ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

བྱམས་སྙིང་རྗེ་དང་བདག་གི་མི་ཚེ།

སྤྱི་ལོ་༢༠༡༥ལོའི་ཟླ་༡༡པར་ནུབ་ཕྱོགས་ཁ་ཎ་ཌ་རྒྱལ་ཁབ་ཀྱི་ཐྲོ་རུང་ཐྲོའོ་གྲོང་ཁྱེར་ནས་འཚོགས་པའི་རྒྱལ་སྤྱིའི་ནང་བསྟན་བརྒྱུད་པ་གསུམ་གྱི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པའི་སྟེང་ཕུལ་བའི་སྙན་ཞུ།

བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །

ཐོག་མར་ངས་རིགས་དང་ཡུལ་གྱིས་ཕྱེས་པའི་འཛམ་གླིང་རྒྱལ་ཁབ་ཁག་མང་བོ་ནས་ཕེབས་པའི་ནང་བསྟན་བརྒྱུད་པ་གསུམ་གྱི་མཁས་དབང་རྣམ་པར་སྐུ་ཁམས་བཟང་བའི་འཚམས་འདྲི་ཞུ།

དེ་ཡང་རང་ཅག་གི་རྩ་བའི་སྟོན་པ་ཐུགས་རྗེ་ཅན་མཉམ་མེད་ཤཱཀྱ་ཐུབ་པའི་ཞལ་ནས། ལས་མ་བྱས་པ་དང་མི་འཕྲད་པ་དང་། བྱས་པ་ཆུད་མི་ཟ་བ་ཡིན་ཞེས་གསུངས་པ་ལྟར། དེ་རིང་རིགས་དང་ཡུལ་གྱིས་ཕྱེས་ཀྱང་དད་གུས་དང་བསམ་འདུན་གཅིག་པའི་རང་ཅག   སྔོན་གྱི་ལས་སྨོན་དྲག་པོས་མཚམས་སྦྱར་ཏེ་འདི་ལྟར་ལྷན་འཛོམས་བྱུང་བ་ཡིན་པའི་ཡིད་ཆེས་བརྟན་པོ་བདག་ལ་ཡོད་དེ། རྣམ་པ་ལྷན་རྒྱས་ཀྱིས་ཀྱང་དེ་ལྟར་དགོངས་བཞིན་ཡོད་སྲིད།

ང་ནི་ཕྱོགས་བཞི་གངས་དཀར་རི་བོས་ཟླུམ་པོར་བསྐོར་ཞིང་མཁའ་དབུགས་དྭངས་པ།  རང་བྱུང་རི་ཆུ་ནགས་གསུམ་གྱི་མཛེས་སྡུག་རྫོགས་ཤིང་རྩི་ལྗོན་མེ་ཏོག་མང་ས། ལྟོས་བཅས་ཀྱིས་བཤད་ན་འབག་བཙོག་གིས་བསླད་པ་ཉུང་ཞིང་རྩ་ཆེའི་རི་དྭགས་སྣ་ཚོགས་བག་ཕེབ་ཀྱིས་འཚོ་ས།  གཟུར་གནས་ཡུལ་སྐོར་བ་མང་བོས་འཛམ་བུ་གླིང་བའི་ཆེས་མཐའ་མཇུག་གི་དག་ཞིང་དུ་འབོད་པའི་གནས་མཆོག་ཁ་བ་ཅན་ནས་སྐྱེས་ཤིང་། ཆུང་ངུའི་དུས་ནས་རབ་ཏུ་བྱུང་སྟེ་རིམ་བཞིན་དགེ་ཚུལ་སློང་གི་སྡོམ་པ་བླངས།ཆོས་སྡེ་ཆེན་པོ་ཁག་ནས་སློབ་གཉེར་གང་འཚམ་བྱས་ནས་འཚར་ལོངས་བྱུང་བ་ཞིག་ཡིན།  ཡ་རབས་དྲང་བདེན་གཙིགས་སུ་འཛིན་མཁན་གྱི་ངའི་མི་རིགས་གངས་ཅན་བོད་པ་ཞེས་སུ་གྲགས་པ་འདིས་ལུང་རྟོགས་གཉིས་ལྡན་གྱི་ཐུབ་པའི་བསྟན་པ་རིན་པོ་ཆེ་ནང་འདྲེན་བྱས་ཏེ་མི་ལོ་ཆིག་སྟོང་སུམ་བརྒྱ་ལྔ་བཅུ་ལྷག་གི་རིང་ལ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པར་ཐོས་བསམ་སྒོམ་སྒྲུབ་ཡ་མ་བྲལ་བ་བྱས་པས་རྟོགས་པ་མཐོན་པོར་གཤེགས་པ་དང་ཟུང་འཇུག་གི་གོ་འཕང་མངོན་དུ་མཛད་མཁན་གྱི་སྐྱེས་ཆེན་མང་བོ་བྱོན་དང་འབྱོན་བཞིན་ཡོད་ལ། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ནང་ཆོས་བརྒྱུད་འཛིན་དར་སྤེལ་བྱས་པས། གཟུར་གནས་ཤེས་ལྡན་པ་མང་བོས། ད་ལྟ་ས་ཆེན་པོའི་སྟེང་ན་མདོ་སྔགས་གཉིས་ཆ་ཐམས་ཅད་ནས་མ་ཉམས་པར་གནས་ཡོད་པའི་ཡུལ་ཁམས་གཅིག་བུར་ངོས་འཛིན་གནང་བཞིན་པ་ལྟར་ལགས་སོ། །

སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཀྱིས། དང་བོར་སེམས་ཅན་གཞན་གྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་ཤིང་རང་གི་གྲོགས་རྫོགས་བྱང་དོན་གཉེར་གྱི་འདུན་པ་དང་མཚུངས་ལྡན་དུ་གྱུར་བའི་ཐེག་ཆེན་ཡིད་ཀྱི་རྣམ་རིག་ཁྱད་པར་ཅན་དང་ལྡན་པར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་བྱ་དཀའ་བ་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེའི་སྒོ་ནས་གྲངས་དང་མཐའ་མི་དཔོག་པའི་སེམས་ཅན་གྱི་དོན་མཛད། མཐར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་མཛད་ནས་ཀྱང་མི་ལོ་ཞེ་ལྔའི་རིང་ལ་བྱམས་བརྩེའི་སྙིང་བོ་ཅན་གྱི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བས།  དབུལ་ཕྱུག་ལ་ལྟོས་པ་མེད་པར།  རིགས་རུས་ལ་ཁྱད་པར་མེད་པར། བཙན་གཉོམ་ལ་དབྱེ་འབྱེད་མེད་པར། ཕོ་མོ་ལ་མཆོག་དམན་མེད་པར།  རྒྱལ་ཁབ་དང་མི་རིགས་གང་ཡིན་ལ་བཀག་འགོག་མེད་པར།  ཆེས་འདྲ་མཉམ་དང་དྲང་བདེན་གྱི་ལམ་ནས་རང་རང་གི་བློ་སྟོབས་དང་འཚམ་ལ་དུས་སུ་བབས་པའི་དམ་ཆོས་ཟབ་མོར་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་འདུག་ཚུལ་སོགས་ནི་འདིར་བཞུགས་ལྷན་རྒྱས་ཀྱིས་མཁྱེན་གསལ་ལྟར་ལགས་པས་ཞིབ་བརྗོད་མི་དགོས།

ཁ་བ་གངས་ཅན་གྱི་ལྗོངས་འདིར་མཚོན་ན་དུས་རབས་བཞི་བའི་དུས་དཀྱིལ་ལ་ཉེ་བ་ཙམ་ནས་དམ་ཆོས་ནང་འདྲེན་གྱི་དབུ་ཙམ་བརྙེས་པ་དང་།  དུས་རབས་བདུན་པ་སྟེ་ཆོས་ཀྱི་རྒྱལ་བོ་སྲོང་བཙན་སྒམ་པོའི་སྐུ་རིང་ནས་ནང་ཆོས་ཀྱི་ཉི་འོད་སེར་བོ་བོད་ལ་དངོས་སུ་འཕྲོས་ཏེ། ཐོག་མར་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་རྒྱ་གར་སཾ་སྐྲྀ་ཏའི་སྐད་ནས་བོད་སྐད་དུ་བསྒྱུར་ཞིང་།  རྒྱལ་བློན་འབངས་འཁོར་དང་བཅས་པས་འཕགས་པ་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཟབ་མོ་ཁག་གཅིག་ལ་བརྟེན་ནས་ནང་ཆོས་ཉམས་ལེན་མཛད་པའི་ལོ་རྒྱུས་ཡོད།

