ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

ལབ་ཙེ་དང་དར་ལྕོག

༡ ལབ་ཙེ་ལ་ལ་རྩེ་དང་ལ་བཙས།  ལབ་རྩེ།  ལ་རྫི་སོགས་འབྲི་ཚུལ་དུ་མ་ཞིག་ཡོད།  དེ་ཡང་རྫ་རི་དང་བྲག་རི། གངས་རི་དང་སྤང་རི་རྣམས་ཀྱི་རྩེ་མོར་ལབ་ཙེ་བརྩིགས་པ་ནི་བོད་ཀྱི་ས་ཁོངས་མཚོན་བྱེད་མཆོག་ཏུ་གྱུར་བ་དང་མི་རིགས་གཞན་ལ་མེད་པའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡིནཡང་ཕྱིས་སུ་སོག་པོ་སོགས་འགའ་རེར་ཡང་ནང་ཆོས་དང་ལྷན་ཅིག་ལུགས་དེ་དར།  གནས་གང་དུ་ལབ་ཙེ་ཞིག་ཡོད་ན་དེའི་ཉེ་འཁོར་དུ་བོད་ཀྱི་རུ་སྡེ་རེ་ཡོད་ཅིང་ས་དེ་ནི་བོད་ཀྱི་དབང་རིས་སུགཏོགས་པ་མཚོན་ཏེ།  དེང་གི་ཆར་ཡང་ཡུལ་ཁ་ཅིག་ཏུ་སྔོན་གྱི་ས་མཚམས་ཆུ་མཚམས་དེ་ལབ་ཙེ་ཚད་མར་བཟུང་ནས་འབྱེད་མཁན་

ཡོད་པས་ཀྱང་དཔོག་ཐུབ།  དེའི་ཕྱིར་ལབ་ཙེ་འདི་དེབ་དཀར་དུ་གསུངས་པ་ལྟར་འབངས་རྣམས་ཀྱིས་བལ་བཟའ་ཁྲི་བཙུན་གྱི་ཕོ་བྲང་ལ་དཔེ་བླངས་པ་ཁོ་ནཞིག་ཡིན་ཚོད་མི་འདུག་སྟེ།   ཐོག་མའི་རྣམ་པ་ནི་ས་ཐོའམ་ས་འབུར་རེ་བསླངས་པ་ཡིན་ཚུལ་གྱིབཤད་པ་གཞན་དང་གཞན་ན་མང་ལ་དོན་ལའང་གནས་པར་སེམས།

དེ་ཡང་སྔོན་ཁྱིམ་ཚང་སོ་སོས་རྒྱུ་ནོར་འཇོག་ས་དེར་བདག་པོ་ཡོད་པའི་རྟགས་སུ་ས་ཐོ་རེབསླངས་ཤིང་གཞན་གྱིས་དེ་མཐོང་ཚེ་བཤོལ་ནས་འགྲོ་བར་མ་ཟད།  ཕྱག་རྒྱས་མཚན་པའི་དངོས་པོར་རང་འདོད་ཀྱིས་ལོངས་སྤྱད་ན་བཀྲ་མི་ཤིས་པ་དང་གྱོད་ཀྱི་སྣ་འདྲེན་དུ་བརྩི།  རྗེས་སུ་དམག་འཁྲུག་དང་ས་རྩོད་སོགས་ཆེས་ཆེར་དར་ཚེ་ས་ཐོའི་བརྡ་རྟགས་དེ་ཡང་མདའ་མདུང་རལ་གྲི་སོགས་ཕྱུར་བུར་སྤུངས་ཏེ་ལབ་ཙེའི་རྣམ་པར་གྱུར་ལ།  དེས་ནི་ལབ་ཙེ་བརྩིགས་མཁན་ཡོངས་ཀྱི་ཕུགསབསམ་གཅིག་ཅིང་མཐུན་སྒྲིལ་ཡོད་པ།  ཞི་བདེ་ལ་དགའ་བ་མཚོན་པར་མ་ཟད་སྔར་བཞིན་བདག་དབང་ས་ཁོངས་ཀྱང་མཚོན་གྱིན་ཡོད།  བོན་ཆོས་དང་ནང་ཆོས་སོགས་སྔ་ཕྱིར་བོད་ལ་དར་བདང་ཆབས་གཅིག་ལབ་ཙེ་དེ་ཡུལ་ལྷ་གཞི་བདག་གི་ཕོ་བྲང་ངམ་རྟེན་མཁར་དུ་བསྒྱུར།  མཁས་པལ་ལས་ལབ་ཙེ་ཞེས་པ་ཞང་ཞུང་གི་སྐད་དེ་སྣོད་ཀྱི་དོན་ལ་འཇུག་པས་མཁར་སྣོད་དམ་རྟེན་གཞིར་གོ་དགོས་པར་ཡང་བཤད།    ལབ་ཙེ་ལ་གསས་མཁར་ཡང་ཟེར་ཏེ་གསས་ནི་ལྷའི་མིང་ཡིན་པས་ལྷ་ཁང་དང་དོན་གཅིག་གོ།།

