ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

མི་ཚོགས་ཁྲོད་ཀྱི་བོའུ་སྐད།

མ་ཧཱ་གན་དྷིའི་ལོ་རྒྱུས་མཚོན་པའི་གློག་བརྙན་ཞིག་ལ་བལྟས་རྗེས་མིག་ཆུ་དང་ལྷན་ཅིག་བྲིས།

མི་ཚོགས་རྒྱ་མཚོའི་རླབས་འཕྲེང་ལྟར་འཕྱུར་བའི་ཡོ་ལངས་ཁྲོད།     དགའ་དད་ཀྱི་ཐལ་མོ་སྙིང་གར་སྦྱོར་ཞིང་།  བསྟོད་བསྔགས་ཀྱི་འབྲུག་སྟོང་ལྡིར་བཞིན།   རེའི་བའི་མིག་ཞགས་ཁྲི་འབུམ་ཁྱོད་ལ་ཤོར་ཚེ།   མ་བཅོས་ལྷག་བསམ་གྱི་རང་མདངས་མཚོན་པའི་ནབ་བཟའ་དཀྲིས་པའི་ངེས་དོན་བྱང་ཆུབ་སེམས་དཔའ་ཁྱོད། སྙིང་སྟོབས་དང་སྤོབས་པའི་ཀློང་ནས། རྒྱལ་ཁ་དང་གཟི་བརྗིད་ཀྱི་ངོགས་ནས།     གནའ་བོའི་ཤེས་རིག་གི་རྒྱལ་ཁབ་སྟེ་ལྷོ་ཕྱོགས་འཕགས་ཡུལ་བའི་བདེ་སྡུག་ལྕི་མོ་ཕྲག་ཏུ་བསྣམས་ནས་དལ་བུར་ཕེབས་བྱུང་མོད། གཤེད་མ་གང་ཞིག་གི་མཛུག་རྩེ་ཕྲག་དོག་རླུང་ཤུགས་ཀྱིས་དྲག་ཏུ་བསྒུལ་བས། 

ཁྱོད་ཉིད་བཞུད་མི་འོས་པའི་གནས་དེར་བཙན་གྱིས་བཞུད་སོང་།   གློ་བུར་བའི་བཞུད་སྟངས་དེས་ང་ལ་མི་ཆུ་བསྐྱིལ་བྱུང་། ཉེན་བརྡ་བཏང་བྱུང་།    ལྷག་པར་དུ་བརྗེད་མི་རུང་བའི་མི་རིགས་ཀྱི་རང་གཤིས་ངོ་མའི་ཁ་དོག་ཅིག་བསྩལ་བྱུང་།

དུས་རབས་ཉི་ཤུ་བ་ནི་མནར་གཅོད་དང་འཁྲུག་རྩོད་ཀྱི་དུས་རབས་ཤིག་སྟེ།  ང་རྒྱལ་ཁྱོད་ཕམ་གྱི་འགྲན་རྩོད་ཁྲོད་ནས་རིན་ཐང་བྲལ་བའི་ཚེ་སྲོག་གང་མང་།    སྟོབས་ལྡན་རྒྱལ་ཁབ་དང་མི་བུ་ཚོན་པོ་དག་གི་རྩེད་ཆས་སུ་གྱུར་མོད།   བདེན་དོན་དང་གནས་ལུགས་ཀྱི་ཀློང་ནས་བཞེངས་པའི་རྒྱལ་སྲས་ཁྱོད་ཀྱིས།  ཞུམ་མེད་ཀྱི་དམ་བཅའ་དང་རྩོད་མེད་ཞི་བདེའི་དྲོད་ཁོལ་སྙིང་ལ་སྒོམ་བཞིན།   སྡུག་བསྔལ་དང་འོ་དོད་ཀྱི་བྲག་ཅ་འཁོར་བའི་ཉམ་ཆུང་འབངས་མི་ཁྲི་སྟོང་ཁྲིད་ནས་མདུན་དུ་བསྐྱོད་ཚེ། མདུན་ན་མདའ་ཚོན་གྱི་དྲག་ཆར་མཚམས་མི་ཆད་ལ།  གཞུག་ན་མི་ཁྲག་གི་བཞུར་སྒྲ་རྣ་བར་གཟན་ཡང་།  ཆེས་མཛེས་སྡུག་ལྡན་པའི་དར་ཆ་དེ་ཕྱག་ཏུ་ཐོགས་ནས།  ཁྱོད་ཀྱིས་གཏན་ནས་ཕེབས་མཚམས་མ་བཞག  ཨུ་ཚུགས་དང་དྲང་བདེན་ གྱི་ཞབས་རྗེས་རེ་རེ།  གྲོང་དང་གྲོང་ཁྱེར།  རྒྱལ་ཁབ་དང་རྒྱལ་ཁབ།  མཐོ་བ་རི་རྒྱལ་གྱི་རྩེ་མོ་དང་དམའ་བ་རྒྱ་མཚོའི་འགྲམ་རྒྱུད་སོགས།  ཡངས་ཤིང་རྒྱ་ཆེ་བའི་འཇིག་རྟེན་གྱི་མཐའ་དབུས་ཀུན་ཏུ་བཞག་པས།   འཕགས་ཡུལ་བའི་སེམས་ཁོངས་ན་གཏན་ཏུ་མི་ནུབ་པའི་སྒྲོན་མེ་སྤར་ལ།    དབྱིན་ཇི་བའི་སྣང་ངོ་ན་ལྡོག་ཐབས་བྲལ་བའི་ཁྲི་དམག་བརྒྱད་ཅུའི་དཔུང་ཆེན་བཤམས་སོང་ །