བོད་མི་རིགས་ནི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པར་ཐོས་བསམ་སྒོམ་སྒྲུབ་ཆ་ཚང་བྱེད་མཁན་ཞིག་ཡིན་ལ། ཁྱད་པར་དུ་སངས་རྒྱས་རྣམས་ཀྱི་སྙིང་རྗེའི་རང་གཟུགས་ལྷ་སྐུ་བཞིན་ལག་གི་རྣམ་པར་ཤར་བ་འཕགས་པ་ཐུགས་རྗེ་ཆེན་པོ་མེ་ཏོག་ཕོག་པའི་ལྷ་སྐལ་དུ་བརྟེན་ཞིང་། དེའི་གཟུངས་སྔགས་མ་ཎི་ཡི་གེ་དྲུག་མའི་བཟླས་བརྗོད་ལ་བརྩོན་པའི་མི་རིགས་ཤིག་ཡིན་པས་ཐམས་ཅད་ཀྱི་རྒྱུད་ལ་གཞན་དང་ཅུང་མི་མཚུངས་པའི་བྱམས་དང་སྙིང་རྗེ་རང་ཆས་སུ་གྲུབ་པ་ཞིག་ཡིན་ཞེས་བཤད་ཀྱང་ཐལ་མི་ཆེ་བ་ལྟ་བུའི་ཚོད་དུ་ཡོད་ལ། བདག་ཀྱང་མི་རིགས་འདིའི་ཆ་ཤས་སམ་མི་རིགས་འདིར་གཏོགས་པ་ཞིག་ཡིན་པའི་ངོས་ནས་བྱམས་དང་སྙིང་རྗེ་ཆ་ཚང་ལག་ལེན་བྱེད་མཁན་ཞིག་ཡིན་ཟེར་ན་རྫུན་དུ་འགྲོ་ཡང་བྱམས་དང་སྙིང་རྗེའི་དྲོད་ཁོལ་གྱིས་སྒོ་གསུམ་གྱི་བྱ་སྤྱོད་དག་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་ས་ཞིག་ཡིན་ཞེས་བཤད་པར་སྤོབས། བོད་པ་སུ་ཡིན་ཡང་མཚན་མོར་ཨ་མས་གཟུངས་མ་ཎི་ཡི་གེ་དྲུག་མ་འདོན་པའི་སྒྲ་དབྱངས་འཇམ་པོའི་ངོགས་ནས་གཉིད་དུ་ཡུར་ཞིང་། ཞོགས་པར་ཡང་ཨ་མའི་ཡིག་དྲུག་གི་དབྱངས་རྟ་ལྷོད་པོས་གཉིད་ལས་དཀྲོགས་པ་ཤ་སྟག་ཡིན་པས།  བསུབ་ཐབས་མེད་པའི་བྱམས་བརྩེའི་རིག་གནས་ཤིག་ཤ་རྐང་རུས་གསུམ་ལ་ཐིམ་ནས་ཡོད།

སྤྱིར་ནང་ཆོས་ནི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་མེད་ཀྱིས་བསྡུས་པ་ཞིག་ཡིན་ལ། ཁྱད་པར་དུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ནི་བྱམས་དང་སྙིང་རྗེ་ཆེན་པོ་སྲོག་ཏུ་བཟུང་ཞིང་གཟུངས་མ་ཎི་ཡི་གེ་དྲུག་མ་དང་ཁ་འབྲལ་མེད་པ་ཞིག་ཀྱང་ཡིན་པས། དེས་བོད་མི་རིགས་ཡོངས་ཀྱི་སེམས་ཁམས་ལ་བསུབ་ཏུ་མེད་པའི་བག་ཆགས་ཟབ་མོ་ཞིག་བཞག་ཡོད།  འདི་ལ་རྒྱུ་མཚན་ཁ་ཤས་ཡོད་དེ། 1 མདོ་སྡེ་པད་མ་དཀར་བོ་ལས།བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་བ། རིགས་ཀྱི་བུ་དུས་གསུམ་གྱི་སངས་རྒྱས་གང་གིས་ཀྱང་གདུལ་བྱར་མ་གྱུར་བའི་གནས། འདྲེ་སྲིན་དུ་མས་གང་བའི་མཐའ་འཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་དེར། མ་འོངས་པའི་དུས་སུ་དམ་པའི་ཆོས་ཉི་མ་ལྟ་བུ་ཞིག་དར་ཞིང་རྒྱས་པར་འདུག་སྟེ། སེམས་ཅན་དེ་རྣམས་ཀྱང་ཐར་བ་བྱང་ཆུབ་ཀྱི་ལམ་ལ་འགོད་པར་འགྱུར་རོ། །མཐའ་འཁོབ་དེ་འདུལ་བའི་གཉེན་པོ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡིན་ནོ། །དེ་གང་ཞེ་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ།    སངས་རྒྱས་སྟོང་གི་སྤྱན་སྔར་སྨོན་ལམ་བཏབ་སྟེ།  བདག་གིས་དུས་གསུམ་སངས་རྒྱས་གང་གིས་ཀྱང་ཞབས་ཀྱིས་མ་བཅག་པའི་གནས། མཐའ་འཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་ན་ཡོད་པའི་སེམས་ཅན་འདུལ་དཀའ་བ་དེ་རྣམས་ཐར་བ་བྱང་ཆུབ་ཀྱི་ལམ་ལ་འཁོད་པར་གྱུར་ཅིག  མཐའ་འཁོབ་དེ་ཡང་བདག་གིས་འདུལ་བའི་ཞིང་དུ་གྱུར་ཅིག  བདག་འདྲེ་སྲིན་ལ་སོགས་སེམས་ཅན་དེ་དག་ཐམས་ཅད་ཀྱི་ཕ་མ་ལྟ་བུར་གྱུར་ཅིག འགྲོ་བ་སྒྲོལ་བའི་དེད་དཔོན་ལྟ་བུར་གྱུར་ཅིག མུན་པ་སེལ་བའི་སྒྲོན་མེ་ལྟ་བུར་གྱུར་ཅིག  དུས་གསུམ་སངས་རྒྱས་ལ་སོགས་པ་དེ་དག་ཐམས་ཅད་ཀྱིས་གསུངས་པའི་ཆོས་ཐམས་ཅད་མཐའ་འཁོབ་ཀྱི་ཡུལ་དེར་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག  སེམས་ཅན་དེ་རྣམས་ཀྱིས་དཀོན་མཆོག་གསུམ་གྱི་མཚན་ཐོས་ཏེ་སྐྱབས་སུ་སོང་ནས། བདེ་འགྲོ་མཐོ་རིས་ཀྱི་ལུས་ཐོབ་སྟེ། དམ་པའི་ཆོས་ལ་ལོངས་སྤྱོད་པར་གྱུར་ཅིག བདག་གིས་གང་ལ་གང་འདུལ་གྱིས་སེམས་ཅན་རྣམས་སྨིན་ཅིང་གྲོལ་ནས། མཐའ་འཁོབ་དེ་ཡང་རིན་པོ་ཆེའི་གླིང་ལྟ་བུར་གྱུར་ཅིག  དེ་ཁོ་ན་ཉིད་དུ་གྱུར་ཅིག  ཅེས་སྨོན་ལམ་བཏབ་པས། དེའི་སྨོན་ལམ་གྱི་མཐུ་ལ་བརྟེན་ནས། དུས་གསུམ་སངས་རྒྱས་གང་གིས་ཀྱང་མ་ཐུལ་བར་སྤྱན་རས་གཟིགས་ཀྱིས་འདུལ་བའི་ཞིང་ཁམས་སུ་གྱུར་བའི་རྒྱུ་མཚན་ཡང་དེ་ཡིན་ནོ། །ཞེས་གསུངས་པ་ལྟར། བོད་ཁ་བ་ཅན་གྱི་ལྗོངས་འདི་ནི་འཕགས་པ་ཐུགས་རྗེ་ཆེན་པོའི་གདུལ་ཞིང་ཡིན་པས་རྒྱལ་བློན་དང་བླ་མ། དགེ་བའི་བཤེས་གཉེན་དང་ཕ་མ་སོགས་རྣམ་པ་སྣ་ཚོགས་ཀྱི་གཟུགས་སུ་བསམ་བཞིན་བྱོན་ནས་གདུལ་བྱའི་དོན་མཛད་པས་སྙིང་རྗེའི་ལྷ་དང་ལས་འབྲེལ་གཞན་ལས་ཆེ་བ་དང་།  2 ཐོག་མ་ཉིད་ནས་ཐེག་པ་ཆེན་པོ་སྔགས་དང་བཅས་པ་དང་ཁྱད་པར་སྙིང་རྗེའི་རང་གཟུགས་འཕགས་པ་ཐུགས་རྗེ་ཆེན་པོའི་ཆོས་སྐོར་མང་བོ་ནང་འདྲེན་བྱས་ཏེ་ཉམས་ལེན་ཅི་ཐུབ་བྱས་པ་དང་།  3 ཕ་མ་དང་རྒན་བགྲེས་རྣམས་ཀྱིས་དུས་རྒྱུན་པར་སེམས་ཅན་འབུ་སྲིན་ཕྲ་མོ་ཡན་ཆད་ཀྱི་ཚེ་སྲོག་གཅོད་མི་ཉན་པ་དང་དེ་དག་ལ་བྱམས་སྐྱོང་དགོས་པ། ཚེ་སྲོག་ཡོད་ཚད་འདྲ་མཉམ་ཡིན་པ། མི་སུ་ཡིན་ཡང་གང་ནུས་ཅི་ཐུབ་ཀྱིས་གཞན་ལ་རོགས་རམ་དང་དྲིན་ལན་གཞལ་དགོས་པ།  ལས་འབྲས་བརྩི་སྲུང་དང་མཆོག་གསུམ་སྐྱབས་སུ་བསྟེན་དགོས་པ། ཡ་རབས་ཀྱི་བྱ་སྤྱོད་ལ་བརྩོན་ཅིང་མ་རབས་ཀྱི་ལས་ལ་འཛེམ་དགོས་པ་སོགས་ཀྱི་བསླབ་བྱ་སློབ་སྟོན་རྒྱུན་པར་གནང་བ།  4  ཕྱག་སྐོར་བྱེད་པ་དང་། སྨོན་ལམ་རྒྱག་པ།  གསོལ་བ་འདེབས་པ་ཙམ་གཙོ་བོ་མ་ཡིན་པར། དགེ་བའི་བཤེས་གཉེན་རྣམས་ཀྱིས་སྐབས་གང་ཡོད་ལ་ཟབ་རྒྱས་གཉིས་ཚོགས་ཀྱི་ནང་བའི་ཆོས་གཞུང་སྤྱི་དང་ཁྱད་པར་དུ་བདག་གཞན་མཉམ་བརྗེ་དང་རྒྱུ་འབྲས་མན་ངག་བདུན་སོགས་ཞིབ་རྒྱས་སུ་ཁྲིད་ཅིང་དེའི་དོན་སྒོམ་དུ་འཇུག་པ། གང་ནུས་ཅི་ལྕོག་གིས་ལག་ལེན་ལ་འདེབས་པ། 5  ཐེག་པ་ཆེན་པོའི་གཞུང་ལུགས་བོད་སྐད་དུ་བསྒྱུར་བ་དང་བོད་རང་གི་མཁས་པས་བརྩམས་པ་ལ་པོ་ཏི་ཁྲི་ཕྲག་དུ་མ་ཡོད་ཕྱིར་དེའི་སྐོར་ལ་ཉམས་ཞིབ་དང་སློབ་སྦྱོང་བྱེད་པར་གཞན་ལས་མཐུན་རྐྱེན་འཛོམས་པ་སོགས་སོ། །

