟར་དུས་ཐུང་འཆད་ཁྲིད་ལ་ཡང་ཡང་ཕེབས་པས་མིག་མཐོང་ལག་ཟིན་གྱི་ཕན་བསྐྱེད་ཐོབ་ཅེས་སྤྱི་ཚོགས་ཁྲོད་ན་གླེང་། སྤྱི་སྒེར་མང་བོས་མ་བསྐུལ་དང་བླང་སྒོས་གསུང་གི་བསླབ་བྱ་དང་ཆོས་ཁྲིད་སྣ་ཚོགས་བརྙན་གཟུགས་དང་སྒྲ་རྐྱང་ཅི་རིགས་ཀྱི་ལམ་ནས་དཔར་བསྐྲུན་འགྲེམ་སྤེལ་ཐེངས་མང་བྱས་པས། གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་དང་། སློབ་གྲ་ཆེ་འབྲིང་ཆུང་གསུམ། གྲོང་ཁྱེར་དང་གྲོང་བརྡལ། རུ་སྡེ་དང་ཁྱིམ་ཚང་སོ་སོར་ཁོང་གི་གསུང་གི་འོད་ཟེར་དཀར་བོས་ཁྱབ་ཡོད་ལ། དུས་རབས་གཅིག་གི་ནང་གྲྭ་བཙུན་དཀྱུས་མའི་ཁྲོད་ཁོང་ལས་ལྷག་པའི་ཤུགས་རྐྱེན་ཆེ་བ་ཞིག་ཕལ་ཆེར་བྱུང་མ་མྱོང་བ་ལྟ་བུའི་ཚད་དུ་སླེབས་པས། བོད་པ་ཚོས་མགྲིན་དབྱངས་གཅིག་གྱུར་ལྟ་བུས་ཕན་འབྲས་མངོན་གསལ་ཆེ་བའི་སློབ་གསོ་བ་དང་ཆོས་ཁྲིད་པ་ཞེས་བསྔགས་བརྗོད་བྱེད་ཀྱིན་ཡོད།

བརྩམས་ཆོས་ཀྱི་སྐོར་ལ་སྙན་རྩོམ་ལེགས་བཏུས་དུས་རབས་ཉེར་གཅིག་པའི་སྙིང་གཏམ་དང་།རྔ་ཡུལ་སྒོ་མང་དགོན་གྱི་གདན་རབས་ཆེན་མོ། ཤིང་བཟའ་པཎ་ཆེན་གྱི་རྟོགས་བརྗོད། མཛོད་དགེ་གླིང་བ་དགོན་པའི་ལོ་རྒྱུས་རྒྱས་པ། ལྷ་ལས་ཕུལ་བྱུང་གི་བསྟོད་པའི་འགྲེལ་བ།  སུམ་རྟགས་དག་གསུམ་གྱི་ཁྲིད་ཐབས་དང་ཁྱད་ཆོས་ལས་འཕྲོས་ཏེ་བོད་ཀྱི་སྤྱི་སྐད་གླེང་བ། ལྷུག་རྩོམ་སྐད་ཆའི་ལང་ཚོ། བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས་ཀྱི་ཟུར་འདེབས་སྟོང་ཐུན་ངག་གི་ལྡེ་མིག  སྙན་འགྲེལ་ཡང་གསལ་སྣང་མཛོད་ཀྱི་ཟུར་རྒྱན་ངག་རིག་སྒྱུ་འཕྲུལ་འགུགས་པའི་ལྕགས་ཀྱུ། བཅོས་མིན་སེམས་ཀྱི་འཕར་སྒྲ། ཤར་འོད་དགོན་གྱི་གདན་རབས།བོད་ཆེན་པོའི་རྒྱལ་རབས་དེབ་ཐེར་དཀར་བོའི་མཆན་འགྲེལ་དཔྱོད་ལྡན་སྨྲ་བའི་འབབ་སྟེགས། བོད་ཀྱི་སྐར་རྩིས་རིག་པའི་བྱུང་འཕེལ། སྐར་རྩིས་ཀུན་འདུས་ནོར་བུའི་སྔོན་འགྲོའི་འགྲེལ་བ།  ནག་རྩིས་ལས་སྔོན་འགྲོའི་སྐོར་གསལ་བར་བཤད་པ།ཡང་དག་པའི་སློབ་གསོ། སྡོམ་ཚིག་གཅེས་བཏུས་བློ་མིག  འཆད་ཁྲིད་ཟིན་བྲིས་བྱམས་བརྩེ་དང་ལག་ལེན། སྙན་རྩོམ་མུ་ཏིག་སུམ་བརྒྱ་བ། དགོན་སྡེའི་སློབ་གསོའི་དྲིས་ལན།  རྟོགས་བརྗོད་མི་ཕམ་རྣམ་པར་རྒྱལ་བའི་རོལ་མོ། ས་སྐྱའི་ལེགས་བཤད་ཀྱི་ཚིག་དོན་གོ་བདེར་བཤད་པ་མི་ཆོས་རིག་པའི་མེ་ལོང་སོགས་པོད་ཉི་ཤུར་ཉེ་བ་ཞིག་དཔར་བསྐྲུན་བྱས་ཟིན་ཅིང་། པོད་བཅུ་ཕྲག་ལྷག་ད་དུང་དཔར་བསྐྲུན་བྱེད་རྒྱུར་ལྷག་ཡོད།  གཞན་དཔྱད་རྩོམ་དང་སྙན་རྩོམ།  ལྷུག་རྩོམ། འཁྲབ་གཞུང་། སྤྱི་ཚོགས་གླེང་བརྗོད་སོགས་རྩོམ་ཡིག་སྟོང་ཕྲག་ལྷག་ཅིག་བྲིས་པ་ལས་འགའ་རེ་ཡིག་རིགས་གཞན་དུའང་བསྒྱུར་ཡོད། རྒྱལ་ཡོངས་ཐེངས་གཉིས་པའི་གངས་རྒྱན་རྟགས་མའི་རྩོམ་ཡིག་གསར་རྩོམ་གྱི་གསེར་གྱི་རྟགས་མ་སོགས་གསར་རྩོམ་སྐོར་གྱི་བྱ་དགའ་མང་བོ་དང་། ཕུལ་བྱུང་དགེ་རྒན། ཕུལ་བྱུང་སློབ་གསོ་བ་སོགས་ཞིང་ཆེན་དང་ཁུལ་རིམ་པའི་བྱ་དགའ་ཆེ་ཆུང་ཤིན་ཏུ་མང་བོ་ཐོབ་མྱོང་།  ད་ལྟའང་སྔར་བཞིན་དགོན་སྡེ་མང་བོར་ཆོས་ཁྲིད་དང་བོད་ཀྱི་ས་ཁུལ་མང་བོར་སློབ་གསོ། མི་རིགས་སློབ་གསོའི་བྱ་བཞག་དང་རྩོམ་རིག་འཕེལ་རྒྱས་སོགས་ཀྱི་ཆེད་དུ་ཐུགས་བྲེལ་ཤིན་ཏུ་ཆེ་ནའང་ཀློག་པ་བོ་དག་གི་སེམས་ཀྱི་གསོས་སྨན་དུ་གྱུར་བའི་རྩོམ་ཡིག་སྣ་ཚོགས་ཆད་མེད་དུ་སྤེལ་བཞིན་ཡོད་དོ། །

 

 

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།