ཕྱི་ནང་ཁ་ཆར་ཙག་སེར་གདོང་གིས་བསུ་ཞིང་། །
ལྷན་སྐྱེས་རྭ་རྩེ་རྣོན་པོ་བྲག་ལ་བརྡར་བའི། །
རྩལ་སྟོབས་གཤིས་སུ་རྫོགས་པའི་བྲེ་སེར་འབྲོང་རྒོད། །
གངས་བྲག་གཡའ་སྤང་རི་ཡི་མུ་ཏིག་རྡོག་གཅིག །
མཐོན་པོ་ཤེལ་དཀར་རི་བོ་བསྟར་ལ་བསྒྲིགས་ཤིང་།།
མཉེན་འཇམ་རྩྭ་ལྗང་གཡུ་ལོ་གདན་དུ་བཏིང་བའི།།
ལྷོ་གླིང་ཏོག་ཏུ་ཆགས་པ་ཉི་མའི་རྒྱལ་ཁམས། །
རྨིག་བཞི་རླུང་གི་སྤུ་གྲིས་རྩེད་འཇོ་ངོམ་ས། །
འཚོ་བའི་རྟེན་ལ་དཀར་དམར་མེ་ཏོག་འབུམ་ཕྲག །
བཏུང་བའི་བཅུད་ལ་དྭངས་གཙང་ཆུ་ཕྲན་འབུམ་ཕྲག །
འབུམ་ཕྲག་རང་བྱུང་དཔལ་གྱིས་བསྐྱེད་ཅིང་བསྲིངས་པས།།
མ་བཅོས་དཔའ་སྤོབས་མཐོན་པོ་རྭ་རྩེར་བཅོལ་ཡོད།།
ལས་འདི་རམ་དཀརརྩྭ་ལ་བརྟེན་པའི་དྲིན་གྱིས།།
གདུག་རྩུབ་མཆེ་སྡེར་རྣོན་པོ་སུ་ལའང་མ་གཙིགས།།
བག་ཕེབས་རི་སྐྱེས་རྩེན་པའི་གར་དང་ལྷན་ཅིག །
འཚེ་བྲལ་འཚོ་བའི་ཀློང་གི་ངུར་དབྱངས་སྙན་ཨང་།།
གངས་སེང་གཡུ་རལ་ཅན་པོར་དུང་བའི་རྟགས་སུ།།
མ་བརྩིགས་གངས་རིའི་ངོགས་སུ་རྨིག་རྗེས་བཞག་ཡོད།།
ཤ་ཁྲག་ཚོགས་འཁོར་ལས་ལ་ཞེད་སྣང་ཆེ་བས།།
ང་དང་གཅན་གཟན་སྟག་མོའི་བར་ཐག་མཚོ་ཡིན།།
སྐལ་བ་རྫོགས་ལྡན་དྲོད་ཀྱིས་ས་ཆེན་བརླན་ཚེ།།
ང་དང་རི་སྐྱེས་གཅན་གཟན་སྐྱིད་པའི་རྫོང་ཡིན།།
མགོ་ནག་མི་ཡི་ཧམ་སེམས་ལྕགས་ཀྱུ་རིང་མོས།།
སྒང་གཤོང་བར་མེད་བཟུང་བའི་གདུག་རྩུབ་ཨ་ཙ།།
སྨུག་སྤྲིན་ལྷོ་ལ་ཕྱོགས་པའི་འདུ་འགོད་བར་ནས།།
འདབ་དྲུག་ཁ་བའི་མེ་ཏོག་དགུ་བརྩེགས་བབས་པས།།
སྨུག་པོ་འབྲོང་གི་ཁྱུ་ཚོགས་ཨར་ལ་བཏད་ཚེ།།
ཉི་འོད་སེར་བོར་འཁྲེང་འཁྲེང་སུ་ལའང་མ་འཁྲེང་། །
འབྲོང་ཤ་ཚོན་པོའི་ཚོགས་འཁོར་ཁྱེད་ཚོར་ཞིམ་ཡོད། །
ཚེ་སྲོག་འགག་པའི་འཇིགས་སྐྲག་ང་ཚོས་མྱོང་ཡོད། །
འབྲོང་ཀོ་མཐུག་པོའི་གོས་བཟང་ཁྱེད་ཚོར་དྲོ་ཡོད། །
ཤ་ཁྲག་རུས་པའི་དཔྱ་ཁྲལ་ང་ཚོར་ལྕི་ཡོད། །