ངས་དུས་རྟག་པར་བྱམས་བརྩེའི་ཆོས་སྐོར་ཆ་ཚང་ཉམས་ལེན་བྱས་དང་བྱེད་བཞིན་ཡོད་ཅེས་བཤད་ག་ལ་སྤོབས་མོད། གོང་གསལ་བོད་མི་རིགས་ལ་འཛོམས་པའི་མཐུན་རྐྱེན་དག་ང་ལའང་ཡར་ལྡན་དུ་ཚང་བས། མི་ཚེ་འདིར་ངས་བསམ་བཞིན་འབུ་སྲིན་ཕྲ་མོ་གཅིག་གི་ཚེ་སྲོག་ཡང་གཅོད་མ་མྱོང་ལ། མི་ལོ་ཉི་ཤུ་ཡས་མས་སུ་དོན་གཉེར་ཅན་གྱི་སློབ་མ་སྟོང་ཕྲག་མང་བོར་ཟླ་ཕོག་མེད་པར་སློབ་ཁྲིད་དང་།  ད་བར་དུ་རྒྱལ་ཁབ་དང་མི་རིགས་ལ་དབྱེ་འབྱེད་མེད་པར་ནང་ཆོས་ལ་དད་འདུན་ཆེ་བའི་མི་ཁྲི་ཕྲག་བརྒྱ་ཡས་མས་ཤིག་ལ་ཀུན་སློང་རྣམ་དག་གིས་ཆོས་ཁྲིད་བྱས་པ་སོགས་ནི་ང་ལ་མཚོན་ན་བྱམས་བརྩེའི་སྙིང་བོ་ཅན་གྱི་ཐེག་པ་ཆེན་པོའི་ཆོས་ཀྱི་ཟུར་མཚོན་དང་ཕྱོགས་གཏོགས་ཙམ་ལག་ལེན་དུ་བཏབ་པའི་མཚོན་དཔེ་ཞིག་ཏུ་བསམ་ནས་ཡོད།

གཞན་ཡང་། ངས་བྱམས་དང་སྙིང་རྗེའི་ཆོས་སྐོར་ལ་རྒྱ་ཆེན་གཏིང་ཟབ་ཀྱིས་ཉམས་ལེན་ཆེན་པོ་བྱེད་མ་ཐུབ་ཀྱང་། བྱམས་དང་སྙིང་རྗེའི་ངོ་བོ་དང་ཕན་ནུས་སོགས་ལ་སློབ་གཉེར་ཕྲན་བུ་བྱས་མྱོང་བ་ཞིག་ཡིན་པའི་ཆ་ནས་གཤམ་དུ་དེའི་སྐོར་གྱི་ངེས་ཤེས་འགའ་ཞིག་འདིར་བཞུགས་མཁས་དབང་ལྷན་རྒྱས་ལ་དཔྱད་གཞིར་འབུལ་འདོད།

སྤྱིར་བྱམས་དང་སྙིང་རྗེ་ཞེས་པ་ནི་ནང་བ་བ་དང་། ཡེ་ཤུ་བ། ཧིན་དྷུ་བ་སོགས་ཆོས་ལུགས་པ་དག་གིས་འབོད་པའི་སྒེར་ཆོས་ལྟ་བུའི་ཐ་སྙད་ཅིག་ཡིན་མོད། སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་ཀྱི་འབྱུང་རྩ་དངོས་ནི་བྱམས་བརྩེ་ཡིན་ལ། བྱམས་དང་སྙིང་རྗེ་ནི་དབུགས་ལྡན་སྐྱེ་འགྲོ་སུ་ལའང་མེད་ཐབས་མེད་པར་གྱུར་ཡོད། ད་སྐབས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་བརྗོད་བཞིན་པ་དེ་ཡང་རྩ་བ་བྱམས་དང་སྙིང་རྗེར་ཐུག་ཡོད་དེ། བྱམས་དང་སྙིང་རྗེས་སྟོང་བའི་ཡ་རབས་དང་སྤྱོད་བཟང་ཞེས་པ་ཞིག་ལོགས་སུ་འཇོག་ཐབས་བྲལ་ཚུལ་བདག་ཅག་གི་བླ་མ་སྙིང་རྗེའི་བདག་པོ་མཆོག་གིས་ཀྱང་ཡང་ཡང་གདམས་འདུག   བདེ་སྡུག་གི་ཚོར་བས་བསྡུས་པ་བོ་ཞིག་ཡིན་པ་ནས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ལ་ཁྱད་པར་མེད་པས། ད་ལྟ་འཛམ་གླིང་གི་མི་འབོར་དུང་ཕྱུར་བདུན་ཅུ་ཡས་མས་ཁྲོད་ཆོས་ལ་མི་དད་མཁན་དུང་ཕྱུར་བཅུ་ཙམ་ཡོད་སྐད་འདུག་པ་དེ་དག་ཀྱང་བྱམས་སྙིང་རྗེ་དང་ཁ་གྱེས་ཐབས་གཏན་ནས་མེད་དེ། བྱམས་དང་སྙིང་རྗེས་མ་བསྐྱེད་པའི་མི་ཚེ་ནི་ཆེས་ཡ་ང་བ་དང་འཇིགས་སུ་རུང་བ་ཞིག་ཡིན་ངེས་པས། བྱམས་དང་སྙིང་རྗེ་སོགས་ནི་ཆོས་ལུགས་པའི་ཉམས་ལེན་གྱི་སྐད་ཆ་ཞིག་ཡིན་པས་ང་ཚོ་ཆོས་དད་མེད་པ་དག་ལ་འབྲེལ་བ་མེད་ཅེ་ན་ནི་ཤིན་ཏུ་ཚབ་ཆེ་བའི་བསམ་བློའི་ནོར་འཁྲུལ་གྱི་དོང་དུ་ལྷུང་བའོ། །

ཤུགས་དྲག་ཞན་དང་ཚད་མཐོ་དམན་སོགས་ཡོད་ཀྱང་འགྲོ་བ་མི་ལྟ་ཅི་དབུགས་ལྡན་ཡོད་དོ་ཅོག་ལ་ལྷན་སྐྱེས་ཀྱི་ཚུལ་དུ་མངའ་བའི་རིས་སུ་ཆད་པའི་བྱམས་དང་སྙིང་རྗེའི་རིགས་གཅིག་དང་། རྒྱ་ཆེ་བའི་རིམ་པ་སྟེ་ཆེད་དུ་དམིགས་ནས་རིས་སུ་མ་ཆད་པར་བསྐྱེད་དགོས་པའི་བྱམས་དང་སྙིང་རྗེའི་རིགས་ཤིག་བཅས་རྩ་བའི་ཆ་ནས་རིགས་གཉིས་ཡོད་པ་ལས། ཆོས་ལུགས་པ་སྤྱི་དང་ཁྱད་པར་དུ་ནང་བའི་ཐེག་པ་ཆེན་པོའི་ཆོས་ཉམས་ལེན་བྱེད་མཁན་ཞིག་ལ་མཚོན་ན།  རིགས་དང་བོ་དེ་རྒྱུད་ལ་ལྡན་པ་གཞིར་བཞག་ཐོག་ཕྱོགས་ལྷུང་དང་བྲལ་བའི་བྱམས་དང་སྙིང་རྗེར་འབད་ཅིང་བརྩོན་དགོས་ཏེ།  དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པ་ལས། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་བ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །དང་བོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པས། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །ཅེས་ཤིན་ཏུ་གལ་ཆེ་བར་གདམས་ཡོད་པ་ལྟར་རོ། །

