ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

འགྲུལ་བཞུད་ཐེངས་གཅིག་གི་རེག་ཟིག

བསིལ་ལ་འཇམ་པའི་ཞོགས་པའི་རླུང་བུ་དང་ཉི་ཟེར་གྱི་འོག་ཏུ། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་ཚོ་བྲེལ་ཟིང་དང་སྤྲོ་སྣང་གི་ཀློང་ནས་རང་རང་གི་ཕ་ཡུལ་ལ་ཆས་བཞིན་ཡོད། དེ་རིང་ནས་དབྱར་གནང་ཟླ་གཅིག་ལ་བྱིན་ཡོད་པས་ཁོ་ཚོས་དུས་ཚོད་སྐར་ཆ་གཅིག་ཡིན་ཡང་བརྩོན་ལེན་གྱིས་རླངས་འཁོར་ཆེ་ཆུང་སྣ་ཚོགས་འདོད་མོས་ཀྱིས་བཙལ་ནས་བྱ་འཕུར་བ་བཞིན་སླར་མཇལ་གྱི་ལག་བརྡ་དང་འགྲུལ་བཞུད་བདེ་འཚམས་ཀྱི་སྨོན་ཚིག་དང་བཅས་ཏེ་ཆས་འགྲོ། ངས་ཀྱང་སློབ་གྲྭའི་རླངས་འཁོར་གྱིས་བསྐྱེལ་མི་དགོས་ཚུལ་ཡང་ཡང་བཤད་དེ་རྔ་བའི་སློབ་མ་བཞི་བཅུ་ལྷག་དང་ལྷན་ཅིག་སྤྱི་སྤྱོད་

རླངས་འཁོར་ཞིག་ཏུ་བསྡད་ནས་ཕ་ཡུལ་ཆས།  སློབ་མ་ཚོས་ཅི་ཞིག་གི་སྤྲོ་སྣང་གནོན་མི་ཐུབ་པ་ལྟ་བུའི་འཛུམ་མདངས་དང་བཅས་ཏེ་གླུ་དང་རྡུང་ལེན། གླུ་དབྱངས་སོགས་གཅིག་འཕྲོར་གཅིག་མཐུད་དེ་ལེན་པས་ཐོས་འཛིན་གྱི་བཅུད་དུ་སྨིན་ལ། མིག་གིས་ཁོད་ཡངས་པའི་རྩྭ་ཐང་དང་། ལྷུང་ལྷུང་འབབ་པའི་ཆུ་བོ། བག་ཡངས་པའི་རྟ་ནོར་ལུག་གསུམ་གྱི་མཆོང་གར་སོགས་ལོངས་སུ་སྤྱོད་བཞིན་ལེ་བར་དྲུག་བརྒྱ་ལྷག་ལྟག་རྒྱབ་དུ་བསྐྱུར་ནས་ཕ་ཡུལ་དུ་ཐོན་ལ་ཉེ་དུས། ཨ་ཙི། མདུན་ཕྱོགས་ན་རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་ལས་ཀྱང་མཐོང་མ་མྱོང་བ་ལྟ་བུའི་མཐོ་ལ་བཙན་པའི་འཐབ་ར། གྲལ་འགྲིག་པའི་དམག་དཔུང་། སྤྱི་བདེ་མི་སྣ་སོགས་རྔམ་བརྗིད་ཀྱིས་འགྱིང་སྟེ་ལམ་འགྲུལ་བ་ཚོ་ཕྱི་སློག་ནང་སློག་བྱེད་ཀྱིན་འདུག མེ་མདའ་གཅིག་ལྟ་ཅི་ཐ་ན་མདུང་རིང་བོ་ཞིག་ཀྱང་མེད་པར་ཞིང་འདེབས་ཕྱུགས་སྐྱོང་དང་སྨན་རྩྭ་བརྐོ་བ་སོགས་རང་ཁ་གསོ་ཐབས་ཙམ་ལས་ཅི་ཡང་མི་བསམ་པའི་ངའི་ཕ་ཡུལ་མི་དམངས་ཀྱིས་ད་ཐེངས་འགྲན་ཟླ་ཀུན་བྲལ་གྱི་དམག་འཐབ་ཅི་ཞིག་བཀོལ་སོང་ངམ།  ཕལ་ཆེར་ཅི་ཡང་བཀོལ་ཡོད་མི་སྲིད།

