མཐའ་ཀླས་བདེར་གཤེགས་གསང་གསུམ་བསྡུས་པའི་གར། །
བསྟན་འགྲོའི་ལེགས་ཚོགས་སྤེལ་པའི་སྐུར་བཞེངས་པ།།
བཞད་པའི་རྡོ་རྗེའི་འཕྲིན་ལས་ཉི་འོད་འབུམ། །
སྡེ་འདིའི་དཔལ་དུ་ཡུན་རིང་འབར་གྱུར་ཅིག །
ལྷན་སྐྱེས་དྲི་ཞིམ་གཡང་ཆགས་སཱ་ལའི་ལྗོངས། །
ཅང་ཤེས་རླུང་ལ་འགྲན་པའི་ལྷོ་ཡི་ཆ། །
གངས་དཀར་མཆོད་རྟེན་བརྩིགས་པ་གཡུ་རྩེའི་འདབས། །
བརྒྱད་ལྡན་གསའ་ཆུ་འབབ་པའི་འགྲམ་ངོགས་ན། །
མདུན་རྒྱབ་གླང་ཆེན་སྣ་ཞགས་བསྣོལ་བའི་དབུས། །
ནེའུ་གསང་གདན་གསུམ་བརྩེགས་པའི་དཀྱིལ་འཁོར་སྟེང་། །
བཤད་སྒྲུབ་བསྟན་པའི་རྒྱལ་མཚན་མངོན་མཐོ་བའི། །
ཁང་སར་དགའ་ལྡན་ཆོས་ཀྱི་འཁོར་ལོའི་གླིང། །
བསྟན་འཛིན་དམ་པའི་ཐུགས་བསྐྱེད་མཐུ་བཙན་པས། །
ཆེར་སྙིགས་མུན་པའི་ཀློང་ན་འོད་དུ་འཚེར། །
བྱིན་ཆགས་ལྷ་ཁང་འདུ་ཁང་རྟེན་བཞེངས་སོགས། །
དད་ལྡན་དང་བ་འདྲེན་པའི་གསོས་སུ་མཛེས། །
རྒྱུད་སྡེ་རྣམ་བཞིར་སྒོམ་སྒྲུབ་ཉམས་ལེན་ཟབ། །
མཐོང་བ་བརྒྱུད་པའི་ཕྱག་བཞེས་ཕྲ་ཞིབ་མཛད། །
དྲི་བྲལ་དགེ་ལྡན་རིང་ལུགས་གཡས་སུ་འཁྱིལ། །
ཀུན་སྤྱོད་ལེགས་པས་སྐྱེ་དགུའི་ཡིད་སེམས་འགུག།
འགྲིག་ཁྲིམས་ལེགས་པས་ཀུན་སྙོམས་ཤིན་སྦྱངས་བརྟན། །
རང་གཤིས་ལེགས་པས་མཐུན་སྒྲུལ་ཨ་ལོང་དམ། །
བསྔགས་བརྗོད་མེ་ཏོག་དཀྲིགས་པའི་ཡུལ་དུ་དགེ །
གསུང་རབ་འབུམ་སྡེའི་སྙིང་བཅུད་རིན་ཆེན་གཅིག།
བྱང་ཆུབ་ལམ་གྱི་རིམ་པའི་འཆད་ཉན་རྒྱས། །
སྒྲ་སྙན་སྨན་རྩིས་སུམ་རྟགས་ཡི་གེའི་རིས། །
ཐ་སྙད་གཙུག་ལག་སྦྱོང་ལའང་ཉིན་མཚན་བྲེལ། །
དབང་སྔོན་ཟླ་གམ་ཡངས་བོའི་གདན་སྟེང་ནས། །
གསོ་རིག་སྨན་གྱི་འཕྲིན་ལས་ཕྱོགས་སུ་རྒྱས། །
སྡེ་འདིར་མདོ་སྔགས་བཤད་སྒྲུབ་དར་བ་ལ། །
མཚུངས་མེད་མཐུན་པའི་རྐྱེན་གྱི་གཏེར་སྒོ་ཕྱེས། །
