ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

བགྲེས་སོང་དད་པ་ཅན་ཞིག

བགྲེས་སོང་དད་པ་ཅན་ཞིག
ལྡོང་ཡོན་ཏན་རྒྱ་མཚོ།
ལོ་ཁ་ཤས་ཀྱི་སྔོན་དུ། ཁྱབ་བདག་རྡོ་རྗེ་འཆང་ཆེན་དཔལ་ལྡན་བླ་མ་དམ་པ་༧རྗེ་བཙུན་འཇིགས་མེད་དཔལ་ལྡན་རྒྱ་མཚོ་མཆོག་གིས་རྨ་ཆུ་དངུལ་ར་ལྷ་སྡེ་ནས་དུས་འཁོར་དབང་ཆེན་གྱི་བཀའ་དྲིན་སྩོལ་སྐབས་བདག་ཀྱང་འགྲོ་བའི་སྐལ་བཟང་ཤར། ཉིན་ཞིག་རྨ་ཁུགས་རྟ་ར་ནས་ཡིན་ཟེར་བའི་རྒན་པོ་ཤིན་ཏུ་བགྲེས་པོ་ཞིག་ང་ཡོད་སར་ཡོང་སྟེ་མི་ཚེའི་སྐྱིད་སྡུག་མང་བོ་ཞིག་དང་། སྡིག་སྤོང་དགེ་སྒྲུབ་ཇི་ལྟར་བྱས་ཚུལ་ཞིབ་རྒྱས་སུ་བཤད་པས། ང་འཇིག་རྟེན་འཁོར་བ་བ་ཞིག་གིས་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་ངང་སྡིག་ལས་སྣ་ཚོགས་བྱས་ཚུལ་དང་། ནོངས་འགྱོད་དྲག་པོས་ཁ་ཏོན་དགེ་སྦྱོར་བྱས་ཚུལ་གྱི་གྲངས་ཚད་སོགས་ལ་ཧ་ལས་ཤིང་ཧང་སངས་དགོས་པ་ལྟ་བུ་བྱུང་བས། རྗེས་སོར་ཆོས་ཁྲིད་རེའི་སྐབས་སུའང་རྒན་པོ་འདི་དང་འབྲེལ་བའི་གནས་ཚུལ་མང་དག་ཅིག་བཟླས་མྱོང་།

དེ་རིང་རྒན་པོ་ཁོང་གི་པར་ཁ་ཤས་མཐོང་བས་གཉེན་ཉེ་ཚོ་བརྒྱུད་ནས་ཁོའི་ད་ལྟའི་འཚོ་བར་རྒྱུས་ལོན་རགས་ཙམ་བྱས་པ་ཡིན། རྒན་པོ་ཁོང་ནི་རྨ་ཆུ་རྫོང་རྨ་ཁུགས་རྟ་རའི་ཡིན་ལ། མིང་ལ་སྐལ་བཟང་སྐྱབས་ཟེར་ཞིང་ད་ལོ་དགུང་གྲངས་གྱ་བརྒྱད་དུ་སླེབས་ཡོད་མོད། མཁའ་དབུགས་གཙང་ལ་ཆེས་ལྷིང་འཇགས་ཡིན་པའི་རི་ཁུགས་ཤིག་ནས། ཉིན་རེ་བཞིན་རྒྱལ་བའི་བཀའ་བསྟན་སོགས་བཞུགས་སའི་ཁང་ཆུང་ཞིག་ལ་ཕྱག་སྐོར་བྱེད་པ་དང་། མཆོད་པ་འབུལ་བ། ཁ་ཏོན་འདོན་པ། ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་དག་ལ་དད་གུས་གཙང་མས་གསོལ་བ་འདེབས་པ་སོཊ་བྲེལ་བྲེལ་འཚུབ་འཚུབ་ཀྱི་ཀློང་ན་བདེ་འཚམས་ཀྱིས་ཡོད་ཟེར་བས་དགའ་སོང་། ལྷག་པར་དུ་དགུང་གྲངས་གྱ་བརྒྱད་ལ་སླེབས་པའི་རྒན་པོ་ཞིག་གིས་ཕྱག་སྐོར་བྱེད་སའི་གཤོང་བུ་དེ་མཐོང་བས། ཁོའི་འགྱུར་མེད་ཀྱི་དད་པ་དང་སླད་མེད་ཀྱི་རང་གཤིས་གཙང་མ་དེར་སེམས་གཏིང་ནས་རྗེས་སུ་ཡི་རང་བྱེད་དགོས་བྱུང།

ཁོས་ཡང་ཡང་རེ་སྨོན་བྱེད་ཀྱིན་འདུག་ཟེར་བ་ལྟར། རྒན་པོ་སྐལ་བཟང་སྐྱབས་ཀྱི་དད་པའི་པད་མོར་མཆོག་གསུམ་དམ་པའི་བྱིན་རླབས་ཉི་འོད་སེར་བོས་རྟག་ཏུ་སྐྱོང་ཞིང་ཚེ་ཐག་རིང་བའི་མུར། མེ་ཏོག་དང་རྩི་ལྗོན་མང་བའི་དབྱར་དུས་ཤིག་ལ་ངེད་གཉིས་ཡང་བསྐྱར་མཇལ་བའི་སྨོན་ལམ་འདེབས།

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།