དེའི་ཕྱིར་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་ཆོས་ཉམས་སུ་ལེན་པའི་ནང་བ་བ་སྤྱི་དང་། ཁྱད་པར་ཐེག་པ་ཆེན་པོ་སྔགས་དང་བཅས་པར་མཐའ་གཅིག་ཏུ་སྒོམ་སྒྲུབ་བྱེད་པ་བོ་དག་གི་ལས་ནི་གཞན་གྱི་ཕན་བདེ་ལ་བློ་སེམས་རྩེ་གཅིག་གིས་གཞོལ་རྒྱུ་ལས་གཞན་མེད་དེ། འགྲོ་བ་རྣམས་སྡུག་བསྔལ་གྱིས་ཀུན་ཏུ་གདུངས་པར་མཐོང་ནས་དེ་དག་གི་དོན་དུ་བྲེལ་བ་ལ་སྐྱེས་བུ་དམ་པ་དང་མཁས་པ་དང་ཐེག་པ་ཆེན་བོ་བ་དང་བྱང་ཆུབ་སེམས་དཔའ་ཞེས་འབོད་ཅིང་བཀུར་རིགས་པ་ཡིན་ཕྱིར། ཕར་ཕྱིན་བསྡུས་པ་ལས། འཇིག་རྟེན་མ་རིག་དུད་སྤྲིན་འཁྲིགས་པས་འགྲོ་བ་འཁྲུགས་གྱུར་བ། །སྡུག་བསྔལ་མེ་རབ་འབར་བའི་ནང་དུ་དབང་མེད་ལྷུང་མཐོང་ནས། །ཐོད་ལ་མེ་མཆེད་འབར་བ་ལྟ་བུར་ཡིད་བྲེལ་བརྩོན་པ་གང་། །འདི་ན་དེ་དག་སྐྱེས་བུ་ཡིན་ཏེ་མཁས་པའང་དེ་དག་ཡིན། །ཞེས་གསུངས་པ་ལྟར་རོ།  །

འོ་ན་ཁྱོད་ཀྱིས་ཐེག་པ་ཆེན་པོའི་བྱམས་དང་སྙིང་རྗེ་ཞེས་པར་གོ་བ་ག་འདྲ་ལེན་གྱིན་ཡོད་ཅེ་ན། འདི་ནི་དམིགས་རྣམ་གྱི་གོ་རིམ་བརྒྱུད་ཚུལ་ཞིག་གཞིར་བཞག་ནས་བརྗོད་དགོས་པར་འདུག་སྟེ། རང་ཅག་གི་རྩ་བའི་སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཀྱིས། ཐེག་པ་ཆེན་པོ་ལ་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་དང་། འབྲས་བུ་གསང་སྔགས་ཀྱི་ཐེག་པ་ཆེན་པོ་གཉིས་གསུངས་ཤིང་། དེ་གཉིས་གང་གི་སྒོར་འཇུག་ཀྱང་བྱང་ཆུབ་ཀྱི་སེམས་ཁོ་ན་ནི་འཇུག་སྒོ་ཡིན་པས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནམ་རྒྱུད་ལ་སྐྱེས་པ་ན་དེ་ནི་ཐེག་པ་ཆེན་པོ་བ་དང་། བྱང་ཆུབ་ཀྱི་སེམས་དང་བྲལ་ཚེ་གཞན་ལྟ་ཅི་སྟོང་ཉིད་ཀྱི་རྟོགས་པ་རྒྱུད་ལ་ལྡན་ནའང་ཐེག་ཆེན་ལས་ཉམས་པ་ཡིན་ཏེ།  འཇམ་མགོན་བླ་མ་ཙོང་བ་ཁ་ཆེན་པོའི་ཞལ་ནས། དེས་ན་དང་བོར་ཐེག་ཆེན་པར་ཆུད་པའང་སེམས་དེ་བསྐྱེད་པ་ཙམ་གྱིས་འཇོག་ལ། ཕྱིས་ཐེག་ཆེན་པའི་ནང་ནས་འཐོན་པའང་དེ་དང་བྲལ་བ་ཙམ་གྱིས་འཇོག་པས་ན་ཐེག་ཆེན་པ་ནི་སེམས་དེ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་དོ། །ཞེས་གསུངས།འོན་ཀྱང་ལམ་ཆ་ཚང་བ་ལ་ཐབས་དང་ཤེས་རབ་ཀྱི་ཕྱོགས་ཚང་བ་དགོས་པ་ལས་རེ་རེས་མི་འགྲུབ་ཅིང་ཤེས་རབ་ཀྱིས་འཁོར་བའི་མཐར་ལྟུང་བ་འགོག་པ་དང་། སྙིང་རྗེས་ཞི་བའི་མཐར་ལྟུང་བ་འགོག་པ་ཡིན་པའི་ཕྱིར་ཏེ། རྗེ་བཙུན་བྱམས་པའི་མངོན་རྟོགས་རྒྱན་ལས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཞེས་གསུངས།

དེ་ཡང་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བར། རིགས་ཕུན་སུམ་ཚོགས་པ།  དགེ་བའི་བཤེས་ཀྱིས་ཟིན་པ། སེམས་ཅན་ལ་སྙིང་བརྩེ་བ། འཁོར་བའི་དཀའ་སྤྱད་ལ་མི་སྐྱོ་བ་བཅས་རྒྱུ་བཞི་(རྒྱལ་བའམ་དེའི་སྤྲུལ་བས་བསྐུལ་བ། བྱང་ཆུབ་སེམས་ཀྱི་ཕན་ཡོན་ཐོས་པ། སེམས་ཅན་མགོན་མེད་པར་མཐོང་ནས་སྙིང་རྗེའི་སེམས་ཉེ་བར་བཞག་པ། སངས་རྒྱས་ཀྱི་ཡོན་ཏན་མཐོང་ནས་དགའ་བས་སེམས་བསྐྱེད་པ་བཞིར་བཤད་པའང་ཡོད། )དང་། རང་གི་མཐུས་རྫོགས་བྱང་འདོད་པ་རང་གི་སྟོབས་དང་། གཞན་གྱི་མཐུས་རྫོགས་བྱང་འདོད་པ་གཞན་གྱི་སྟོབས། སྔོན་ཐེག་ཆེན་ལ་གོམས་པ་ད་ལྟར་སངས་རྒྱས་དང་བྱང་སེམས་ཀྱི་བསྔགས་པ་ཐོས་པ་ཙམ་གྱིས་སྐྱེ་བ་རྒྱུའི་སྟོབས་དང་། འདིར་དམ་པ་བསྟེན་ཅིང་ཆོས་ཉན་ལ་སེམས་པ་སོགས་ཀྱི་དགེ་བ་ལ་རིང་དུ་གོམས་པ་སྦྱོར་བའི་སྟོབས་བཅས་སྟོབས་བཞི་སོགས་ཚང་དགོས་པའི་རྒྱུ་རྐྱེན་མང་བོ་ཡོད་ཀྱང་། འཇམ་པའི་དབྱངས་དང་དཔལ་མགོན་འཕགས་པ་ཀླུ་སྒྲུབ། རྒྱལ་སྲས་ཞི་བ་ལྷ་སོགས་ནས་བརྒྱུད་པའི་བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་ལུགས་གཅིག་དང་། རྗེ་བཙུན་བྱམས་པ་དང་འཕགས་པ་ཐོགས་མེད་སོགས་ནས་བརྒྱུད་པའི་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བློ་སྦྱོང་ལུགས་གཅིག་བཅས་བརྒྱུད་པའམ་ཕྱག་སྲོལ་ཆེན་པོ་གཉིས་མཆིས་པ་ལས།  དང་བོ་ནི། སྤྱོད་འཇུག་ལས། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བར། ། གསང་བའི་དམ་པ་སྤྱད་པར་བྱ། །ཞེས་དང་། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པ་རང་གི་དོན་བྱེད་དང་། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་སོགས་གསུངས་པ་དེའི་སྒོ་ནས་ལེགས་པར་བསམ་དགོས་པར་འདུག་སྟེ། བདག་གཅེས་པར་འཛིན་པ་རྒུད་པ་ཀུན་གྱི་སྒོ་དང་། གཞན་གཅེས་པར་འཛིན་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་ཁུངས་དང་སྒོ་དངོས་ཡིན་ནོ། །

