ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

བླ་སྲོག་ཚེ་གསུམ་གྱི་འབོད་པ།

—གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་གསུམ་པའི་ཐ་སྙད་གསར་བའི་འགྲན་སྡུར་ཆེན་མོའི་ཚོར་བ་དང་རེ་སྨོན།

དགོང་ཚོགས་འདིར། སྤོབས་པ་དང་རེ་བས་ཕྱུག་པའི་རིགས་པའི་དཔུང་ཚོགས་ཤིག་ཤུགས་ཀྱིས་འཕྱོ་བཞིན་ཡོད། དགོང་ཚོགས་འདིར། བློ་རིག་དང་ལང་ཚོའི་མཛེས་པ་ངོམ་པའི་བོད་ཕྲུག་སྟོང་ཕྲག་གིས་གངས་ལྗོངས་གསར་བའི་གཞིས་ཀ་ཞིག་སྐྲུན་བཞིན་ཡོད། དགོང་ཚོགས་འདིར།  རྒྱ་བོད་དབྱིན་གསུམ་གྱི་སྐད་ལ་ཐག་ཐོག་མེད་པའི་སློབ་མ་མང་བོའི་ལྗགས་རྩལ་ལ་གློག་ཞགས་འཁྱུག་གིན་ཡོད། འདི་ཅི་ཞིག་གི་དགོང་ཚོགས་ཡིན་ནམ། འདི་ཅི་ཞིག་གི་འགྲན་རྩོད་ཡིན་ནམ། རེད།  མི་རིགས་ཤིག་གི་བླ་སྲོག་འཚོལ་བའི་དགོང་ཚོགས་འདི་ནི།  རྨ་འགྲམ་ནས་ཆས་ཏེ་གླིང་ཆེན་བདུན་ལ་འཁོར་མྱོང་བའི་བོད་ཀྱི་སློབ་གླིང་

ཞིག་གི་རིགས་པའི་སྡིངས་ཀ་རེད།

སྔོན་གྱི་ཚེ། ཡར་ལྷ་ཤམ་པོའི་འདབས་རོལ་ནས་ཆས་ཡོང་བའི་སྒང་བ་བོད་པ་ཚང་གིས། ཟས་སུ་སིལ་ཏོག་དང་གོས་སུ་སྡོང་ལོ་གྱོན་མྱོང་བ་བདེན་ཡང་། བོད་སྐད་བརྗེད་མ་མྱོང་། བོད་ཡིག་དོར་མ་མྱོང་། བོད་པའི་ལ་རྒྱ་དང་སེམས་ཁམས། གོམས་ སྲོལ་དང་རིག་གཞུང་དག་དེ་ལས་ཀྱང་འདོར་ག་ལ་མྱོང་། རང་ས་གོར་མོ་རང་ཚུགས་ཀྱིས་སྲུང་བའི་མི་རིགས་དོན་རྩ་ཅན་ཞིག་ཡིན།

ཤར་ཕྱོགས་ནས། ཡོད་ཚད་ཁྱུར་མིད་གཏོང་བར་དགའ་བའི་རླུང་དམར་དེ་ དྲག་ཏུ་གཡུག་པས། ནུབ་ཕྱོགས་ནས། ཕྱི་མིག་མི་བལྟ་ཞིང་མདུན་ལྗོངས་མི་གསལ་བའི་ཨ་གསར་གྱི་ནད་ནམས་དེ་ཁད་ཀྱིས་ཐོན་པས། སྤྲེལ་སྲིན་གདུང་རྒྱུད་ལས་མཆེད་པའི་གངས་དཀར་བོ་ཚང་གིས།  མི་རྗེ་སྲོང་བཙན་སྒམ་པོའི་ཐུགས་སྟོབས་དང་ཟིལ་ཤུགས་འདོར་ལ་ཁད། བློན་ཆེན་ཐོན་མི་ཨ་ནུའི་སྐུ་ཚེགས་དང་རྣམ་དཔྱོད་བརྗེད་ལ་ཁད། ཕ་དཔའ་བོ་འབུམ་གྱི་ཞབས་རྗེས་དང་། མ་མཛངས་མ་སྟོང་གི་གླུ་ངག་ལའང་གྱེས་བརྡ་གཏོང་ལ་ཁད།

སྐབས་ཤིག་ལ། ཚོད་ཚོད་དུ། ལས་བྱེད་པས་སྣེ་ཁྲིད་ཅིང་། གྲོང་ཁྱེར་བས་རྗེས་དེད། སློབ་མ་ཚོ་འུར་ལངས་ཤིང་། ཞིང་འབྲོག་མང་ཚོགས་མགོ་རྨོངས་ཏེ། གཞན་གྱི་སྐད་ཡིག་ལ་འགྲམ་ཆུ་ལྡང་གིན། རང་གི་ཡོད་ཚད་ལ་ཁོ་ཐག་ཆད་བཞིན། བོད་སྐད་བརྗེད་སོང་། བོད་ཡིག་བསྐྱུར་སོང་། འདི་ནི་བོད་པའི་ཉམས་རྒུད་ཡིན། འདི་ནི་རང་སྲོག་རང་གཅོད་ཀྱི་སྦྱོར་བ་ཡིན། ལོ་རྒྱུས་ཀྱི་ནག་ཐིག་ཡིན། ང་ཚོའི་ངོ་ཚ་ཡིན། གཞན་གྱི་འཕྱ་སྨོད་ཡིན། ཁོ་ཚོའི་དགའ་སྟོན་ཡིན།

