ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

བྲན་གཡོག་བྱེད་མི་འདོད་ན་རིག་གནས་སྦྱོངས།

—–རིག་གནས་ལ་མི་དགའ་ཤིང་རིག་གནས་པར་དམོད་པའི་མི་ཚོགས་ལ་ལབ་པ། །

༡ མི་རབས་གསུམ་ལ་དཔེ་ཆ་མ་བཏོན་ན། ཁྱིམ་དེ་ཕག་ཚང་ཞིག་གི་དོ་ཟླའང་མིན།  འདི་ནི་རྒྱ་ནག་མི་རིགས་ཀྱི་གཏམ་དཔེ་ཞིག་རེད། འོ་ན། ང་ཚོའི་ཁྱིམ་ཚང་དག་ཅི་ཞིག་གི་དོ་ཟླ་རེད། མི་རབས་གསུམ་ཕར་ཞོག  མི་རབས་བཅུ་གསུམ་ལའང་ཁྱིམ་མི་ཚང་མས་དཔེ་ཆ་མ་བཏོན་པའང་ཉུང་ཉུང་མ་རེད།

༢ རིག་གནས་མེད་པའི་རྒྱལ་ཁབ་དང་མི་རིགས། ཁྱིམ་ཚང་དང་མི་སྒེར་བཅས་སུ་ཡིན་ཡང་། ཁོ་ནམ་ཡང་ཅི་ཞིག་གི་བྲན་གཡོག་ཡིན། གང་ཞིག་ནས་རྗེས་སུ་ལུས་འགྲོ།  དེ་བས།  ང་ཚོས་བྲན་གཡོག་བྱེད་མི་

འདོད་ན་རིག་གནས་སྦྱང་དགོས། ང་ཚོས། འདྲ་མཉམ་དང་ཁེ་དབང་གླེང་འདོད་ན་རིག་གནས་སྦྱང་དགོས། ཤེས་རབ་ཀྱི་སྤྱན་ལ་དགའ་ན། ཐར་བའི་ཐེམ་སྐས་ལ་འཛེག་ན། མཐར་ཐུག་སྐུ་བཞིའི་གོ་འཕང་ལ་བརྩོན་ན།  ཅིས་ཀྱང་སྣང་མེད་དུ་འདོར་མི་རུང་བ་ནི་རིག་གནས་ཡིན་ཨང་།

༣ གནའ་དེང་ལ་ཁྱད་པར་མེད་པར། ཤར་ནུབ་ལ་དབྱེ་འབྱེད་མི་བྱེད་པར།  ནང་གི་མུན་པ་སེལ་ཞིང་དོན་གྱི་གནས་ལུགས་གཞལ་བ། མི་གཞི་དྲང་ལམ་ལ་འགོད་ཅིང་གཞན་དག་བདེ་དགེའི་སར་འཁྲིད་པའི་རིག་པའི་གཞུང་ལུགས་དག་རིས་མེད་དུ་སྦྱང་དགོས་ལ། གང་སྦྱངས་པ་རྣམས་ལག་ལེན་ཏུའང་འདེབས་དགོས་ཏེ། རིག་གནས་མེད་པ་ནི་འགུལ་སྐྱོད་ཐུབ་པའི་སྡོང་རྒན་ཞིག་དང་། ཡོད་ཀྱང་མི་བཀོལ་བ་ནི་བཀྲེས་ལྟོགས་ཀྱིས་ཤི་བའི་གཏེར་བདག་ཅིག་དང་ཇི་འདྲའི་མཚུངས།

༤ རིག་གནས་མ་དར་བའི་ས་ཕྱོགས་དེ་ནི། འཇིགས་ཡེར་ཡེར་གྱི་མུན་པའི་ཁམས་ཤིག་ཡིན་ལ། རིག་གནས་ལ་མི་དགའ་བའི་མི་དག་ནི། ཚད་གཞིས་སྟོང་བའི་ གླེན་པའི་ཡང་རྩེར་འགྲེང་ཡོད། རིག་གནས་ཞེས་པ་སུམ་རྟགས་དག་གསུམ་ཙམ་མ་ཡིན་ལ། གཞུང་བཀའ་པོད་ལྔ་གསང་སྔགས་རྒྱུད་སྡེ་བཞི་དང་བཅས་པའང་། རིག་ གནས་ཡིན་པར་མ་ཟད་རིག་གནས་ཀྱི་ཡང་རྩེར་འཕགས་ཡོད།  རིག་གནས་ཀྱི་རྣམ་གྲངས་རྒྱུ་སྐར་གྱི་གྲངས་བཞིན་མང་ལ། རིག་གནས་ཀྱི་ཁྱབ་རྒྱས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཁམས་ཆེན་པོ་བཟུང་ཡོད།

༥ རིག་གནས་ལ་དགའ་བ་ནི། གནས་ལུགས་དང་བདེན་དོན་ངོ་འཕྲོད་པར་དགའ་བ་ཡིན་ལ།  རིག་གནས་སྦྱོང་བ་ནི། རང་གི་རྣམ་དཔྱོད་ཀྱི་ཚད་གཞི་གཞལ་ཞིང་མི་ཚེའི་སྙིང་བོའི་རང་འོད་འབར་བའི་ཆེད་ཀྱང་རེད།

