ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

ཟི་ལིང་བོད་ཁྲོམ་གྱིས་སློབ་དཔོན་མཆོག་ལ་དངུལ་གྱི་རྟགས་མ་སྤྲད།

དེ་རིང་སྟེ་༢༠༡༩ལོའི་སྤྱི་ཟླ་༢པའི་ཚེས་༢༤ཉིན། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ཟི་ལིང་བོད་མིའི་ཚོང་ཁྲོམ་གྱི་སྤྲོ་དགའི་ལྷན་འཛོམས་དང་འབྲེལ་བའི་ཕན་བདེའི་བགྲོ་གླེང་ཆེན་མོའི་ཐོག་གདན་དྲངས་ཤིང་། ཁེ་ལས་དང་འབྲེལ་བའི་མི་གཞི་ཀུན་སྤྱོད་གླེང་བ་ཞེས་པའི་བརྗོད་གཞིའི་སྟེང་ནས་གསུང་བཤད་གལ་ཆེན་གནང་།
དེ་ཡང་ནང་དོན་གཙོ་བོར། ཚོང་བ་ཕན་ཚུན་བར་ལ་མཐུན་སྒྲིལ་དམ་ཟབ་སྒོས་རོགས་གང་ཐུབ་བྱེད་པ། སྐད་དང་ཆ་ལུགས་མ་དོར་བའི་སྒོ་ནས་གཞན་ལ་བག་ཆགས་ལེགས་པོ་འཇོག་པ། ཚོང་རྫས་སྤུས་དག་འདོན་སྤྲོད་དང་ཞབས་ཞུའི་རྣམ་འགྱུར་ལེགས་པོ་བྱེད་པ། སྤྱིར་ང་ཚོ་བོད་པའི་སྤྱི་ཚོགས་ཁྲོད་སྐྱོན་ཆ་ཆེན་པོ་ཞིག་ཡོད་པ་ནི། མི་ཤེས་ཡོན་ཅན་དང་འཇོན་ཐང་ཅན། ལྷག་བསམ་ཅན་རེ་འགའ་བྱུང་ནས་དངོས་སུ་ང་ཚོར་སྣེ་ཁྲིད་བྱེད་བཞིན་པའི་སྐབས་སུ། རྗེས་སུ་འབྲང་རྒྱུ་ཕར་ཞོག དེ་ལས་ལྡོག་སྟེ་ངོ་རྒོལ་དང་ཕྲག་དོག་སོགས་བྱེད་པའི་སྣང་ཚུལ་མང་ཙམ་གདའ། དེ་བས་ང་ཚོས་མི་ལྷག་བསམ་ཅན་དེ་འདྲ་དངོས་སུ་འཚོ་ཞིང་བཞུགས་པའི་སྐབས་སུ། དེ་ལ་དངོས་ཤུགས་བརྒྱུད་གསུམ་ནས་རམ་འདེགས་བྱེད་རྒྱུ་ལས། མི་གསོན་དུས་འདྲེ་དང་། ཤི་དུས་ལྷ་རུ་སྒོམ་པའི་བླུན་རྟགས་མི་སྟོན་པའི་རེ་བ་སྙིང་ནས་ཞུ་ཞེས་གསུང་བཤད་གནང་བར། དེར་འདུས་ཚོང་བ་ཡོངས་ནས་དགའ་བསུའི་ཐལ་སྒྲ་བར་མ་ཆད་པར་བརྡབས།
དེ་ནས་ཟི་ལིང་བོད་མིའི་ཚོང་ཁྲོམ་སྤྱིའི་བཀོད་སྒྲིག་ལྟར། སློབ་དཔོན་མཆོག་ལ། བོད་ཆོལ་ཁ་གསུམ་གྱི་འདས་མ་ད་གསུམ་གྱི་གནའ་དེང་ཆོས་རིག་འབྱོར་གསུམ་གནས་པ་གོང་འཕེལ་དང་ཉམས་པ་སླར་གསོའི་ཆེད་མི་ཚེ་ཡི་ཕྲེང་ཐག་དཀར་བོ་ལྷད་མེད་ཁ་བ་བཞིན་ཕྱོགས་ཀུན་ཏུ་ཕུལ་དང་འབུལ་བཞིན་པའི་གནའ་དེང་བོད་ཀྱི་སློབ་གསོ་བ་དང་མཁས་དབང་ཆེན་མོ་༧རྒན་ལྡོང་ཡོན་ཏན་རྒྱ་མཆོག་ལ་ངེད་ཟི་ལིང་བོད་མིའི་ཚོང་ཁྲོམ་གྱིས་ཁོང་གི་བཀའ་དྲིན་གྱི་ཆ་ཤས་ཙམ་འཇལ་བྱེད་དུ་དངུལ་གྱི་གཟེངས་རྟགས་འདི་ཕུལ་བ་ལགས། ཞེས་པའི་དངུལ་གྱི་གཟེངས་རྟགས་ཕུལ་བ་སོགས་ཚོགས་འདུ་དེ་བཀྲ་ཤིས་པའི་ངང་གྲོལ་ཏོ།།