ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

བྱིན་རླབས་བདུད་རྩི་འཐུང་བའི་སྐལ་བཟང་།

གངས་ལྗོངས་ཐོན་མི་གཉིས་པ་རྗེ་བཙུན་དམུ་དགེ་བསམ་གཏན་རྒྱ་མཚོའི་གདུང་རུས་ཆ་ཚང་བཞུགས་པའི་མཆོད་རྟེན་དང་གཟིམ་ཁྲི་སོགས་ལ་མཇལ་བ།

ལྡོང་ཡོན་ཏན་རྒྱ་མཚོ།

བྱང་གངས་རིའི་ལྗོངས་ཀྱི་ཆོས་རིག་སྲིད།།
དུང་ཉ་ཟླའི་དཔལ་ལ་འགོད་མཁས་པ།།
རྗེ་བླ་མ་བསམ་གཏན་རྒྱ་མཚོ་མཁྱེན།།
བུ་ང་རང་བྱམས་བརྩེའི་འོད་ཀྱིས་སྐྱོངས།།

བོད་ཁ་བ་ཅན་གྱི་ཡར་རྒྱས་ཆེད།།
སྐད་ཡི་གེ་རང་སྐྱོང་བྱེད་པའི་ཕྱིར།།
སེང་དཀར་མོའི་ ་གད་རྒྱངས་མཐོ་བའི་རྗེ།།
དུས་ད་ལྟ་ཞིང་ཁམས་གང་དུ་བཞུགས།།

ཆོས་རིག་གནས་རྒྱ་ཆེན་མ་ཤེས་ཀྱང་།།
ནང་དད་དམ་རི་མོ་མ་ཉམས་པའི།།
མགོན་ཁྱེད་ཀྱི་གསུང་སྐྱེས་སློབ་བུ་བདག།
ལས་བསོད་ནམས་ལྕགས་ཀྱུས་གནས་འདིར་དྲངས།།

ས་དམུ་དགེའི་ཡུལ་ལུང་མཛེས་སྡུག་འབར།།
དགོན་བཀྲ་ཤིས་འཁོར་ལོ་ལྷུན་གྱིས་ཆགས།།
རྗེ་བླ་མའི་གཟིམ་ཁང་ཆོས་རིག་རྫོང་།།
གཟི་མ་ཉམས་ལོ་རྒྱུས་དཔང་བོར་བརྗིད།།

ལུས་གུས་པས་བརྐྱང་ཕྱག་ལན་གསུམ་འཚལ།།
ངག་གཙང་མས་སྐུ་བསྟོད་ཚར་གསུམ་བཏོན།།
ཡིད་དད་པས་ཚེ་རབས་རྗེས་འཛིན་ཞུས།།
རྗེ་བླ་མའི་གསང་གསུམ་ཡོན་ཏན་དྲན། །

སྐུ་མི་བཞུགས་གཟིམ་ཁྲི་སྟོང་བའི་འགྲམ།།
བསྲན་མི་བཟོད་དྲན་པ་འཐོར་ལ་ཁད།།
ཞག་གཅིག་ལ་རྩེ་གཅིག་གསོལ་འདེབས་ཞུས།།
ཐུགས་དགྱེས་པའི་རྟགས་མཚན་རེ་དགའ་བྱུང་།།

སྐུའི་གདུང་རུས་ཆ་ཚང་བཞུགས་པའི་རྟེན།།
རྗེ་ང་འདྲར་བརྗོད་འོས་སྐུ་བརྙན་དྲུང་།།
ཡིད་གདུང་ཤུགས་དྲག་པོས་བླ་མ་བསྒོམས།།
ཐུགས་བརྩེ་ཆེན་ཞགས་པས་མི་གཏོང་མཁྱེན།།

སྐུའི་ནབ་བཟའ་དབང་ཆས་རྡོར་དྲིལ་སོགས།།
བདག་བསོད་ནམས་རྟེན་དུ་ཐོབ་པ་འདིས།།
དུས་ཚེ་རབས་ཕྲེང་བའི་འཁོར་ལོ་རུ། །
ཆོས་བདུད་རྩིས་གསོ་བའི་རྟེན་འབྲེལ་འགྲིག །

