ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

རྔ་ལྗོངས་ཁོར་ཡུག་མྱུར་སྐྱོབ་ཚོགས་པ་བཙུགས་ནས་ལོ་འཁོར་གསུམ་ལོན་པའི་སློབ་གསོའི་འདུ་ཚོགས།

སྤྱི་ལོ་༢༠༡༨ལོའི་ཟླ་༢ བོའི་ཚེས་༧་ཉིན་རྔ་ལྗོངས་ཁོར་ཡུག་མྱུར་སྐྱོབ་ཚོགས་པ་བཙུགས་ནས་ལོ་འཁོར་གསུམ་ལོན་པའི་སློབ་གསོའི་འདུ་ཚོགས་སྟེང་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་དང་། གཉན་པོ་གཡུ་རྩེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་ཚོགས་གཙོ་གཞོན་པ་གངས་ཉིའམ་ཀུན་དགའ་ཚངས་དབྱངས་རྣམ་པ་གཉིས་ཆེད་དུ་གདན་དྲངས་པ་ལྟར་ཕེབས་པ་ན། ཚོགས་མི་ཡོངས་ཀྱིས་ལྷ་དར་གཙང་མས་མདུན་བསུས་ནས་རྒྱ་སྟོད་གཡང་ཁྱིམ་སྟོང་གི་འབྲུག་སྒྲའི་ཚོམས་ཆེན་ནང་དུ་ཁོར་སྲུང་མི་སྣ་དག་གིས་གཙོས་མི་དམངས་སྟོང་ཕྲག་ཁ་ཤས་གདན་འཛོམས་ཏེ་ཚོགས་འདུ་གཟབ་རྒྱས་ངང་འཚོགས། ཚོགས་གཙོ་ལྡོང་བློ་བཟང་སྦྱིན་པས་འགོ་འཛིན་དང་ཚོགས་གཙོ་གཞོན་པ་སྐལ་བཟང་གིས་མཇུག་བསྡུའི་གཏམ་བཤད་བྱས། ཆེད་ཞུས་མཁས་དབང་རྣམ་གཉིས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱུང་འཕེལ་དང་། དགོས་ཕན། ཇི་ལྟར་སྲུང་སྐྱོབ་བྱེད་དགོས་པ། གད་སྙིགས་གཙང་སེལ་བྱེད་ཐབས། གད་སྙིགས་རང་དགར་མི་འདོར་བའི་ངེས་ཤེས་དང་ལག་ལེན་རང་ཉིད་ནས་འགོ་བརྩམས་ཤིང་གཞན་ལ་བརྒྱུད་སྒྲོག་བྱེད་པ་གལ་ཆེ་ཚུལ། བདེ་ཐང་སྐོར་གྱི་རྒྱུན་ཤེས། རྒྱ་ནང་ནས་སྐྱེལ་འདྲེན་བྱས་འོང་བའི་ཟས་སྙིགས་དང་གོས་རྙིང་ལ་འཛེམ་དགོས་པ། གཉན་པོ་གཡུ་རྩེའི་ཁོར་སྲུང་གི་ལས་གཞི་ངོ་སྤྲོད་སོགས་གསུང་བཤད་གོ་བདེ་ལ་གནད་དུ་ཁེལ་བ། འཚོ་བ་དངོས་དང་ཁ་ཐག་ཉེ་བ་སོགས་ཞིབ་རྒྱས་སུ་བསྩལ། ཚོགས་པ་འདིར་ད་ལྟ་ཚོགས་མི་བདུན་བརྒྱ་ལྷག་ཡོད་ལ། དེ་རིང་གསར་དུ་ཚོགས་པར་ཞུགས་མཁན་ཡང་མི་བརྒྱ་ལྷག་བྱུང་། ཡང་དག་པའི་གསུང་གི་རྗེས་སུ་འབྲང་བའི་ཚོགས་པ་འདིས་རྔ་ཡུལ་གསེར་མོ་ལྗོངས་སོགས་སུ་བདེ་སྐྱིད་ཀྱི་ཁྱིམ་གཞིས་ངོ་མ་ཞིག་རྒྱུན་བསྲིང་བྱེད་པར་རེ་བ་དང་ཡིད་ཆེས་ཀྱིས་གང་ནས་ཡོད་དོ།།

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།