ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

མཆོད་ཡོན་བསིལ་མ།

ལྡོང་ཡོན་ཏན་རྒྱ་མཚོ།

དམར་སེར་དྷི་ཡིག་ཞུན་མར་འཁྱིལ་བའི་སྤྲོས་བྲལ་དབྱིངས་རིག་ཆུ་གཏེར་ཆེར། །

གསང་གསུམ་ཉིན་བྱེད་ཟེར་ཞགས་རེས་ཀྱང་འགྲོ་རྒྱུད་སྨག་མུན་མཐའ་ལས་འཛིན། །

 ཡེ་ཤེས་རལ་གྲིའི་རྣོ་རྒྱུན་གཅིག་གིས་སྒྲིབ་གཉིས་ལྕགས་སྒྲོགས་དུམ་བུར་གཅོད། །

སྨྲ་བའི་ལྷ་གཅིག་འཇམ་དཔལ་གཞོན་ནུ་འདབ་བརྒྱད་ཙི་ཏའི་ཁྲི་ལ་རྩེན། །

སྲིད་ཞིའི་དགེ་ལེགས་གཅིག་ཏུ་སྨིན་པ་རྟེན་འབྱུང་འཕྲུལ་གྱི་རོལ་གར་ལས། །

བཞི་ལྷག་དྲུག་ཅུའི་དབྱངས་རྟར་བརྫུས་ཤིང་ངག་རིག་བྱེ་བའི་བདག་མོར་བཞེངས། །

མཚན་དཔེའི་འཕྱང་འཕྲུལ་ནོར་བུའི་རྒྱན་འཆང་ཟབ་རྒྱས་དྲུག་འགྱུར་གླུ་ལེན་མ། །

ལོངས་སྤྱོད་འཁོར་ལོའི་གུར་དུ་བྱོན་ལ་སྟོང་ཆེན་པི་ཝང་ལྷོད་ཀྱིས་རྡུངས། །

རྣམ་མེད་ཡེ་ཤེས་སྐྱེ་འགག་གནས་བྲལ་མཉམ་བཞག་ངང་ལས་གཡོ་མེད་པར། །

ལྔ་ལྡན་ཟུར་ཕུད་ཟོལ་གྱིས་སྦས་ཏེ་མདོ་རྒྱུད་རྒྱ་མཚོའི་གྲུ་ཆར་གྱིས། །

མཐའ་ཀླས་གདུལ་བྱའི་ཞིང་ས་གཤིན་པོར་སྐུ་གསུམ་སྙེ་མ་དཀྲུགས་མཛད་པ། །

བཤེས་གཉེན་དམ་པའི་ཞབས་རྡུལ་རེ་རེ་སྙན་ཚིག་མེ་ཏོག་སྟེགས་བུར་མཆོད། །

སྒྲ་ཚད་ལྕགས་རིའི་མུ་ཁྱུད་བརྟན་ཞིང་མདོ་རྒྱུད་ཁང་བཟང་ལྷུན་གྱིས་གྲུབ། །

བཟོ་གསོ་རིག་པའི་བ་གམ་འབུམ་བརྩེགས་རྩོད་འཆད་གསེར་ཁྲི་འཕང་མཐོ་ཡང་། །

 དྲན་དབང་བྱེ་བས་ལུང་གིས་རབ་བསྔགས་ངག་རིག་རྒྱལ་བོས་སྟོང་ཙ་ན། །

འཇིག་རྟེན་གསུམ་པོ་མུན་པར་འགྱུར་ཕྱིར་གཟུར་གནས་བློ་ལྡན་སུ་མི་བརྩོན། །