ཟབ་བརླིང་མང་ཐོས་རིག་པའི་ནོར་གྱིས་ཕྱུག །
ཆོས་འདུལ་བཅས་མཚམས་ཕྲ་རགས་སྲོག་བཞིན་གཅེས༎
སྐལ་ལྡན་ཁྲི་འབུམ་སྐྱོང་བའི་ཡབ་གཅིག་རྗེ། །
བསྟན་པའི་ཀ་ཆེན་དཔལ་ལྡན་བླ་མ་རྒྱལ། །
འདི་ནས་བྱང་ཕྱོགས་ས་འཛིན་མེ་ལོང་ངོས། །
ནཱ་ལེན་དྲ་ཡི་སྣང་བརྙན་པྲ་ཕབ་པ། །
འཛམ་གླིང་མཁས་པའི་ཤེས་རབ་རྩལ་བསྡུས་པའི། །
རིག་པའི་གྲོང་ཁྱེར་བཀྲ་ཤིས་འཁྱིལ་བ་ཡོད། །
མཁྱེན་པའི་ཐིག་ལེ་འོད་དུ་སྤུངས་པའི་ཚོམས། །
གསུང་གསང་མཛོད་འཛིན་འཇམ་དཔལ་བཞད་པའི་རྗེའི།།
དྭངས་བསིལ་འཕྲིན་ལས་ཟླ་ཤེལ་ཆགས་པའི་ཞིང་། །
མགོན་ཁྱོད་གནམ་འཕང་བསྟོད་པའི་ཆོས་རིག་སྟེགས། །
ཕུན་ཚོགས་དགེ་ལེགས་དཀྲིགས་པའི་མངལ་ལས་བལྟམས། །
འདུན་ལྡན་བློ་གསལ་བྱེ་བའི་ཏོག་ཏུ་བརྗིད། །
རྒྱ་བོད་པཎ་གྲུབ་རྣམ་དཔྱོད་དར་བའི་ཏོག །
མཚོ་བྱུང་བཞད་པའི་ལང་ཚོའི་མཛེས་པ་དྲན། །
མདོ་རྒྱུད་རིག་གནས་རྒྱ་མཚོའི་སྤར་ཁྱིམ་ཡངས། །
མི་བཟད་ལུང་རིགས་ང་རོ་སྲིད་ན་མཐོ། །
བློ་བཟང་རིང་ལུགས་གཡུ་ཡི་རལ་བ་ཅན། །
སྲབ་མེད་གནམ་དུ་འཕྱོ་བའི་སེང་ཆེན་ཡིན། །
ཆོས་འདུལ་སྤྱོད་པས་མཛེས་པ་ཉེ་བར་འཁོར༎
མཁས་བཙུན་བཟང་གསུམ་འཛོམས་པ་བློ་བཟང་གྲགས༎
འཆད་རྩོད་རྩོམ་ལ་དབང་འབྱོར་ཀླུ་ཐོགས་རྗེ། །
སྙིགས་དུས་བསྟན་པའི་གསལ་བྱེད་སངས་རྒྱས་དངོས། །
ཁྱོད་གསུང་བདུད་རྩི་འཐུངས་པའི་སྐལ་ལྡན་བུ། །
མདོ་སྔགས་བསྟན་པ་འཛིན་པའི་གསོས་སུ་སྨིན། །
ཁྱོད་ཞབས་བཀྲ་ཤིས་མེ་ཏོག་བཞད་པའི་ཡུལ། །
འཆད་ཉན་གཡུ་འབྲུག་སྟོང་གི་སྒྲ་སྐད་རྒྱས། །
དུས་དང་དབང་ཤུགས་མདའ་མཚོན་མེ་ཆར་གྱིས། །
མ་ཐུབ་སྙིགས་དུས་སྟོན་པ་གཉིས་པ་ཁྱོད། །
བདག་ཅག་བསོད་ནམས་དཔལ་དུ་ཉེར་ཐོབ་པས། །
དགའ་དང་དད་པའི་སྤྲོ་བ་ཕན་ཚུན་འཕེལ། །
ཁྱོད་ཐུགས་རིག་པའི་རྒྱ་མཚོའི་བྱིན་མཐུ་ལས། །
བློ་ཆུང་བདག་གིས་གཏན་བདེའི་ནོར་བུ་རྙེད།།
སེམས་དགུའི་བསྟེན་ཚུལ་ཇི་བཞིན་འཁྱོང་དཀའ་ཡང་། །
ཤེས་ནས་དད་པ་རྡོ་རྗེའི་གྲོགས་སུ་ཐོབ། །
ཟླ་བ་མར་ཟད་ཅིག་གི་ཚེས་ཆ་ལ། །
བསྟན་པའི་སྲོག་ཤིང་འགྱེལ་བའི་སྐད་ཅིག་ཐོན། །