བདག་གཞན་མཉམ་བརྗེའི་བསམ་བློ་འདི་ཅུང་སྐྱེ་དཀའ་བ་ཞིག་ཡིན་མོད། ཞིབ་པར་བསམ་ན། རྒྱལ་ཁམས་སྟོབས་ཀྱིས་གནོན་པའི་དཔོན་པོ་དང་། གླིང་བདུན་གྲགས་པས་ཁྱབ་པའི་སྒྱུ་རྩལ་བ། རྣམ་སྲས་གཏེར་ལ་དབང་བའི་ཕྱུག་བདག  བཟའ་བཏུང་གཞན་ལ་བརྟེན་པའི་སྤྲང་བོ། མི་ཚེ་བྲན་གཡོག་གིས་སྐྱེལ་བའི་ཉམ་ཐག མིང་གཟུགས་དང་གཤིས་སྤྱོད་མི་འདྲ་བའི་གཅན་གཟན་རི་དྭགས། འདབ་ཆགས་འབུ་སྲིན་སོགས་དབུགས་ལྡན་སྐྱེ་བོ་སུ་ཡིན་ཡང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པར་ཁྱད་པར་མེད་ལ།  བདག་འཛིན་གྱི་བློ་ཅི་ཙམ་ཤུགས་ཆེ་ཡང་ང་གཅིག་བུ་ཡིན་ཞིང་། སེམས་ཅན་གཞན་ནི་གྲངས་དང་མཐའ་མི་དཔོག་པས་ང་ལས་མང་བོའི་བདེ་དོན་ལ་བརྩོན་དགོས་པའི་གནས་ལུགས་ཤིག་ཀྱང་ངང་གིས་མཐོང་ཐུབ།  ཡང་འཁོར་བའི་འཁོར་ལོ་རྒྱུན་མར་འཁོར་དང་འཁོར་བཞིན་ཡོད་པར་མ་ཟད་མ་འོངས་པ་ན་ཡང་འཁོར་བར་འགྱུར་བས་དགྲ་གཉེན་བར་མ་ཞེས་མཐའ་གཅིག་ཏུ་གཏན་འཁེལ་བ་ཞིག་མེད་པར་མ་ཟད་ཕྱོགས་མང་བོ་ཞིག་ནས་སེམས་ཅན་གཞན་རྣམས་རང་ལ་དྲིན་ཆེ་བ། རང་གཞན་ཚང་མ་སྡུག་བསྔལ་བ་དང་མི་རྟག་པའི་རང་བཞིན་ལས་མ་འདས་ཤིང་མ་རིག་པས་ནོན་ནས་ཡོད་གཤིས་གཞན་ལ་ཁོང་ཁྲོ་བ་དང་འཁོན་འཛིང་སོགས་བྱེད་པའི་རྒྱུ་མཚན་མེད་པ།  ཁ་གཏད་གཅོག་དགོས་སའི་དགྲ་བོ་ངོ་མ་དེ་རང་གཞན་གྱི་རྒྱུད་ན་བག་མེད་ཀྱིས་རྩེན་པའི་ཉོན་མོངས་ཡིན་པ་ལས་དགྲ་བོའི་མིང་གིས་བཏགས་པའི་ཁྱོད་ཀྱི་མིག་མདུན་གྱི་མི་དེ་མ་ཡིན་པ། ཁོ་ཡང་ཉོན་མོངས་པའི་གཞན་དབང་དུ་གྱུར་ཡོད་པ།  ངར་འཛིན་གྱི་ཤུགས་ཅི་ཙམ་ཆེ་ན་དེ་ཙམ་གྱིས་གཞན་དག་ཁྱོད་ལ་མི་དགའ་ཞིང་། བྱམས་སྙིང་རྗེ་དང་ཤ་ཚ་ཕན་འདོད་ཅན་གྱི་མི་ཞིག་ཡིན་ན་སུས་ཀྱང་ཁྱོད་ཀྱི་ནང་བསམ་པའི་སྟེང་ན་གནས་པའི་བདེ་སྐྱིད་ལ་གནོད་མི་ཚུགས་པར་མ་ཟད་ཐམས་ཅད་ཀྱིས་ཕན་གྲོགས་བྱེད་པ།  གཞན་ཕན་གྱི་བསམ་པ་ལ་བརྟེན་ནས་འགྲོ་བ་མི་ལྟ་ཅི་ཚེ་སྲོག་ལྡན་པའི་སེམས་ཅན་ཡོད་དོ་ཅོག་ལ་དངོས་ཤུགས་ཅི་རིགས་ནས་མཐུན་སྒྲིལ་དང་བག་ཕེབ།  འདྲ་མཉམ་དང་འཆམ་མཐུན། དྲང་བདེན་དང་སྐྱིད་སྡུག་མཉམ་མྱོང་གི་གཞིས་ཁྱིམ་དྲོན་མོ་ཞིག་བསྐྲུན་ཐུབ་པ། སྟོན་པ་ཐུགས་རྗེ་ཅན་གྱིས་ཀྱང་བསྐལ་ཆེན་གྲངས་མེད་གསུམ་དུ་ལུས་སྲོག་ལོངས་སྤྱོད་ལ་ལྟོས་པ་མེད་པར་གཞན་དོན་འབའ་ཞིག་བསྒྲུབས་པས་མཐར་ཐུག་སྐུ་བཞིའི་བདག་ཉིད་ལ་དབང་འབྱོར་བ་ཡིན་ཚུལ་སོགས་ལ་ཞིབ་ཏུ་བསམ་ཞིང་ཉམས་བཞེས་མཛད་ན།  འདུས་བྱས་སོ་ན་མི་གནས་ཤིང་བློ་སྦྱོང་གི་ནུས་པ་གོང་འཕེལ་དུ་འགྲོ་རྒྱུ་ཡོད་པས་དངོས་ཡོད་ལག་ལེན་གྱི་སྟེང་ནས་བདག་གཞན་མཉམ་བརྗེའི་ངོ་བོ་དང་ཕན་ནུས་སོགས་ངོ་འཕྲོད་རྒྱུ་ཞིག་ཡོད་པ་ཡིན་འདུག་སྟེ།   བཅོས་མིན་གྱི་བསམ་བློས་ཕ་རོལ་བོའི་སྡུག་བསྔལ་རྒྱུ་དང་བཅས་པ་རང་སྟེང་དུ་སྨིན་པར་ཤོག་ཅེས་སྙིང་རྗེའི་དམིགས་པ་རྩལ་དུ་བཏོན་པ་ལ་སྡུག་བསྔལ་དང་ལེན་དང་། རང་གིས་བསགས་པའི་དུས་གསུམ་དགེ་ཚོགས་འབྲས་བུ་དང་བཅས་པ་ཕངས་སེམས་ཡེ་ནས་མེད་པར་སེམས་ཅན་གཞན་གྱི་བདེ་དགེའི་ཆེད་དུ་སྦྱིན་ཕོད་པའི་བྱམས་པའི་དམིགས་པ་རྩལ་དུ་བཏོན་པ་དེ་ལ་གཞུང་ཆེན་མོ་དག་ཏུ་གཏོང་བ་ཞེས་བརྗོད་དོ། །  དེའི་ཕྱིར་བདག་གཞན་མཉམ་བརྗེ་ཞེས་པ་གཞན་ལ་ངའོ་སྙམ་པ་དང་དེའི་མིག་ལ་སོགས་པ་ངའི་འོ་སྙམ་པའི་བློ་སྦྱོང་བ་མིན་གྱི། རང་གཅེས་པར་འཛིན་པ་དང་གཞན་ཡལ་བར་འདོར་བའི་བློ་གཉིས་གོ་ས་བརྗེས་ཏེ་གཞན་ལ་རང་ལྟར་གཅེས་པར་འཛིན་ཅིང་། རང་ལ་གཞན་ལྟར་ཡལ་བར་འདོར་ཕོད་པའི་བློ་སྟོབས་དང་དཔའ་སྤོབས་ངོ་མཚར་བ་ཞིག་ལ་བརྗོད་པ་ཡིན་ནོ། །

གཉིས་པ།  རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བློ་སྦྱོང་ལུགས་ནི་དེ་ལས་ཀྱང་བློ་ལ་འབབ་བདེ་ཞིང་དངོས་ཡོད་འཚོ་བའི་གནས་ལུགས་ཀྱིས་ར་སྤྲོད་ཐུབ་པ་ཞིག་སྟེ།  སྒྲིབ་གཉིས་སྤངས་ཤིང་ཚོགས་གཉིས་རྫོགས་པའི་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཟེར་བ་དེ་ནི།  དབུ་མ་འཇུག་པ་ལས།  ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། ། སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་གསུངས་པ་ལྟར་བྱང་ཆུབ་ཀྱི་སེམས་ལས་འབྱུང་དགོས་ཤིང་།སེམས་དེ་ལྷག་བསམ་ལས་དང་། ལྷག་པའི་བསམ་པ་དེ་སྙིང་རྗེ་ལས་དང་། སྙིང་རྗེ་དེ་བྱམས་པ་ལས་དང་། བྱམས་པ་དེ་དྲིན་དུ་གཟོ་བ་ལས་དང་། དྲིན་དུ་གཟོ་བ་ནི་དྲིན་དྲན་པ་ལས་དང་། དྲིན་དྲན་པ་ནི་མ་རུ་མཐོང་བ་ལས་འབྱུང་དགོས་པས་སོ། །

