ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

ལྡོང་གསུང་ཆོས་རྩོམ་སྒྲིག་ཁང་གི་གསར་འགྱུར།

དེ་རིང་སྟེ་སྤྱི་ལོ་༢༠༢༠ལོའི་ཟླ་༡༢པའི་ཚེས་༢༠ཉིན་རྭ་རྒྱ་རུ་སློབ་དཔོན་དམ་པ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་དབུ་བཞུགས་ཀྱིས་ཁོང་གི་བཞུགས་ཤག་ཏུ་ལྡོང་གསུང་ཆོས་རྩོམ་སྒྲིག་ཁང་གི་གཙོ་འགན་པ་ས་སྒང་འཇམ་དབྱངས་མཁྱེན་རབ་སོགས་རྩོམ་སྒྲིག་པ་རྣམས་ལྷན་གཅིག་ཏུ་འཛོམས་ཏེ་ལོ་གཅིག་གི་བྱ་བའི་སྤྱི་སྡོམ་ཚོགས་འདུ་འཚོགས་ཤིང་། ཚོགས་ཐོག་ཏུ་ཁོང་གིས་ད་ལོ་གསར་རྩོམ་མཛད་པའི་༼ རྔ་ཡུལ་སྒོ་མང་དགོན་གྱི་གདན་རབས་ཆེན་མོ་༽ དང་། རྩོམ་སྒྲིག་པ་འབའ་ཡུལ་པདྨ་རྒྱལ་དང་འཕྲིན་ལས་ཉི་མ་གཉིས་ཀྱིས་དེ་སྔོན་དཔེ་དེབ་སོ་སོའི་སྟེང་བཀོད་ཟིན་པའི་སློབ་དཔོན་ཁོང་གི་སྙན་རྩོམ་རྐྱང་རྐྱང་པོད་གསུམ་ཕྱོགས་བསྒྲིགས་བྱས་པའི་མ་ཕྱི། ད་དུང་གསུང་རྩོམ་སྤྱིའི་རྒྱབ་ཤོག་གི་ཇུས་འགོད་མ་དཔེ་བཅས་ཡིག་ཚགས་སུ་ཉར་ཅིང་། མཐར་རྩོམ་སྒྲིག་པ་པདྨ་རྒྱལ་གྱིས་ལོ་གཅིག་གི་བྱ་བའི་སྤྱི་བསྡོམས་ཁྲོད་རྩོམ་སྒྲིག་ཐད་ནུས་པ་གང་ཡོད་བཏོན་པ་ལ་ཆེད་དུ་གཟེངས་བསྟོད་བྱ་དགའ་གནང་སྟེ་ཚོགས་འདུ་ལེགས་པར་གྲོལ།