ཉེན་རྟོགས་པ་སོགས་ཀྱིས་ཅི་ཞིག་བོར་སོང་བ་ཡིན་ནམ། ཅིའི་ཕྱིར་འདི་འདྲའི་འཇིགས་ཟིལ་ཞིག་ངོམ་པ་ཡིན་ནམ། ངའི་སེམས་ལ་དྲི་གཞི་སྣ་ཚོགས་འཁོར་བཞིན་པའི་སྐབས་ང་དང་ངའི་་སློབ་མ་རེ་རེར་ཞིབ་གཤེར་བྱེད་འགོ་བརྩམས།  མགོ་ནས་མཇུག་བར། གོན་པའི་ཕྱི་ནང་བར་གསུམ།  རྡོག་ཁྲེས་ཆེ་ཆུང་། ཐ་ན་ལག་འཛིན་གློག་ཀླད་དང་ལག་འཁྱེར་ཁ་པར། ཡིག་སྣོད་དང་། སྨྱུག་སྒམ། དཔེ་ཆ་སོགས་གཅིག་ཀྱང་ཆད་ལུས་མེད་པར་བསློགས་རྗེས། སློབ་མ་རེ་འགའི་རྡོག་ཁྲེས་ལས་གོང་ས་ཐམས་ཅད་མཁྱེན་པའི་སྐུ་པར་རེ་རྙེད་པར་ཁོང་ཚོ་བླ་ལྷག་གིས་ཁྲོས་སོང་བས་ད་གཟོད་ཁོ་ཚོའི་དམིགས་ཡུལ་ངོ་མའི་རང་མདངས་མཐོང་བྱུང་། གོམ་འགྲོས་མཉམ་པའི་དམར་དམག་རུ་ཁག་གསུམ་དབྱར་གྱི་ཆར་སྤྲིན་གཏིབས་པ་བཞིན་ཐོན་ཏེ་ང་ཚོ་སྒོར་མོར་བསྐོར་ཞིང་། མེ་མདའི་ཁོག་ཏུ་མདེའུ་བརྫངས། ངར་སྐད་དང་བཅས་རེ་རེའི་ལྟག་རྒྱབ་ནས་བཙན་གྱིས་དེད་དུས་ངས་ཆུང་དུས་ཡང་ཡང་བལྟས་མྱོང་བའི་འཇར་ཀྲུང་གི་གློག་བརྙན་དག་གསལ་ལེར་དྲན་འོང་།

མ་འོངས་པའི་རེ་སྨོན་བྱེད་སའི་སློབ་མ་ཚོར་འདི་ལྟར་འཇིགས་སྐུལ་དང་བཙན་མནོན་བྱས་ན་ང་ཚོའི་ཞི་བདེ་དང་རང་དབང་། ལྷིང་འཇགས་དང་བདེ་སྐྱིད་ཀྱི་འཚོ་བ་དེ་གང་ནས་འཚོལ་ཞིང་གང་དུ་གྱེས་འགྲོ་ཨང་།

གློ་བུར་བའི་དོན་རྐྱེན་དེའི་དབང་གིས་ངས་རྫོང་སྤྱི་བདེ་ལས་ཁུངས་ནས་ཉིན་གསུམ་ལ་རྩོད་གླེང་བྱས་མཐར་སློབ་མ་ཚོ་ཆད་ལུས་མེད་པར་རང་རང་གི་ཁྱིམ་བདག་ལ་ཕྱིར་རྩིས་སྤྲོད་བྱེད་ཐུབ་སོང་མོད།  དམག་མིས་གྲྭ་ཆས་གྱོན་པའི་ཟློས་གར་སོགས་མདོར་ན་ང་ཚོའི་ནམ་མཁའ་དང་ང་ཚོའི་ས་གཞི་འདིས་ནང་སེམས་ལྷོད་ལ་འབབ་པའི་གོ་སྐབས་ཤིག་ཡེ་ནས་མ་ཐོབ་པོ། །

2008,8,1-3ཉིན།

རྔ་ཡུལ་སྒོ་མང་དགོན་ནས་ཉིན་བཅུ་ལ་དོན་གཉེར་ཆེ་བའི་གྲྭ་བཙུན་མང་བོར་དཔེ་ཁྲིད་ཀྱི་གཟུགས་བརྙན་ཙམ་བསྐྱངས་རྗེས།  ཞོགས་པའི་སྐར་མ་པ་སངས་མ་གཏོགས་སུ་ལའང་མི་གསལ་བར་བྱས་ཏེ་ཁ་རོག་གེར་ཉེན་རྟོག་པ་དང་དམར་དམག་གི་འགག་སྒོ་བརྒལ་ནས་སྤྱི་སྤྱོད་རླངས་འཁོར་ཞིག་ཏུ་བསྡད་དེ་གཅིག་སྒྲིལ་རྫོང་དང་། དར་ལག་རྫོང་། དགའ་བདེ་རྫོང་། མགོ་ལོག་ཁུལ་བཅས་རིམ་པར་བརྒྱུད་ཀྱང་ཕ་ཡུལ་རྔ་བ་དང་བསྡུར་ན་ཧ་ཅང་ཞི་བདེ་དང་ལྷིང་འཇགས་ཀྱི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་སྟེར། འོན་ཀྱང་ས་ཚིགས་རེར་མེ་མདའ་ཐོགས་པའི་དམག་མི་དང་ཞིབ་གཤེར་བྱེད་པའི་ཉེན་རྟོག་པ་མེད་ས་ཞིག་ཕལ་ཆེར་མི་འདུག  རྒན་བགྲེས་ཚོས་བཤད་ན་དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུ་བའི་ནང་དུའང་འདི་འདྲའི་འགྲིམ་འགྲུལ་བཀག་སྡོམ་གྱི་ལས་འགུལ་ཞིག་ཡོད་མྱོང་ཟེར།  དགོང་མོར་རྭ་རྒྱའི་ཤེས་རིག་ནོར་བུའི་སློབ་གླིང་དུ་འབྱོར་ཏེ་ང་ཚོ་ནང་སོག་དུ་འགྲོ་བའི་སྟ་གོན་ལེགས་པོ་བྱས།

2008,8,11ཉིན།