འདི་དག་ལ་ནི་རྒྱུ་འབྲས་མན་ངག་བདུན་ཞེས་བྱ་སྟེ། 1༽  འཁོར་བ་ལ་ཐོག་མ་མེད་པས་རང་ཅག་གི་སྐྱེ་བ་ལའང་ཐོག་མ་མི་རྙེད་ལ། སྐྱེ་ཤིའི་ཟོ་ཆུན་གྱི་འཁོར་ལོ་བར་མེད་དུ་འཁོར་བས་འགྲོ་བ་རིགས་དྲུག་གི་གནས་སུ་ལུས་འདི་མ་བླངས་བྱ་བ་དང་ཕྱོགས་འདིར་མ་སྐྱེས་ཟེར་བ་ཞིག་གཞར་ཡང་བཙལ་དུ་མེད་ན། རང་གི་ཨ་མ་བྱས་མ་མྱོང་བའི་སེམས་ཅན་གཅིག་ཀྱང་མི་རྙེད་པ་དང་། མ་འོངས་པ་ནའང་བརྩེ་བ་ཟད་མཐའ་མེད་པའི་མ་བྱེད་པར་འགྱུར་ཚུལ་ལ་བསམ་སྟེ་ཐོག་མར་སེམས་ཅན་ཐམས་ཅད་མ་རུ་བསྒོམ་དགོས། འདི་ཡང་ཐོག་མར་བཏང་སྙོམས་ཀྱི་བློ་བསྐྱེད་པ་ནས་མགོ་བརྩམ་དགོས་པ་ཞིག་གོ།  །

2༽   སེམས་ཅན་ཐམས་ཅད་མ་རུ་ངེས་ཤེས་རྙེད་པ་ཙམ་གྱིས་མི་ཆོག་པར་དེ་དག་ཤིན་ཏུ་དྲིན་ཆེན་པོ་ཡིན་ཚུལ་བསམ་དགོས་ཏེ། དཔེར་ན་བྱམས་བརྩེའི་བདག་ཉིད་དུ་གྲུབ་པའི་རང་གི་ཚེ་འདིའི་ཨ་མ་ལགས་ཀྱིས་ད་ཐེངས་ཙམ་མ་ཡིན་པར་ངའི་མ་གྲངས་ལས་འདས་པ་བྱས་མྱོང་བ་དང་། དེ་དག་གི་ཚེའང་བདག་གནོད་པ་ཐམས་ཅད་ལས་ཅི་ནུས་ཀྱིས་བསྐྱབས། ཕན་བདེ་གང་ཡིན་ལ་འབད་པས་བཀོད། མངལ་དུ་བཟུང་བའི་དཀའ་ཁག  ཕྱི་རོལ་དུ་བཙས་པའི་ཟུག་གཟེར།  གཤང་གཅི་དོ་དམ་མི་ཐུབ་ཅིང་ཐ་ན་གོག་འགྲོས་ཀྱི་ནུས་ཤུགས་ཙམ་ཡང་མེད་པར་དབུགས་ཀྱི་རྒྱུ་བས་བཟུང་བའི་ཤ་ལོག་ཉམ་ཐག་པ་ཞིག་རིམ་བཞིན་བསྐྱེད་བསྲིང་བྱས་པའི་འོ་རྒྱལ་སོགས་རང་མྱོང་ལ་བསྐོར་ཏེ་ཞིབ་རྒྱས་སུ་གསལ་འདེབས་ཐུབ་ན།  དེ་ནས་ཕ་ལ་སོགས་པའི་མཛའ་བཤེས་གཞན་དང་། དེ་ནས་བར་མ་དང་། དེ་ནས་དགྲ་རྣམས་ཀྱང་དྲིན་ཆེན་ཡིན་ཚུལ་གྱི་བདེན་པ་དེ་ཨུ་ཚུགས་ཙམ་མ་ཡིན་པར་ལྷོད་ལྷོད་ཀྱིས་རྙེད་རྒྱུ་ཡོད་པ་ཞིག་ཡིན་འདུག

3༽   སེམས་ཅན་ཐམས་ཅད་དྲིན་ཆེ་བའི་མ་རུ་ངོ་ཤེས་པ་ཙམ་གྱིས་མི་ཆོག་པར་དེ་དག་ལ་དྲིན་གཟོ་བ་སྟེ་དྲིན་ལན་ཞིག་ངེས་པར་དུ་འཇལ་དགོས། དྲིན་ལན་དེ་ཡང་གནས་སྐབས་ཀྱི་བདེ་བ་ལྟར་སྣང་བ་ལ་བཀོད་པ་ཙམ་མིན་པར་ཐར་བ་མྱ་ངན་ལས་འདས་པའི་བདེ་བ་ལ་འགོད་པར་དམ་བཅས་ཤིང་ལག་ལེན་དུ་བསྟར་ཅི་ཐུབ་གང་ཐུབ་བྱེད་པ་ཞིག་དགོས་ཏེ། སྡུག་བསྔལ་གྱི་གཞི་རྩའི་རྒྱུ་ལས་གྲོལ་བར་བྱེད་པ་དང་། བདེ་སྐྱིད་ཀྱི་གཞི་རྩའི་རྒྱུ་རྣམས་མཐུན་རྐྱེན་དུ་སྦྱོར་བ་ནི་དྲིན་གཟོ་བའི་མཆོག་ཡིན་པའི་ཕྱིར་རོ། །

4༽  བློ་དེ་བསྐྱེད་པར་ཐོག་མར་བྱམས་པ་བསྒོམ་དགོས་ཤིང་། བྱམས་པའི་དམིགས་པ་ནི་བདེ་བ་དང་མི་ལྡན་པའི་སེམས་ཅན་ནོ། །རྣམ་པ་ནི་བདེ་བ་དང་ཕྲད་ན་ཅི་མ་རུང་སྙམ་པ་དང་། བདེ་བ་དང་ཕྲད་པར་གྱུར་ཅིག་སྙམ་པ་དང་།  བདེ་བ་དང་ཕྲད་པར་བྱའོ་སྙམ་པའོ། །དེ་ལྟ་བུའི་བྱམས་པ་ཕར་བསྐྱེད་ནུས་ན་འགྲོ་ཀུན་ཚུར་བྱམས་ཤིང་ངང་གིས་འདུ་བ་དང་། མི་མཐུན་པའི་གཡུལ་ཚོགས་ལས་རྣམ་པར་རྒྱལ་ཐུབ་པ་ཞིག་འབྱུང་ངེས་པ་ཡིན་འདུག་ལ། བྱམས་པ་དེ་ཡང་ཐོག་མར་མཛའ་བཤེས་དང་དེ་ནས་བར་མ་དང་དེ་ནས་དགྲ་ལ་བསྒོམས། མཐར་སེམས་ཅན་ཐམས་ཅད་ལ་རིམ་པ་བཞིན་དུ་བསྒོམས་ན་སྐྱེ་སླ་ཞིང་འགལ་རྐྱེན་ཉུང་བ་དང་།སྒོམ་པའི་ཚུལ་ཡང་།མ་ནམ་མཁའ་དང་མཉམ་པའི་སེམས་ཅན་འདི་དག་ལ་ཟག་བཅས་དང་ཟག་པ་མེད་པའི་བདེ་བ་གང་ཡང་མེད་ཅིང་བདེ་བས་ཕོངས་ལུགས་རྣམས་ཡང་ཡང་གསལ་འདེབས་པ་སྟེ།  དེར་གོམས་པ་ན་བདེ་བ་ལ་སྦྱོར་འདོད་ངང་གིས་འབྱུང་ཞིང་། དེ་ནས་བདེ་བ་སྣ་ཚོགས་ཡིད་ལ་དྲན་པར་བྱས་ཏེ་དེ་དག་སེམས་ཅན་རྣམས་ལ་བསྟབ་པར་འདོད་པ་ཞིག་དགོས་སོ། །