དབང་ལྔའི་སྒོ་འཕར་འགག་དང་ལྷན་ཅིག་ཏུ༎
དྲན་མེད་བརྒྱལ་བའི་སྡུག་བསྔལ་ཐེངས་གཅིག་མིན།།
གསང་གསུམ་ཡོན་ཏན་ནམ་མཁས་མི་རྫོགས་ཤིང་། །
བྱམས་བརྩེ་ཉི་ཟླའི་འོད་ལས་རབ་འགོངས་པ། །
བློ་བཟང་མཁའ་ལྡིང་དབང་བོའི་གཤོག་འགྱུར་ཅན།།
ཕྲ་མཛངས་རིགས་པའི་དཔལ་མཆོག་གང་དུ་གཤེགས། །
སྣང་མཐའི་མགོན་པོ་ནག་ཕྱོགས་གཟའ་ཡིས་བཟུང་།།
བསྟན་པའི་དབང་ཕྱུག་གློ་བུར་རྐྱེན་གྱིས་བཀུམ། །
མགོན་པོ་ཁྱོད་ཀྱང་འདི་ལྟར་ལ་མོར་ཕེབས། །
ཉམ་ཐག་བོད་མིའི་གདུང་འབོད་སུ་ལ་བྱེད། །
བཅོས་མིན་དད་པའི་གསོལ་འདེབས་རྒྱུན་མི་ཆད། །
བྱིན་རླབས་སྦྲང་ཆར་སིལ་མ་འཇོ་བར་མཛོད། །
མཆོག་གསུམ་ངོ་བོར་ཏིང་འཛིན་པིར་གྱིས་འབྲི། །
ཁས་བླངས་སྡོམ་ཁྲིམས་གསེར་སྐུད་ཆད་མེད་ཤོག །
བདག་གི་མི་ཚེའི་ཁ་ཕྱོགས་ནོར་གྱུར་ན། །
ལམ་སྟོན་སྒྲོན་མེ་མཛོད་ཅིག་དྲིན་ཅན་རྗེ། །
གཞན་ཕན་བསྒྲུབ་ལ་འགལ་རྐྱེན་བྱུང་བའི་ཚེ།།
དམིགས་མེད་དབྱིངས་སུ་སྐྲོད་ཅིག་ཁྱབ་བདག་མགོན།།
དུས་དང་ཚུལ་བསྟན་ལ་དགྱེས་ཡང་སྤྲུལ་གྱིས། །
བསྟན་འགྲོར་ཕན་པ་འབྱུང་བ་དཀའ་ཙམ་སྣང་། །
བདག་ལ་ཁྱོད་གསུང་ཡང་སྤྲུལ་འབུམ་ལས་ལྷག །
གསུང་གི་དཔལ་དང་རྟག་ཏུ་འབྲལ་མེད་ཤོག །
མདོ་སྔགས་རིག་གནས་རྒྱ་མཚོའི་ཕ་རོལ་དུ་ཕ་རོལ་དུ་སོན་པའི་ངེས་དོན་མཁས་པའི་དབང་ཕྱུག་དམ་པ། ཐོས་དོན་ཇི་བཞིན་ཉམས་སུ་བསྟར་བའི་དཔལ་རི་བོ་དགེ་ལུགས་པའི་རྣལ་འབྱོར་བ་ཆེན་པོ། ཡོད་ཚད་བསྟན་དང་འགྲོ་བའི་དོན་དུ་བསྔོས་པའི་སྙིགས་དུས་ཀྱི་རྒྱལ་སྲས་བྱང་ཆུབ་སེམས་དཔའ། བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་རིན་པོ་ཆེ། ༧རྗེ་དགེ་འདུན་རྒྱ་མཚོ་དཔལ་བཟང་བོ་མཆོག་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན་པ་ཐོས་འཕྲལ། གང་གི་བུ་སློབ་བྱེ་བའི་གྲལ་འཐར་གཏོགས་པའི་བསོད་ནམས་མཐོན་པོ་ཅན་ལྡོང་ཡོན་ཏན་རྒྱ་མཚོར་འབོད་པས་བཅོས་མིན་གདུང་འབོད་ཐུགས་རྗེའི་བསིལ་བ་སློང་བའི་རྔ་ཡབ་འདི་ཉིད་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་པའི་རྒྱུར་དམིགས་ཏེ་བྲིས་སོ། །