དེ་ལྟར་དགའ་ལྡན་ཆོས་གླིང་གྲགས་དཀར་ཆེ། །
མཁས་དགུའི་ཞལ་ན་འབར་བའི་ངོ་མཚར་གྱིས། །
བདག་ཡིད་རི་སྐྱེས་གཞོན་ནུའི་མཆོང་གར་ཡང་། །
དབང་མེད་རྩེན་པའི་དགའ་སྟོན་ལན་གཅིག་མིན། །
བཟློག་མེད་སྔོན་ལས་བཙན་པོའི་ལྕགས་ཀྱུ་དང་། །
ཆོས་གྲོགས་དམ་པའི་གསུང་བསྐུལ་དབང་བཙན་པས། །
མཁོ་མེད་ཀྱི་ནར་སྡོད་པའི་བཙུན་གཟུགས་བདག །
སྡེ་འདིར་གཞུང་མང་འཆད་པའི་ཁུར་ཆེན་བབས། །
མདོ་སྔགས་རིག་པའི་སྐྱེས་བཟང་མི་འདུག་ཀྱང་། །
བཅོས་མིན་ལྷག་བསམ་དཀར་བའི་མཐུ་སྟོབས་ཀྱིས། །
མི་རིང་མི་ཐུང་བགྲང་བྱ་ལྔ་ཡི་རིང་། །
ཆོས་མཐུན་བྱ་ལས་རེ་འགའ་ཡིད་བཞིན་འགྲུབ། །
དགེ་སློབ་དམ་ཚིག་པདྨའི་སྤུབས་བཞིན་གཙང་། །
ནང་གི་དུང་བ་འོ་མའི་མཚོ་ལས་ཟབ། །
དཀར་ཕྱོགས་ལྷ་ཚོགས་མཉེས་པའི་རྟགས་མཚན་གསལ། །
ད་དུང་ཆོས་མཐུན་ལས་སྐལ་མང་རྟགས་འདུག།
སྣ་མང་བྱ་བའི་ཁོལ་བོ་བཙུན་གཟུགས་འདུག །
ཕྱོགས་མེད་རྒྱལ་ཁམས་ཉུལ་ཡང་མགྱོགས་པོར་འོང་། །
གུས་བརྩོན་ཟུང་གི་གཤོག་རྩལ་མ་ལྷོད་པར། །
ཤེས་རིག་མཐོངས་ལམ་གཅོད་པ་རེ་བའི་གསོས། །
མི་ཤུགས་སྙིང་གི་འདབ་བརྒྱད་འཛུམ་པའི་དབུས། །
རེ་བའི་ཟེའུ་འབྲུ་འཕྱུར་བའི་དཔལ་ཡོན་ཅན། །
རྗེས་ཆགས་སྤྱོད་ངག་སྐྱེས་གཡུ་སྦྲང་ཚོགས། །
ངེས་དོན་རྫོགས་ལྡན་གསར་བས་འཚོ་གྱུར་ཅིག །
མི་ཤིགས་སྙིང་གི་རི་མོ་ཞེས་པ་འདི་ནི་ཁང་སར་དགོན་དགའ་ལྡན་ཆོས་གླིང་གི་དགེ་མིང་འཛིན་པ་ལྡོང་ཡོན་ཏན་རྒྱ་མཚོས་ཆོས་སྡེ་ཆེན་པོ་འདིར་གུང་ཐང་བསྟན་པའི་སྒྲོན་མེའི་སྐྱབས་ཁྲིད་ཀྱི་ཁྲིད་ཅིག་ཕུལ་ཁུལ་བྱས་ཏེ་མཇུག་རྫོགས་པའི་ཉིན། འཚོ་བྱེད་འཇམ་དཔལ་རྒྱ་མཚོའི་ལྷག་བསམ་ལས་གྲུབ་པའི་བེཌཱུར་ལྷ་ཁང་གི་ཡང་ཐོག་ སྣང་བ་སངས་པའི་ཁང་བཟང་དུ་མགྱོགས་པོར་སྦྱར་རོ། །
༢༠༠༦.༦ .༥