5༽   སྤྱིར་སྙིང་རྗེ་ལ་འདོད་ཆགས་དང་འདྲེས་པའི་སྙིང་རྗེ། སྙིང་རྗེ་ཙམ་པོ་བ། སྙིང་རྗེ་ཚད་མེད། སྙིང་རྗེ་ཆེན་པོ། ཡང་སེམས་ཅན་ལ་དམིགས་པའི་སྙིང་རྗེ།        དམིགས་མེད་ལ་དམིགས་པའི་སྙིང་རྗེ། ཆོས་ལ་དམིགས་པའི་སྙིང་རྗེ་བཅས་མང་བོ་ཞིག་ཡོད་མོད། རྒྱུ་འབྲས་མག་ངག་བདུན་གྱི་སྐབས་ནས་བསྟན་པའི་སྙིང་རྗེ་ནི་སྙིང་རྗེ་ཆེན་པོ་སྟེ།  སེམས་ཅན་རྣམས་སྡུག་བསྔལ་དེ་ལས་བྲལ་ན་བསམ་པ་ཙམ་མིན་པར་སྡུག་བསྔལ་དེ་ལས་བྲལ་བ་ཞིག་བདག་གིས་བྱའོ་བསམ་པའི་ལྷག་བསམ་འདྲེན་ནུས་ཀྱི་བློ་ཁྱད་པར་བ་ཞིག་དགོས་པས། བུ་ཆུང་སྙིང་དུ་ཆེས་སྡུག་པ་ཞིག་སྡུག་བསྔལ་བར་གྱུར་བ་ན་དེའི་ཨ་མའི་རྒྱུད་ལ་སྙིང་རྗེ་ཅི་ཙམ་སྐྱེ་བ་དེ་ཙམ་པའི་བློའི་ཚོད་ཅིག་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་རང་གི་ངང་གིས་སྐྱེས་པ་ན་སྙིང་རྗེ་ཆེན་པོའི་མཚན་ཉིད་ཚང་བ་ཡིན་ཞེས་བྱང་ཆུབ་ལམ་རིམ་ཆེན་མོར་གསུངས་སོ། །གཞན་ལ་བརྩེ་བའི་བསམ་པ་ཡིན་པས་ན་སྙིང་རྗེ་དང་། དམིགས་པ་སེམས་ཅན་ཐམས་ཅད་ལ་དམིགས་པས་ན་ཆེན་པོ་ཞེས་བྱའོ། །དེ་ལྟའི་སྙིང་རྗེའི་དམིགས་པ་ནི། སྡུག་བསྔལ་གསུམ་གྱིས་ཅི་རིགས་པར་སྡུག་བསྔལ་བའི་སེམས་ཅན་ནོ། །རྣམ་པ་ནི་སྡུག་བསྔལ་དེ་དག་དང་བྲལ་ན་སྙམ་པ་དང་། བྲལ་བར་གྱུར་ཅིག་སྙམ་པ་དང་། བྲལ་བར་བདག་གིས་བྱའོ་སྙམ་པའོ། །སྒོམ་པའི་གོ་རིམ་ཡང་། ཐོག་མར་མཛའ་བཤེས་དང་དེ་ནས་བར་མ། དེ་ནས་དགྲ་ལ་བསྒོམ་པ་སྟེ། མཛའ་བཤེས་དང་འདྲ་བར་དགྲ་ལའང་སེམས་སྙོམས་པར་འཇུག་པའི་ཚེ་རིམ་གྱིས་སེམས་ཅན་ཐམས་ཅད་ལ་བསྒོམ་པའོ། །སྒོམ་པའི་ཚུལ་ནི་མར་གྱུར་བའི་སེམས་ཅན་དེ་རྣམས་འཁོར་བར་ལྟུང་ནས་སྤྱི་དང་སོ་སོའི་སྡུག་བསྔལ་ཇི་ལྟར་ཉམས་སུ་མྱོང་ཚུལ་དག་ཡང་ཡང་གསལ་འདེབས་པའོ། །

འདི་ལྟ་བུའི་སྙིང་རྗེ་ནི་ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་ཡིན་ཏེ། སྙིང་རྗེ་ཆེན་པོས་ཡིད་བསྐྱོད་ན་སེམས་ཅན་ཐམས་ཅད་འཁོར་བ་ལས་གདོན་པའི་ཕྱིར་ངེས་པར་དམ་བཅའ་བར་འགྱུར་བས་ཐོག་མར་གལ་ཆེ་བའི་ཕྱིར། བློ་གྲོས་མི་ཟད་པའི་མདོ་ལས། བཙུན་པ་ཤཱ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་མི་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་དུ་འགྲོ་བའི་ཕྱིར་རོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དབུགས་ཕྱི་ནང་དུ་རྒྱུ་བ་ནི་མིའི་སྲོག་གི་དབང་བོའི་སྔོན་དུ་འགྲོ་བ་ཡིན་ནོ། །དེ་བཞིན་དུ། བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ནི་ཐེག་པ་ཆེན་པོ་ཡང་དག་པར་འགྲུབ་པའི་སྔོན་དུ་འགྲོ་བ་ཡིན་ནོ། །ཞེས་གསུངས།  སྙིང་རྗེ་ཆེན་པོ་ལན་གཅིག་ཙམ་བསྐྱེད་པ་མིན་པར་ཇེ་འཕེལ་དུ་གོམས་པར་བྱས་པས་རང་གི་བདེ་སྡུག་ལ་མི་བལྟ་ཞིང་གཞན་གྱི་དོན་ལ་མི་སྐྱོ་བས་ཚོགས་ཐམས་ཅད་བདེ་བླག་ཏུ་རྫོགས་པས་བར་དུ་གལ་ཆེ་བ་དང་། སངས་རྒྱས་ཀྱི་གོ་འཕང་མངོན་དུ་མཛད་ནས་ཉན་རང་བཞིན་ཞི་བར་མི་གནས་པར་ནམ་མཁའ་ཇི་སྲིད་དུ་འགྲོ་བའི་དོན་མཛད་པའང་སྙིང་རྗེ་ཆེན་པོའི་མཐུ་ཡིན་པས་ཐ་མར་གལ་ཆེ་བའོ། །དེའི་ཕྱིར་ཆོས་ཡང་དག་པར་སྡུད་པ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་རབ་ཏུ་མང་བོ་ལ་བསླབ་པར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་གཅིག་རབ་ཏུ་བཟུང་ཞིང་རྟོགས་པར་བགྱིས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་ན་མཆིས་པ་ལགས་སོ། །ཆོས་གཅིག་བུ་གང་ཞེ་ན།  སྙིང་རྗེ་ཆེན་པོའོ། །ཞེས་གསུངས།

6 ༽ སྙིང་རྗེ་ཆེན་པོས་ལྷག་པའི་བསམ་པ་འདྲེན་པར་བྱེད་དེ། སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་པ་དང་སྡུག་བསྔལ་དང་བྲལ་ན་སྙམ་པའི་བྱམས་པ་དང་སྙིང་རྗེ་ཚད་མེད་པ་ནི་ཉན་རང་ལའང་ཡོད་མོད། དེ་དག་ལ་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བ་རང་གི་ཁུར་དུ་བཞེས་པ་ནི་ཐེག་ཆེན་པ་མིན་པ་ལ་མེད་པས་སྙིང་སྟོབས་ཀྱི་བསམ་པ་ལྷག་པའི་ལྷག་བསམ་བསྐྱེད་དགོས་པའོ། །

7༽   ཉོན་སྒྲིབ་མ་ལུས་པར་སྤངས་པའི་སྤངས་པ་ལ་ཐར་བ་ཞེས་བྱ་སྟེ་དགྲ་བཅོམ་པའི་གོ་འཕང་ངོ་། །དེའི་སྟེང་ཤེས་སྒྲིབ་ཟད་པར་སྤངས་པ་ལ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ངམ་སངས་རྒྱས་ཀྱི་གོ་འཕང་ཞེས་བྱའོ། །གཞན་དོན་མཐར་ཕྱིན་པར་རྣམ་མཁྱེན་གྱི་གོ་འཕང་འདི་ངེས་པར་ཐོབ་དགོས་པས། སེམས་ཅན་གྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་དེ་ཐོབ་པར་འདོད་པའི་སེམས་ལ་བྱང་ཆུབ་ཀྱི་སེམས་ཞེས་བྱ་ཞིང་དེར་སྨོན་འཇུག་གཉིས་ཡོད་དོ། །སེམས་ཅན་གྱི་དོན་དུ་སངས་རྒྱས་སུ་གྱུར་ཅིག་སྙམ་པའམ་སངས་རྒྱས་སུ་འགྱུར་བར་བྱའོ་སྙམ་དུ་སྨོན་ལ།  སྦྱིན་པ་ལ་སོགས་པའི་སྤྱོད་པ་ལ་སློབ་ཀྱང་རུང་མི་སློབ་ཀྱང་རུང་། ཇི་སྲིད་དུ་སྡོམ་པ་མ་བཟུང་བ་དེ་སྲིད་དུ་སྨོན་པའི་སེམས་ཡིན་ལ།  སྡོམ་པ་བཟུང་བ་ནས་སེམས་དེ་ལ་འཇུག་པའི་སེམས་ཞེས་བྱའོ། །འདི་དག་ལ་བཤད་བྱ་མང་ཡང་དུས་ཚོད་ཀྱི་དབང་གིས་དེ་ཙམ་གྱིས་འཐུས་པར་བྱས་ན་ལེགས་སྙམ།