༦ རིག་གནས་རྣམ་དག་ཅིག་སྦྱངས་ཡོད་ན། ཆོས་འཇིག་རྟེན་གང་བསྒྲུབས་ཀྱང་ཚད་ལྡན་ཞིག་འོང་ལ།  རང་གཞན་གྱི་དོན་གང་ལ་གཞོལ་ཡང་། མཐའ་འཁྱོལ་བ་དང་ཡིད་ཚིམ་པ་ཞིག་ཀྱང་འོང་ངེས།  རིག་གནས་ཀྱི་ཁོག་པ་ལས་མ་བྱུང་བའི་ངར་སྐད་དང་དབྱངས་རྟ་སོགས་ནི་འབྲུག་སྒྲ་དང་ཆུ་སྒྲ་ཙམ་ཡིན་ལ། རིག་གནས་ཀྱིས་མ་བསྐྱེད་པའི་དཔའ་སྤོབས་དང་ལ་རྒྱ་དག་ཀྱང་། སྟག་གཟིག་དོམ་དྲེད་ཀྱི་འཇིགས་ཟིལ་དང་བྱ་སྤྲེལ་གཡུལ་འཐབ་ཀྱི་ཞེན་ཁོག་ཙམ་ལས་འདའ་ས་ཆེར་མི་འདུག

༧ རིག་གནས་ལ་དགའ་བ་ནི། ཚེ་སྲོག་ལ་གསོན་ཤུགས་རྒྱས་པའི་དན་རྟགས་ཡིན་ལ། རིག་པ་སློབ་པའི་གྲལ་དུ་འགྲོ་བ་ནི། ཕྱོགས་ལས་རྣམ་རྒྱལ་གྱི་དམག་འཐབ་ཅིག་གི་མན་ངག་ལེན་དུ་ཆས་པ་རེད། དེ་བས།  བོད་པའི་གཞོན་སྐྱེས་རེ་འགའ་གྲྭ་སའམ་སློབ་གྲར་སློབ་གཉེར་དུ་བྲོས་འགྲོ་བ་ནི། རང་ཉིད་རྩམ་གཟན་དུད་འགྲོ་བྱས་ནས་འདུག་མ་འདོད་པ་ལས། ཕ་མ་དང་དགོན་པར་རྒྱབ་འགལ་བྱས་པ་མ་ཡིན་ལ། རིག་གནས་ཡོན་ཏན་སློབ་པར་དགའ་བའི་རྟོགས་སད་འདིས། གཉེན་ཉེའི་དུང་ཞེན་གཅོད་པ་དང་། ཆོས་སྐྱོང་གི་བཀའ་ཆད་ཕོག་པའི་ནག་ཉེས་ཅི་ཡང་བསགས་མེད།

༨ རིག་གནས་ཀྱི་མ་རྩ་མེད་པའི་དཔལ་འབྱོར་ཡར་རྒྱས་དེ་ནི། རྒྱ་མཚོའི་ཝུ་བའི་ཆེ་ཚད་དང་ཡུན་ཚད་ཙམ་ལས་འདའ་ས་མེད་ལ། རིག་གནས་ཀྱི་འཐབ་ཇུས་དང་བྲལ་བའི་ཆབ་སྲིད་འཐབ་རྩོད་དེ་ཡང་། འབྲོང་གཡག་དར་མའི་རྭ་རྩེད་དང་དམྱལ་བ་ཡང་སོས་པའི་ལས་དབང་གི་ཡས་མས་ཙམ་རེད།  རིག་གནས་ཀྱིས་མ་བསྐྱེད་པའི་དད་པ་ཡང་། ཡིད་ཆེས་དང་དགའ་མོས་ཙམ་དུ་འགྱུར་ཉེན་ཡོད་ལ།    རིག་གནས་ཀྱི་བློ་མིག་ལྡོངས་པའི་གསར་བརྗེ་དང་མདུན་བསྐྱོད་ཀྱིས། མུན་པའི་གཡང་དང་རྒུད་པའི་དོང་དུ་འཕེན་འགྲོ།

༩ བདག་གི་འཇིག་རྟེན་དང་བདག་གི་མི་རིགས། བདག་གི་སྤུན་ཟླ་དང་བདག་གི་གཞོན་སྐྱེས།  དགོས་འདོད་ཀུན་འབྱུང་གི་ནོར་བུ་འདོད་ན།  རིག་གནས་སྦྱོངས་ཤིག   ཕྱོགས་ལས་རྣམ་རྒྱལ་གྱི་གོ་འཕང་ལ་དགའ་ན། རིག་གནས་སྦྱོངས་ཤིག      བདག་བདེ་གཞན་སྐྱིད་ཀྱི་འཚོ་བ་ལ་བརྩོན་ན། རིག་གནས་སྦྱོངས་ཤིག  འདྲ་མཉམ། རང་དབང་། ཡར་རྒྱས། སྒེར་ཚུགས། གསར་བརྗེ། མདུན་བསྐྱོད། ཡོད་ཚད་རིག་གནས་སྦྱངས་ཤིང་བཀོལ་ཐུབ་པ་ལས་འབྱུང་ངེས།

༡༠ རིག་གནས་སྦྱོང་བའི་དཀའ་ཁེག་ནི་ལོ་ཤས་ཙམ་དང་། རིག་གནས་མེད་པའི་སྡུག་བསྔལ་ནི་ཚེ་རབས་ཕྲེང་རྒྱུད་ལ་མྱོང་དགོས་ན། ང་ཚོས་སོམ་ཉི་མི་བྱེད་པར། ཆ་རྐྱེན་མི་འདོན་པར། བཀག་འགོག་མི་གནང་བར།  རང་གིས་རིག་གནས་སྦྱང་དགོས་པ་མ་ཟད། གཞན་དག་ལའང་སྦྱོང་དུ་འཇག་དགོས།  འདི་ལ་ཁེག་འགེལ་ས་དང་ཁ་གཡར་ས་ཅི་ཡང་མེད།

 

 

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།