ལབ་ཙེ་ལ་དབྱེ་ན།  ཀྱེ་ཏུ་དང་།  ལབ་ཙེ།  དཔའ་མཁར་བཅས་རིགས་གསུམ་ཡོད་ཅིང་།  རི་མགོ་ནས་བརྩིགས་ན་ཀྱེ་ཏུ་དང་།  རི་སྐེད་ནས་བརྩིགས་ན་ལབ་ཙེ།   མདོ་ནས་བརྩིགས་ན་དཔའ་མཁར་ཟེར།  ཡང་ན།  ཞྭ་དམར་བ་དགེ་འདུན་བསྟན་འཛིན་རྒྱ་མཚོས། བཙན་པོའི་ལབ་ཙེ་རི་ཡི་རྩེ་མོ་དང་།།  འཕན་པོའི་ལབ་ཙེ་རི་ཡི་ཁེལ་ཁ་སྟེ།།  ཕྱུག་པོའི་ལབ་ཙེ་རི་ཤོལ་ཀློང་དུ་བརྩིགས།།    ཡུལ་མིའི་བཙན་ཕྱུག་འཕན་གསུམ་བར་དུ་བྱས།།  ཞེས་གསུངས།  ལབ་ཙེ་བསྟོད་པ་ནི་ཡུལ་ལྷ་གཞི་བདག་ལ་མཆོད་འབུལ་བྱེད་པའི་འཇིག་རྟེན་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་སྟེ།  དགྲ་འདུལགཉེན་སྐྱོང་སོགས་ལ་སྡོངས་གྲོགས་བྱེད་པའི་ཆེད་ཡིན་པར་མ་ཟད།  ཐུན་མོང་གི་ལས་དབང་དང་རང་རྐྱ་བའི་ཁེ་དབང་ཞིག་ཀྱང་མཚོན་གྱིན་ཡོད་པར་སྙམ།   ལབ་ཙེ་བསྟོད་སྲོལ་འདི་ཆེས་འཕྱིནའང་མགར་སྟོང་བཙན་སྐབས་ནས་ཡོད་པ་རྒྱལ་རབས་གསལ་མེ་སོགས་སུ་གསལ་བ་ལྟར་ཡིན་ལ།   མཐུ་ཆེ་བ་ལ་མཚོན་ཆ་འབུལ་བའི་སྲོལ་ནི་གཉའ་ཁྲི་བཙན་པོའི་དུས་ནས་ཡོད་པར་བཤད།   ལབ་ཙེའི་མདའ་ཤིང་གི་རྒྱུ་ནི་གསོམ་དཀར་དང་ཤུག་པ་གཙོ་ཆེ་ཞིང་།   འབྲོང་མགོའི་ལབ་ཙེ་དང་།  ཤྭ་རྭའི་ལབ་ཙེ།  སྤེན་མའི་ལབ་ཙེ་སོགས་ཀྱང་ཡོད་དོ།།   རྒྱས་པར་གྲུབ་མཐའ་སོ་སོའི་སྔོན་བྱོནམཁས་པས་མཛད་པའི་ལབ་ཙེའི་བསྟོད་ཆོག་སོགས་ལས་ཤེས་པར་བྱའོ།།

༢ བོད་ཀྱི་ཁྱིམ་ཚང་སོ་སོའི་ཁང་བའི་ཐོག་ཀར་འཛུགས་རྒྱུའི་ཟུར་ལྕོག་གམ་དར་ལྕོག་ནི་དེབ་དཀར་རང་གཞུང་དུ་གསུངས་པ་ལྟར་ཐོག་མར་ཁྱིམ་ཚང་རེ་རེའི་སྒོ་སྟེང་དུ་དར་མདུང་རེ་སློང་སྲོལ་བྱུང་བས་སྒོ་དར་ཡང་ཟེར་ཞིང་།  དེ་ནི་ཐོག་མར་དམག་གི་མཚོན་རྟགས་ཞིག་ཡིན་འདུག་ལ།  ནང་ཆོས་བོད་ལ་དར་བ་ནས་ཆོས་ཀྱི་ལས་སུ་སོང་བར་མ་ཟད་རིགས་དང་མཚོནརྟགས་ཀྱང་སྣ་ཚོགས་བྱུང་།  སྲིད་དོན་རྒྱལ་རབས་ལས།  དར་ལྕོག་འཛུགས་པ་ནི་རླུང་རྟ་དར་བ་དང་།  བསྟན་པ་དར་བའི་དར་ཅོག་ཅེས་བོདམིའི་ཐུན་མོང་མ་ཡིན་པའི་རྟགས་མཚན་ཞིགཡིན་པས།  ཁང་བའི་ཡང་ཐོག་དང་།  རི་མཐོན་པོ།  ལ་རྩེ།  བྲག་གཡང་གཟར་བོ།  ཤིང་མཐོནཔོ་སོགས་ལ་འཛུགས་ཤིང་།  ལྷག་པར་རྟེན་འབྲེལ་ཆེན་པོ་བྱེད་པའི་ཁམས་མཐུན་གྱི་དར་ལྕོགའཛུགས་པ་དང་།  དར་གྱི་ལྡ་ལྡི་འཐེན་པ།  བཀྲ་ཤིས་ཁྲ་འབྲེལ་འཕྱང་བ།  སྒོ་འགྲམ་དུ་དར་ཆེནའཛུགས་པ་སོགས་བྱེད།  ཅེས་གསུངས།