སྒོམ་ཉམས་བཞེས་གནང་སའི་བཞུགས་གདན་དང་།།
གཞུང་གསར་རྩོམ་མཛད་སའི་ཁང་བཟང་དང་།།
ཐུགས་ཆོས་དབྱིངས་ཐིམ་སའི་གཟིམ་ཁྲི་སོགས།།
རྗེ་བླ་མ་དྲན་པའི་དཔལ་དུ་འབར།།

མགོན་ཁྱེད་ནི་ཐོན་མི་གཉིས་པ་སྟེ།།
བོད་སྐད་ཡིག་སློབ་གསོ་རིག་གནས་སྤེལ།།
གནས་འདི་སོགས་ཆོལ་གསུམ་ཕལ་མོ་ཆེར།།
རྒྱུན་མ་འཁྱོངས་མར་འགྲིབ་ཡིན་པས་སྐྱོ།།

ཆོས་ཡང་དར་བསྟན་པའི་ཉི་མ་ཁྱེད།།
བླ་དགོངས་པ་རབ་གསལ་མཛད་པ་བསྐྱངས།།
བོད་ཕྱི་རབས་གཞོན་ནུའི་རྣམ་དཔྱོད་འབུམ།།
གནས་མ་རྟོགས་ལོག་རྟོག་སྒྲོག་གིས་བཅིངས།།

ནང་བསམ་བློ་བཅོས་བསྒྱུར་བྱེད་པའི་སྐབས།།
ལོ་བཅུ་ལ་གོད་ཆག་ལྷུང་བའི་དུས།།
མགོན་ཁྱེད་ཚོ་རྡོ་རྗེའི་སྐུ་རུ་བཞེངས།།
གསུང་ཉི་འོད་སེར་བོས་གངས་ལྗོངས་བསྐྱབས།།

བོད་ཕྱི་རབས་གཞོན་སྐྱེས་སྡོང་ལོ་འདྲ།།
རླུང་འཚུབ་མའི་ནང་དུ་མགོ་བོ་འཁོར།།
རང་གང་ནས་འོང་ཞིང་གང་དུ་འགྲོ།།
བློ་ཞིབ་མོས་བསམ་གཞིག་གཏོང་མཁན་ཉུང་།།

དུང་ཟླ་བ་མར་ལ་འགྲིབ་པའི་ཚུལ།།
མཚོ་མ་ཕམ་རླབས་ཤུགས་ཉམས་པའི་ཚུལ།།
ཟུར་རེ་རེ་ཞུས་ན་མཐའ་མེད་ཀྱང་།།
ལེ་གཞན་ལ་མི་འདེད་རང་སར་འབད། །

བུ་ང་རང་ལས་ཉོན་ཁོལ་བོ་སྟེ།།
སེམས་འཇིག་རྟེན་ཆོས་བརྒྱད་གདོན་གྱིས་གཙེ།།
སྡོམ་དམ་ཚིག་གསེར་སྐུད་ལྷོད་ལ་ཁད།།
ཐུགས་རྡོ་རྗེའི་གུར་ལས་མི་འདོར་མཁྱེན།།

མི་ང་རང་རྒྱལ་ཁམས་གླེང་གཞི་སྟེ།།
ཚིག་བསྟོད་སྨད་མེ་ཤུགས་ཀློང་ན་ངལ།།
ལས་ཅི་བྱས་གཞན་ཕན་མ་ཡིན་ན།།
དུས་ད་ནས་གྲགས་སྐམ་རྒུད་པར་མཛོད།།

བོད་གངས་རིའི་ལྗོངས་ན་ཁྱི་བཞིན་ཉུལ།།
ཁས་སློབ་གསོ་སྤེལ་ཞིང་ལག་པས་བྲིས།།
ཕྱོགས་ནོར་ཞིང་གནད་འགག་ཟིན་མེད་ན།།
བུ་སྙིང་རུལ་བདག་ལ་ལམ་སྟོན་མཛོད།།