ཟླ་བ་ཡར་ཚེས་ཤིག་གི་དཔལ་དང་འགྲོགས་ཏེ། །
བྲེ་སེར་འབྲོང་གི་གྲགས་སྙན་ནུབ་མཐར་ཤོར་སྐད། །
སྐྲ་དང་པགས་པའི་ཁ་དོག་དཀར་དམར་སེར་གསུམ། །
སྣ་ཚོགས་མགྲོན་པོའི་ཡོ་ལངས་སྤྲིན་བཞིན་དཀྲིགས་སོ། །
ལ་ལ་འབྲོང་རྭའི་སྒྲ་སྙན་དཀྲོལ་ལ་དགའ་ཞིང་།།
ཁ་ཅིག་འབྲོང་ཁྱུའི་བྱུང་བར་རྣ་བ་ཀྲོང་ཀྲོང་།།
གཞན་དག་འབྲོང་ཕྲུག་ལས་ལ་གདུང་སེམས་མཉམ་བསྐྱེད།།
ཐམས་ཅད་གྲོས་ཐག་བཅད་པ་འབྲོང་རྒྱུད་དར་སྤེལ།།
འབྲོང་མོ་ངུར་སྒྲ་དིར་རེར་རྫ་ལ་གཤར་བས།།
འབྲོང་ཕྲུག་སྐྱིད་པའི་རྭ་རྩེད་བྱེད་ཁོམ་མ་བྱུང་།།
ཅེ་སྤྱང་ཤ་ལ་རྔམ་པའི་དུག་རླངས་ཕོག་ཞོར།།
གཡུང་དྲུང་སྲོག་གི་ཀ་བ་གངས་ལ་བཙུགས་ཡོད།།
རྐང་གཉིས་མི་ཡི་བསོད་ནམས་སེར་བོ་གསེར་རེད།།
དབུགས་ལྡན་སྐྱེ་འགྲོ་གཞག་དག་ཁྱེད་ལ་སྨོན་ཡོད།།
མཆོག་དཀར་གཞུ་མོའི་སྒུར་ཁ་ཚུར་ལ་མ་གཏོད།།
བྲེ་སེར་འབྲོང་ཡང་རང་བྱུང་ཁམས་ཀྱི་རྒྱན་ཡིན། །
གནག་སྣུམ་རྩུད་པའི་མཆོད་པ་ཅི་འདོད་ཕུལ་ཆོག །
མར་ཆུར་འོ་ཞོའི་དཔལ་ལ་ཅི་འདོད་རོལ་ཆོག །
བླང་དོར་བློ་གྲོས་བཀྲ་བའི་ཤེས་ལྡན་ཚོགས་ཀྱིས། །
ཚུར་ལ་བྱམས་པའི་མིག་ཞགས་ལན་གཅིག་འཕེན་རོགས།།
དུས་རབས་ཉེར་གཅིག་འཕྲུལ་གྱིས་དབང་མེད་དྲངས་པའི། །
འཆམ་མཐུན་སྤྱི་ཚོགས་གླེང་བརྗོད་ཁྱེད་ཚོས་སྦེལ་འདུག །
ཁ་ཚིག་དོན་ལ་གནས་བའི་འཛུམ་ཞིག་སྟོན་དང་། །
བྲེ་སེར་འབྲོང་ཁྱུ་མཐོན་པོའི་རི་ལས་བབས་འོང་། །
ངེས་འབྱུང་རླུང་བུས་བསུས་ཏེ་རི་ལ་མ་སོང་། །
གཉིས་འཛིན་གདོན་གྱིས་ཁྲིད་དེ་གཡང་ལ་མ་མཆོང་། །
ཞེན་ཆགས་མིང་ཟུང་སྐྱིད་པའི་ཕ་སར་ཤོར་བཞིན། །
དགོ་དགོའི་དབྱངས་ལ་འགུག་པའི་འབོད་པར་སྒུག་ཡོད། །
གནས་ལུགས་ཐང་མར་བརྡལ་བའི་ངག་རྩལ་མེད་ཀྱང་། །
རང་གཅེས་བདེན་དོན་གཤིས་ལ་འཇའ་ཚོན་བཞད་པས། །
བྲེ་སེར་འབྲོང་གི་རྭ་རྩེད་བྱེད་སྟངས་ཤིག་ལས། །
སེམས་ཀྱི་འཕར་ལྡང་དྲག་པོ་མཁྱེན་པར་མཛོད་དང་།།