ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

མཐོང་ཆུང་དང་མཐོང་ཆེན།

         མཐོང་ཆུང་དང་མཐོང་ཆེན། 

                                                   ལྡོང་ཡོན་ཏན་རྒྱ་མཚོ།

 ཉིན་ཤས་སྔོན་དུ་ང་ཁྲིན་ཏུ་ནས་གནམ་གྲུར་བསྡད་དེ་ཧྲང་ཧེར་འཕུར་བ་ཡིན། འདུག་སྟེགས་སུ་བསྡད་དེ་ཅུང་འགོར་རྗེས་ལོ་བཞི་བཅུ་ཡས་མས་ལོས་ཡིན་སྙམ་པའི་བུད་མེད་ཅིག་ངའི་མཁྲིས་སུ་སླེབས། མོས་ང་མཐོང་མ་ཐག་ཤིན་ཏུ་མ་དགའ་བའི་ཉམས་ཀྱིས། མགྱོགས་པོར་གནམ་གྲུའི་ནང་གི་ཞབས་ཕྱི་མ་ཞིག་བོས་ཏེ། སྐད་གསེང་མཐོན་པོས་ང་མི་འདི་འདྲའི་རིགས་(གྲྭ་ཆས་གྱོན་མཁན་ལ་གོ)ཀྱི་ཟུར་དུ་འདུག་འདོད་མེད་པས་འདུག་སྟེགས་བརྗེ་དགོས་ཟེར། ཞབས་ཕྱི་མས་དེ་འདྲ་ཟེར་སྲོལ་མེད། མོ་ལ་ཐབས་ཤེས་མེད་ཅེས་བཤད་མ་ཐག་བུད་མེད་དེ་ཧ་ཅང་ཁྲོས་སོང་། གློ་བུར་དུ་བདུན་གྲལ་ནས་གསར་བུ་ལོ་ཆུང་ཞིག་ཡར་ལངས་ཏེ། ཧ་ཅང་ལེགས་སོང་། ངས་ཁྱོད་ལ་འདུག་སྟེགས་བརྗེ་ཆོག  ང་བོད་ཀྱི་གྲྭ་བའི་ཟུར་དུ་བསྡད་དེ་ཁ་བརྡ་བྱེད་རྒྱུར་ཧ་ཅང་དགའ་བོ་ཡོད་ཟེར་བས། རང་རང་ས་ནས་འདོད་པ་ཚིམས་པའི་ཉམས་དང་བཅས་འདུག་སྟེགས་བརྗེས་སོང་།  ཅུང་ཙམ་གྱིས་ཞབས་ཕྱི་མས་འགྲུལ་བ་ཚང་མས་ཁ་པར་སྒོ་རྒྱག་དགོས་པའི་དྲན་སྐུལ་བྱས་སོང་མོད་བུད་མེད་དེས་ཁ་པར་སྒོ་མ་བརྒྱབ་པས་ཞབས་ཕྱི་བ་གཞན་དག་ཡོང་ནས་ཀྱང་ཡང་ཡང་རེ་བ་བཏོན། མཐར་ཞབས་ཕྱི་བ་དང་ཟུར་གྱི་ལམ་གྲོགས་མང་བོས་མོ་ལ་རྣམ་འགྱུར་མི་ལེགས་པ་བཟུང་སོང་། 
   ངའི་མཁྲིས་ཀྱི་གསར་བུ་ལོ་ཆུང་ཆུང་དེས།  ནང་ཆོས་ཀྱི་འཇུག་སྒོ་ཅི་ཞིག་ཡིན་པ་དང་། བོད་བརྒྱུད་ནང་བསྟན་དང་རྒྱ་བརྒྱུད་ནང་བསྟན་ལ་ཁྱད་པར་ཅི་ཞིག་ཡོད་པ། ནང་ཆོས་དང་ཚན་རིག་བར་ལ་འགལ་འདུ་ཡོད་མེད་སོགས་མང་བོ་ཞིག་དྲིས་སོང་བས་རེ་རེར་ཅི་ཤེས་ཤིག་གསལ་བཤད་བྱས་ཚེ། ཉེ་འགྲམ་གྱི་མི་མང་བོ་ཞིག་གིས་ངེད་གཉིས་ཀྱི་ཁ་བརྡར་དོ་སྣང་བྱེད་མགོ་བརྩམས་པར་མ་ཟད་བུད་མེད་དེས་ཀྱང་ཅི་མི་སྙམ་པའི་ཚུལ་གྱིས་ཉན་གྱིན་འདུག   ངས་ཀྱང་གོ་སྐབས་དམ་འཛིན་གྱིས། སེམས་ཅན་རྣམས་ཀྱི་ཁམས་དང་མོས་པ་མི་འདྲ་བས་མཐའ་གཅིག་ཏུ་རང་གི་དགའ་ཕྱོགས་ལས་གཞན་པ་ཡོད་ཚད་ངན་པ་ཡིན་པའི་ངེས་པ་མེད་པ། ཕྱིའི་ཆ་ལུགས་དང་ཁ་མདོག་ལ་བལྟས་ནས་གཞན་ལ་མཐོང་ཆུང་བྱས་ན་ངོ་ཚ་ཉོ་བ་དང་འགྱོད་པ་སྐྱེ་བའི་རྒྱུ་རུ་འགྱུར་ཡང་སྲིད་པ། ལས་ཁུངས་དང་ཚོགས་སྡེ་གང་དུ་ཞུགས་ནའང་དེའི་འགྲིག་ལམ་བརྩི་སྲུང་བྱེད་ཤེས་དགོས་པ་སོགས་མང་བོ་ཞིག་བཤད་པས་གསར་བུ་དེས་གཙོ་བྱས་པའི་ལམ་གྲོགས་མང་བོས་ཤིན་ཏུ་འཐད་པའི་མགོ་ལྕོག་ནང་དུ་ལྡེམ་སོང་། 

       གནམ་གྲུ་ལས་བབས་རྗེས་བུད་མེད་དེས་ང་ལ་དགོངས་དག་ཞུ་ཞོར་སྐད་འཕྲིན་ཞིག་འབྲེལ་ན་ཆོག་མིན་དྲིས་སོང་བས། ངས་དགོངས་དག་ཞུ་མི་དགོས་མོད། གྲྭ་ཆས་གྱོན་མཁན་ཚང་མ་གླེན་ལྐུགས་མིན་པས། རྗེས་སོར་ཡོད་ཚད་ལ་མཐོང་ཆུང་མ་བྱས་ན་ལེགས་ཞེས་ཤིན་ཏུ་འཇམ་པོའི་ངག་གིས་བཤད་རྗེས་འཛུམ་དང་བཅས་ཏེ་ཁོ་མོ་དང་གྱེས་པ་ཡིན། 

                                                   2019、5、4