རེད་དེ། དར་རྒུད་དང་འཕོ་འགྱུར་ཟེར་བ་འཁོར་བའི་ཆོས་ཉིད་ཅིག་རེད།  འཛམ་གླིང་སྤྱི་འགྲོས་ཤིག་ཡིན། དེ་བས། སྦྲ་ནག་པོ་ཚང་དང་། ཞིང་གྲུ་བཞི་ཅན་ཚང་ཡང་གཉིད་ལས་སད་རྒྱུ་མེད་པ་ག་ལ་ཡིན། སྐྱེས་ཆེན་ཞིག་གི་ཐོག་མའི་ཐུགས་བསྐྱེད་ཟབ་པས། མཁས་དབང་ཁ་ཅིག་གི་མཁྱེན་པ་འོད་དུ་འབར་བས། བློ་གསལ་ཁྲི་འབུམ་ལ་རིགས་ཞེན་གྱི་མེ་དཔུང་མཆེད་པས། ཁྱུང་མགོན་ལྷུན་པོའི་འདབས་རོལ་ནས་   བོད་སྐད་གཙང་མ་བཤད་པའི་དབུ་ཁྱུད་བྲིས་ཡོད། རྨ་ཆབ་ལི་མའི་འགྲམ་ངོགས་  ནས་བོད་ཡིག་དག་མོ་འདོན་པའི་ལྗགས་རྩལ་ངོམ་ཡོད།

རྟེན་འབྲེལ་དེས། སྣེ་ཁྲིད་དེས། མདོ་དབུས་ཁམས་གསུམ་གྱིས་དཔུང་རྡང་སྦྲེལ་སོང་། དབྱངས་གསལ་སོ་བཞིའི་དངོས་གྲུབ་ལ་བརྩོན་སོང་། མ་མཐའ་ཡང་།   བོད་སྐད་བཤད་ན་ངོ་ཚ་དང་བོད་ཡིག་ཟེར་བ་ཆོས་ལུགས་པའི་ལག་ཆ་ཙམ་མིན་པའི་ངེས་ཤེས་རྙེད་སོང་། འདི་ནི། ང་ཚོའི་གཟི་བརྗིད་དང་གྲུབ་འབྲས་ཡིན། འདི་ནི། ལག་ལེན་གསེར་གྱི་ཐིགས་པའི་མཚོན་དཔེ་གསོན་པོ་ཞིག་ཡིན། འདི་ནི། སྒང་བ་བོད་པས་བདག་ཉིད་བདག་གི་མགོན་པོར་ངོས་ཟིན་སྟངས་ཤིག་ཡིན།  དུས་དེ་རིང་། ང་ཚོ་སེམས་གཏིང་ནས་དགའ་འོས། ང་ཚོས་སྐད་གསེང་མཐོན་པོས་ལྷ་རྒྱལ་འཐེན་ན་འགྲིག  ང་ཚོ། རང་གི་སྐད་ཡིག་དང་རིག་གཞུང་ལ་བརྟེན་པའི་རླབས་ཆེན་མི་ རིགས་ཤིག་ཡིན།  ང་ཚོ། ལོ་རྒྱུས་དང་བདེན་པའི་རྒྱབ་ལྗོངས་བཙན་པའི་ཆོས་ལྡན་རྒྱལ་ཁམས་ཤིག་ཡིན།

ཀྱེ་ཀྱེ་ཁ་བ་ཅན་པ། ཀྱེ་ཀྱེ་དགེ་སློབ་ལྷན་རྒྱས། རང་ཅག་འཛམ་གླིང་རྒྱ་ཕིབས་སུ་ཡུན་རིང་གནས་འདོད་ན། རང་གི་ཁེ་དབང་གནས་ལུགས་ཀྱིས་འཚོལ་འདོད་ན།བླ་སྲོག་ཚེ་གསུམ་ལ་གཅེས་སྐྱོང་བྱེད་འདོད་ན།  བོད་སྐད་དག་མོ་བཤད་པ་ནས་འགོ་རྩོམས་ཤིག   བོད་ཡིག་ཤར་ཤར་འདོན་པ་ནས་ལམ་ལ་ཆས་ཤིག   མྱུར་བ་མྱུར་བར་ལམ་ལ་ཆས་ཤིག  དུས་གཏན་དུ་ཕྱིར་ལྡོག་མ་བྱེད་ཅིག