བདག་སོ་སྐྱེས་འཆིང་བ་ཀུན་ལྡན་ལ།།
ཡིད་དགའ་སྐྱོ་ལེགས་ཉེས་བརྗོད་མཐའ་མེད།།
སྐྱབས་ཀུན་འདུས་གསུམ་ལྡན་བླ་མ་ཁྱེད།།
སྙིང་པད་དཀར་གདན་ལས་མི་འབྲལ་མཁྱེན།།

སྟེང་དགའ་ལྡན་དག་པའི་ཞིང་ཁམས་ནས།།
རྗེ་བླ་མ་ཐེག་ཆེན་ཆོས་ཀྱིས་བྲེལ།།
གསུང་བདུད་རྩིས་བསྐྱངས་པའི་གུས་འབངས་བདག །
བོད་ཆོས་རིག་སློབ་གསོ་སྤེལ་དུ་འགྲོ།།

སེམས་དུག་གསུམ་ནད་ལས་བསྐྱབ་ཏུ་གསོལ།།
གཏམ་མི་ཁའི་ཀློང་ལས་བསྐྱབ་ཏུ་གསོལ།།
ལས་གཞན་དོན་འགྲུབ་པར་བྱིན་གྱིས་རློབས།།
ཆོས་རིག་གནས་སློབ་གསོ་འགྲུབ་པར་མཛོད།།

བྱིན་རླབས་བདུད་རྩི་འཐུང་བའི་སྐལ་བཟང་ཞེས་པ་འདི་ནི་སྤྱི་ལོ་༢༠༡༨-༢-༩ཉིན་གངས་ལྗོངས་ཐོན་མི་གཉིས་པ་རྗེ་བཙུན་དམུ་དགེ་བསམ་གཏན་རྒྱ་མཚོའི་སྐུ་ཚ་དམ་པ་བསླབ་གསུམ་རྒྱ་མཚོ་མཆོག་དང་། དམུ་དགེའི་ཡ་རབས་སྤྱོད་བཟང་ཚོགས་པ་སོགས་ཀྱི་རེ་བ་བཞིན་ཡུལ་དེའི་སེར་སྐྱ་མང་བོར་ཆོས་རིག་སློབ་གསོ་ཞིག་སྤེལ་ཁུལ་བྱེད་དུ་སོང་ཚེ། རྗེ་བཙུན་བླ་མ་མཆོག་གི་སྐུ་གདུང་མཆོད་རྟེན་སོགས་ལ་མཇལ་རྒྱུའི་སྐལ་བ་བཟང་བོ་བྱུང་ཞིང་། སྐུ་ཚ་མཆོག་ནས་ཕྲན་ལ་ཁྱེད་ནི་དཔལ་ལྡན་བླ་མ་མཆོག་གི་བུ་སློབ་དད་པ་དང་དམ་ཚིག་གཙང་བ་གཞན་དང་མི་འདྲ་བ་ཞིག་ཡིན་གསུངས་ཏེ། བླ་མ་དམ་པས་ཡུན་རིང་མནབས་པའི་ཚི་ལེན་དང་དབང་གནང་སྐབས་བེད་སྤྱོད་གནང་མྱོང་བའི་རྡོར་དྲིལ་བྱིན་ཅན་སོགས་རྟེན་སྐལ་དུ་བསྩལ་པས་དགའ་བ་གནོན་མི་ཐུབ་པ་ལྟ་བུ་བྱུང་སྟེ། གཟིམ་ཁྲི་དང་སྐུ་གདུང་མཆོད་རྟེན་མདུན་ནས་ནས་གསོལ་བ་ཤུགས་དྲག་འདེབས་བཞིན་ཁོང་གི་སློབ་བུ་ཁྲི་སྟོང་གི་གྲལ་མཐའ་བ་ལྡོང་ཡོན་ཏན་རྒྱ་མཚོས་བྲིས།

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།