དེ་ཡང་སངས་རྒྱས་བྱང་སེམས་རྣམས་ཀྱི་སྐུ་རྟེན་དུ་ཐང་ག་འབྲི་བ་དང་འབུར་བརྐོས་ཀྱིས་བཞེངས་པ།  ལུགས་སུ་བླུག་པ།  གསེར་དངུལ་ཟངས་ལྕགས་དང་ས་ཤིང་རྡོ་སོགས་ཅི་རིགས་ཀྱིས་འབག་སྐུར་བཞེངས་པ་སོགས་བྱས་ཤིང་།  ཐུགས་རྟེན་དུ་མཆོད་རྟེན་ཆ་བརྒྱད་སོགས་བཞེངས།  གསུང་རྟེན་དུ་གསུང་རབ་དང་གཟུངས་སྔགས་སོགས་བྲིས་ཤིང་དཔར་བར་མ་ཟད།  ཟ་འོག་དང་གོས་ཆེན།  རས་འཕྲུག་དར་གསུམ་སོགས་ཀྱི་སྟེང་དུ།   གསེར་དངུལ་དང་ཚལ་དམར།  སྣག་ཚསོགས་ཀྱི་ནང་དུ་རིན་ཆེན་སྣ་ལྔ་སྨན་དང་དྲི་བཟང་སོགས་བསྲེས་ནས་དཔར་ཏེ།  སྒོའི་དར་ཤིངདང་ཁང་ཐོག་གི་དར་ལྕོག  ཆུ་བོའི་འགྲམ་དང་དུ་བ་ཆེན་པོའི་ཁ།  རི་ཆེན་གྱི་རྩེ་དང་རླུང་ཆེནཔོའི་ཁ་སོགས་ལ་བཙུགས་སོ།།

དར་ལྕེ་ཡང་ཡོན་བདག་གི་རླུང་རྟ་སོགས་ཀྱི་ཁམས་ལ་བརྟགས་ཏེ་ཁ་དོག་དམར་སེར་ལྗངསྔོན་སོགས་གང་འོས་འདོགས་པ་དང་། སྡིག་པ་བཤགས་པ་དང་ཚེ་བསོད་འཕེལ་བ།  བར་ཆད་བཟློག་པ་སོགས་གང་གི་ཆེད་དུ་དམིགས་པ་ཡིན་ན་དེ་དང་དེའི་ལུགས་ཀྱི་འབྲི་གཞི་དང་།  དརཤིང་།  དར་ལྕེ་བཅས་ལ་ཁྱད་པར་ཆེན་པོ་ཡོད།  དར་ལྕོག་གམ་ཇོ་དར་འདི་ནི་རི་བོའི་ངོས་སམ་རྩེ།  ཆུ་བོའི་འགྲམ།  རླུང་ནང་།  ཡུལ་དགོན་ཀྱི་ཕྱོགས་སོགས་སུ་བཙུགས་ན།   བསེར་བུ་དང་གྲིབ་མ་ཕོག་པ།  ཆུ་སྒྲ་ཐོས་པ།   གང་དེར་འདུག་པ་དང་འགྲིམ་པའི་སེམས་ཅན་ཡོད་དོ་ཅོག་གི་གནསསྐབས་ཀྱི་བར་ཆད་སེལ་ཞིང་ནད་གདོན་ཞི་བ།   མཐར་ཐུག་བདེ་བ་ཅན་དུ་སྐྱེ་བ་སོགས་ཁུངསབཙུན་གཞུང་ན་གསལ་ཞིང་ཚད་ཐུབ་མཁས་པས་གསུངས་སོ།།

 

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།