ནང་བའི་ཆོས་གཞུང་ལྟར་བཤད་ན་བྱང་ཆུབ་ཀྱི་སེམས་འདི་ནི་བསམ་པ་ཀུན་གྱི་མཆོག་ཡིན་ཞིང་། གསེར་ལྟ་བུའི་སེམས་འདི་ལག་ལེན་ལ་བསྟར་ནས་སྦྱིན་སོགས་ཕར་ཕྱིན་དྲུག་དང་བསྡུ་བའི་དངོས་པོ་བཞི་སོགས་ཀྱི་ཉམས་ལེན་ལ་རིམ་བཞིན་ཞུགས་ཏེ་མཐར་ཐུག་སྐུ་བཞིའི་གོ་འཕང་མངོན་དུ་མཛད་པ་ཡིན་ནོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་བཟང་བོ་ཅན་གྱི་མི་ཅི་ཙམ་མང་ན་དེ་ཙམ་གྱིས་འཇིག་རྟེན་གྱི་ཁམས་ཆེན་པོར་ཞི་བདེ་དང་འཆམ་མཐུན་སོགས་ཀྱི་རྫོགས་ལྡན་གསར་བ་ཞིག་འདྲེན་འོང་ལ། འཁོར་བར་གནས་ཀྱང་བདེ་སྐྱིད་སྩོལ་ཞིང་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཡང་དེས་ཐོབ་པར་བྱེད་ནུས། སེམས་དེ་ནི་ལྷག་བསམ་དང་སྙིང་རྗེས་འདྲེན་པས་རྒྱུ་བཟང་བོ་དང་། ཆོས་ལ་དད་མིན་དང་སྐྱེ་བ་སྔ་ཕྱི་ཁས་ལེན་མི་ལེན་སོགས་ལ་ལྟོས་པ་མེད་པར་དབུགས་ལྡན་སྐྱེ་བོ་སུ་ལའང་ཕན་ཞིང་གོང་བཀུར་བྱེད་པས་ངོ་བོ་བཟང་བོ།  གླིང་དང་གླིང་། ཕྱོགས་དང་ཕྱོགས། རྒྱལ་ཁབ་དང་རྒྱལ་ཁབ། མི་རིགས་དང་མི་རིགས།  སྡེ་བ་དང་སྡེ་བ། ཁྱིམ་ཚང་དང་ཁྱིམ་ཚང་། མི་དང་མི། ལྷ་དང་མི། མི་དང་དུད་འགྲོ། མི་དང་གཅན་གཟན་རི་སྐྱེས། མི་དང་རང་བྱུང་ཁམས། སྣོད་དང་བཅུད་སོགས་ཀྱི་བར་ལའང་མཐུན་སྒྲིལ་དང་། བརྩེ་གདུང་། བསམ་ཤེས་བྱེད་པ། དྲང་བདེན་ལ་ཕྱོགས་པ་སོགས་དགེ་མཚན་སྣ་མང་གི་དངོས་རྒྱུ་བྱེད་ཅིང་། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཡང་འཐོབ་པར་བྱེད་པས་འབྲས་བུ་བཟང་བོ། བདག་ལས་གཞན་གཅེས་པར་འཛིན་པའི་བསམ་བློ་ཁྱད་པར་བ་འདི་འདྲ་མཚན་ཉིད་ཚང་བ་ཞིག་རྒྱུད་ལ་སྐྱེས་ན་ནི་སྨྲོས་ཅི་དགོས་ཏེ།  བསམ་བློ་འདི་ཡག་པོ་རེད་སྙམ་པའི་ཀུན་སློང་ཙམ་ཞིག་སྐྱེས་པའམ་རྗེས་སུ་ཡི་རང་བྱེད་པ། གང་ནུས་ཅི་ནུས་ཀྱིས་སེམས་བཟང་བོ་དེའི་ཕྱོགས་སུ་གཞོལ་ནའང་རང་སེམས་ལྷོད་ལ་འབབ་པ། ཞེ་སྡང་དང་ཁོང་ཁྲོ་བག་ལ་ཞ་བ། བཟའ་ཚང་གི་བརྩེ་བ་དང་ཡིད་ཆེས་ཇེ་བརྟན་དུ་འགྲོ་ཞིང་ཁྱིམ་གཞི་རྩེ་དགོད་ཀྱིས་ཁེངས་པ།  གྲོགས་པོ་མང་བ། གཞན་གྱི་ཡིད་ཆེས་ཐོབ་པ།  བསམ་དོན་འགྲུབ་པ། མི་རིགས་དང་རྒྱལ་ཁབ། ཐ་ན་འགྲོ་བ་མིའི་རིགས་ཡོངས་ལ་ཤུགས་རྐྱེན་ཐེབས་པའི་སེམས་ཁམས་སློབ་གསོ་བ་དང་ཡར་རྒྱས་ཀྱི་སྣེ་ཁྲིད་པར་འགྱུར་ཐུབ་པ་སོགས་དགེ་མཚན་དང་ཕན་དགེ་མཐའ་མེད་པ་ཞིག་ཡོད་པ་ནི་འདས་པའི་ལོ་རྒྱུས་དང་། ད་ལྟའི་གནས་བབས།  མ་འོངས་པའི་འཕོ་འགྱུར་སོགས་གང་ལ་བསམ་ཀྱང་ནམ་ལངས་ཉི་ཤར་གྱི་ཚུལ་དུ་གསལ་ལེར་ཡོད་པ་ལྟར་ལགས་སོ། །

ཐེངས་འདིའི་ཚོགས་འདུའི་གཏན་འཁེལ་ལྟར་བྱམས་སྙིང་རྗེ་དང་བདག་གི་མི་ཚེ་ཞེས་ངས་བརྗོད་གཞི་ཐུང་ཐུང་འདི་ལ་ཁ་བྱང་རྫིག་པོ་ཞིག་བཏགས་ཡོད་མོད།  དྲང་མོར་བརྗོད་ན།  ངས་བྱམས་དང་སྙིང་རྗེའི་ཉམས་ལེན་གཤིས་ཕྱིན་པ་ཞིག་ལྟ་ཅི་དེའི་ཆ་ཤས་ཡང་ཤས་ཙམ་ཞིག་ཀྱང་ལག་ལེན་དུ་འདེབས་ཐུབ་མེད།  འོན་ཀྱང་། རང་གི་སྔོན་བསགས་ལས་སྨོན་བཟང་བོའི་མཐུ་ཡིས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་དར་སའི་ཆོས་ལྡན་གྱི་རྒྱལ་ཁམས་ཆེན་པོ་བོད་ཁ་བ་ཅན་གྱི་རིགས་སུ་སྐྱེས་ཤིང་། སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོ་བླ་མ་དང་སློབ་དཔོན་བཀའ་དྲིན་ཅན་དག་གི་ཐུགས་རྗེའི་འོད་ངོགས་ནས་བྱམས་བརྩེའི་སྙིང་བོ་ཅན་གྱི་ནང་ཆོས་ལ་སློབ་གཉེར་ཕྲན་བུ་ཞིག་བྱས་པའི་ངོས་ཟིན་དང་རང་མྱོང་དག་གཞི་ལ་བཞག་པའི་གཏམ་བརྗོད་ཐུང་ཐུང་འདི་མཁས་དབང་ལྷན་རྒྱས་ལ་དཔྱད་གཞིར་ཕུལ་བ་ཙམ་ལགས་པས། བདག་གི་སློབ་གཉེར་དང་དཔྱད་སྟོབས་ཀྱིས་མ་འདང་ས་གང་ཡོད་ལ་དགོངས་འཆར་དང་སློབ་སྟོན་མང་ཙམ་གནང་རོགས་གནང་ཞེས་ལག་ཟུང་སྙིང་གར་སྦྱར་ཏེ་ཞུས་པ་ལགས།

མདོར་ན། རང་ཅག་གིས་འདི་ལྟར་བྱམས་དང་སྙིང་རྗེ་བརྗོད་གཞིར་བྱས་པའི་བགྲོ་གླེང་ཚོགས་འདུ་ཞིག་བསྡུས་པའི་རྣམ་དཀར་དགེ་བའི་འབྲས་བུ་ལ་བརྟེན་ནས་ཀྱང་། ཤེས་རབ་དང་བྱམས་བརྩེ་ཟུང་དུ་སྦྲེལ་ཏེ།  ཕྱི་དངོས་པོའི་ཡར་རྒྱས་དང་ནང་སེམས་ཀྱི་ཡར་རྒྱས་གཉིས་དོ་མཉམ་པའི་ཀློང་ནས།  དོན་དང་མཐུན་པའི་འཛམ་གླིང་ཞི་བདེ་དང་ཚེ་སྲོག་ཡོད་ཚད་ཀྱི་རིན་ཐང་འདྲ་མཉམ་དུ་མཐོང་བའི་ཁྱིམ་གཞིས་དྲོན་མོ་ཞིག་བསྐྲུན་ཐུབ་པ་དང་། མཐར་ཐུག་སྐུ་བཞིའི་དཔལ་ལ་ལོངས་སྤྱོད་པར་འགྱུར་བའི་ཡིད་ཆེས་དང་སྨོན་ལམ་འདེབས་སོ། །

བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །

མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག     །

སྐྱེས་པ་ཉམས་པ་མེད་པར་ཡང་། །

གོང་ནས་གོང་དུ་འཕེལ་བར་ཤོག  །

2015。11.7 ཉིན་ཁ་ཎ་ཌ་ཐྲོ་རུང་ཐྲོའི་གྲོང་ཁྱེར་དུ།