དཀར་འོད་བྲལ་བའི་བཙོན་ཁང་ནས་ལོ་ཟླ་གང་མང་སྡུག་གིས་བསྐྱལ་བ་དང་།  སྙིང་རྗེས་བོར་བའི་རྡུང་རྡེག་འོག་ནས་དྲན་མེད་དུ་བརྒྱལ་བ།  ཟས་སྐོམ་བཅད་པའི་བཟོད་བསྲན་ཁྲོད་ནས་ཀེང་རུས་ཀྱི་སྣང་བརྙན་དོད་པ་སོགས་ནི།      ཕྱོགས་ལས་རྣམ་རྒྱལ་གྱི་འོད་ཟེར་འཚོལ་བའི་ཁྱོད་ལ་མཚོན་ན་ཆེས་སྤྱིར་བཏང་བ་ཞིག་སྟེ།  གཉེན་དང་ཉེ་དུ།  གྲོགས་དང་མཛའ་བཤེས།  ཐ་ན་རང་གི་གཅེས་སྲོག་ལ་རྒོལ་མཁན་ཚོར་ཡང་།  ཁྱོད་ཀྱིས་སྡང་མིག་གཅིག་གམ་ཚིག་མཚོན་ཙམ་ཡང་མ་བཏབ་པར།  འཁོན་སེམས་དང་བྲལ་བའི་སྙིང་སྟོབས་ཀྱིས་བདེན་མཐའ་བཙལ་བས།  མཆོག་གི་རེ་སྨོན་ལ་མེ་ཏོག་འཁྲུངས་སོང་།  ཁྱོད་ཀྱི་དཔག་པར་དཀའ་བའི་ཐུགས་སྟོབས་དང་།   གཞོམ་གཞིགས་བྲལ་བའི་ཐབས་འཕྲུལ་དག་མཐོང་བས།     ངས་འཇམ་མགོན་བླ་མས་བསྩལ་བའི་བསྟོད་རྩོམ་འདི་དྲན་འོང་།  མདའ་མཚོན་གོ་ཆ་མ་བཟུང་བར། །    རང་ཉིད་གཅིག་བུས་བུ་བྱེ་བའི་བདུད། །   མ་ལུས་ཕམ་མཛད་གཡུལ་གྱི་ལས།  །  ཁྱོད་ལས་གཞན་པ་སུ་ཡིས་ཤེས།  །

མི་ཚོགས་ཁྲོད་ནས་ཤོར་ཡོང་བའི་བོའུ་སྐད་ཅིག་གིས།   ཡ་ང་དང་ངོ་ཚ་མེད་པར་སྲིད་ན་དཀོན་པའི་ནོར་བུ་ཞིག་སིལ་བུར་བཏང་སོང་མོད།  མ་ཧཱ་གན་དྷི་སྟེ་ཞི་བདེའི་རྡོ་རིང་མཐོན་པོ།    འཕགས་ཡུལ་བ་མ་ཟད་འཛམ་གླིང་ཤེས་ལྡན་པ་ཀུན་གྱི་སེམས་སྟེགས་ན་གཟི་བརྗིད་དང་བཅས་ཏེ་དུས་གཏན་དུ་བརྟན་པོར་འགྱིང་ངེས།