ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

ལུང་རྟོགས་བསྟན་པའི་བ་དན།

རྔ་ཡུལ་སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་ལ་བསྟོད་པ།

གླིང་བདུན་རྒྱ་ཕིབས་གྲུ་འཛིན་ཞིང་ཁམས་འཕུར་ལྡན་ཅང་ཤེས་རྒོད་པོའ་ིཆོལ་ཁར་སྲིད་འབྱོར་རིག་པའི་འཕེལ་ཁ་རྫོགས་པའི་གྲགས་དཀར་གྱིས། །
འཇིག་རྟེན་གསུམ་པོར་མུ་ཁྱུད་བྲིས་པས་ཛམ་ལྷ་སྲེད་པའི་ཏིང་འཛིན་བསྟེན་གནས་འབྲུ་དྲུག་སྙེ་མའི་གང་བུ་མཐོ་བའི་རྔ་ལྗོངས་སུ། །
རབ་འབྱམས་རྒྱལ་བའི་གསང་གསུམ་འཕྲུལ་སྐྱེས་འཇིགས་མེད་རིག་པའི་དབང་བོ་གཅིག་གིས་མདོ་རྒྱུད་རྒྱ་མཚོའི་ཀླུང་ཡངས་བསྐྱིལ་བའི་ཟློས་གར་གྱིས། །
བསླབ་གསུམ་རིམ་གཉིས་འདབ་སྟོང་འཛུམ་པ་འཕགས་ཚོགས་བྱུ་རུའི་གདེངས་ཀ་དཀྲུགས་པས་བཀྲ་ཤིས་སྒོ་མང་ཐུབ་བསྟན་རྒྱས་པའི་དཔྱིད་དུ་སྨིན། །

མ་རྒད་ལྗང་ལོ་ཐགས་སུ་བཀྲ་བའི་ཚང་ཚིང་ནགས་ཀྱི་གུར་ཁང་སྣུམ་པོར་གཞོམ་བྲལ་མཁྱེན་དཔྱོད་ཕ་ལམ་རྡོ་རྗེའི་འོད་རྣོན་གྱིས། །
གཞུང་ལུགས་སྟོང་གི་ཟབ་གསང་གནད་ཀྱི་རྟོགས་དཀའི་སྦྲུལ་མདུད་ཐོལ་གྱིས་གྲོལ་ཞིང་དཔྱད་གསུམ་དག་པས་གསེར་མདོག་ཅོད་པན་འཆང་བའི་ལུགས། །
ལུང་རིགས་ཉི་ཟླའི་དཔལ་ལ་དྲངས་ཏེ་དབྱིག་འཛིན་སྒེག་མོའི་དཀྱིལ་འཁོར་བཟུང་བས་མཐའ་ཀླས་གྲུབ་མཐའི་རྒྱུ་སྐར་ཕྲ་མོར་བག་ཡོད་བྱིན། །
རྨད་བྱུང་ཐུབ་པའི་དགོངས་འགྲེལ་མཐའ་དག་ཐོས་དང་བསམ་པས་རྒྱུད་ལ་རབ་སྦྱོར་དགེ་ལེགས་སྐུ་བཞིའི་གླིང་གར་དབང་བའི་པཎ་གྲུབ་མང་། །

མཐའ་དྲུག་ཚུལ་བཞིའི་རྒྱ་ཡིས་བཏབ་པ་བདེ་གསང་འཇིགས་སོགས་བླ་མེད་རྒྱུད་སྡེའི་རིམ་གཉིས་ནོར་བུའི་གདེངསཀ་མཐོན་པོར་འཛེཊ་ཕྱིར་དུ། །
གར་ཐིག་དབྱངས་རྟ་ཕྱག་རྒྱ་འཆང་བཅས་རྒྱུད་སྟོད་ཕྱག་བརྒྱུད་ཉམས་པ་མེད་ཅིང་དབང་བཞིའི་དམ་ཚིག་གུར་ཁང་ལ་གནས་སྣང་ཞེན་གྲོལ། །
ཏིང་འཛིན་ལྷ་ཡི་རྣལའབྱོར་བསྐྱངས་པས་སྐུ་གསུམ་ལམ་གྱི་རང་འོད་མཐོང་ཞིང་བདེ་ཆེན་དྲོད་ཁོལ་བརྩེགས་མར་ལྡིང་བའི་རྩེ་དགའ་ངོམ། །
བསྟན་པའི་ཡང་སྙིང་རྡོ་རྗེའི་ཐེག་མཆོག་གསང་སྔགས་གསེར་གྱི་ཐེམ་སྐས་བརྟེན་པའི་དགའ་ལྡན་བསླབ་གསུམ་ཟུང་འཇུག་བདེ་ཆེན་གླིང་མཆོག་རྒྱལ། །

མདོ་རྒྱུད་འགལ་མེད་གྲོགས་སུ་ངེས་རྙེད་བཤད་སྒྲུབ་སྤོས་དཀར་ནགས་ཀློང་ཆེར་དཀྲིགས་ཕྱིན་དྲུག་བསྡུ་བཞིའི་བསུང་ཞིམ་འཛིན་པའི་སྡེ་ཆེན་འདིར་། །
སྒྲ་ཚད་རིག་པའི་སྟག་སེང་ཁ་སྤྲོད་བཟོ་གསོ་སྒེག་ལྡེམ་འཁྲི་ཤིང་དར་མས་སྐལ་ལྡན་ཆགས་པའི་ཏིང་འཛིན་བརྟན་པོ་ལྷོད་ཀྱིས་འདྲེན། །
ནང་རིག་འཇམ་མཉེན་འབོལ་བའི་གདན་སྟེང་ངེས་ལེགས་བདེ་དགའི་རྨི་ལམ་ལ་རོལ་ཐུན་མོང་གནས་ལྔ་གླིང་བུའི་དབྱངས་སྙན་ཐོས་དཔྱིད། །
དུས་རབས་གསར་བའི་འོད་དཀར་ཀློང་ན་སྡེབཞིའི་ལང་ཚོ་གཞན་ལས་དར་དྲགས་གཏན་བདེའི་ཕྱྭ་གཡང་དགུ་འཁྱིལ་འབོད་བཞིན་ལྷམ་མེར་ཆགས། །