ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

ནགས་ཀྱི་སྤྲེའུ།

ཧ་ཅང་ལྷིང་འཇགས་ཀྱི་གནས་ན། འུར་ཟིང་དང་ཕུང་དཀྲུགས་བཟོ་མཁན་ཚོ་ནགས་སྤྲེལ་ཡིན་སྐད།  སྤྲེའུའི་ཚོགས།  ནམ་རྒྱུན་ནགས་མཐར་ཐོན་ཏེ་ལོ་ཏོག་བརྐུ་དུས་ཞིང་བའི་ཀི་སྒྲ་འཕུར་འོང་ལ།  མཚམས་རེར། སྡེ་མཐའི་ཁྱི་ཚོགས་དང་ཅི་ཞིག་རྩོད་མདོག་གིས་བྱིས་པ་མང་བོར་ཆེས་མི་འོས་པའི་དངངས་སྐྲག་སློང་བར་བྱེད།

ས་ཆེན་གྱི་སྒལ་གཞུང་རལ་དུས། ནགས་མའི་གཡུ་ལོ་འཐོར་དུས། མཁའ་དབུགས་གསར་བ་ཞིག་གིས་དེད་ཅིང་དྲུད་དེ།   སྤྲེའུ་རྣམས་ཁྱུ་དང་ཁྱུ་དང་བྱས་ནས་མཐོ་ཞིང་གཟར་བའི་རི་ལས་བབས་བྱུང་། ཁོ་ཚོས་སྡུག་ཡུས་ཤིག་གི་གྲིབ་གཟུགས་ལ་སོ་སྒྲ་འཆའ་བཞིན་སྐད་ཅོར་བརྒྱབ་པས།   བཞུད་ཟིན་པའི་མེས་པོ་ཁྲི་སྟོང་གི་བླ་རྐང་ཡང་འདར་གྱིན་འདུག

ནུབ་རླུང་འཇམ་པོ་དེ་གཡུག་སྟངས་ཤིག་གིས། མེ་ཏོག་དང་ཙན་དན་སྡེབ་པའི་གསུང་ཞིམ་སྣུམ་པོ་རེ་སྣ་ལ་ཕོག་པས།   རྒོད་ལ་ཤོར་བའི་སྤྲེལ་ཕྲུག་འགའ་རེས། ལག་ཟུང་བརྡར་བརྡར་དང་ཨག་སྐད་འཛེར་འཛེར་གྱིས་སྲོག་ཆགས་ཀྱི་མཁའ་དབྱིངས་ན་དོན་ལྡན་གྱི་ངག་འཕྲིན་དང་བོ་བསྐུར། ཁོ་ཚོར་གཉིད་དང་རྨི་ལམ་ལ་སྤྲོ་བ་ཡེ་ནས་མེད། མ་གཞིར། གཉིད་ནི་ཚོགས་དྲུག་སྡོམ་པའི་ཞག་ཐགས་ནག་པོ་ཞིག་དང་།  རྨི་ལམ་ནི་ཚེ་སྲོག་གི་ནོར་འཁྲུལ་ལྷག་མ་ཙམ་རེད།

མི་ཚོགས་རླབས་ལྟར་འཕྱུར་བའི་བར་གསེང་ན།   སྒྱུ་མ་མཁན་ཞིག་གིས་སྤྲེལ་ཕྲུག་འགའ་ལ་སྐོར་བྲོ་རྩེ་རུ་བཅུག   ཁོ་ཚོས་ནགས་ལྗོངས་ཕྱུག་མོ་གཏན་དུ་བརྗེད་པ་ཇི་བཞིན།  ལག་རྡང་སྦྲེལ་ཏེ་སྒྱུ་རྩལ་གྱི་ཆས་ལ་ཞུགས།  སྒྱུ་རྩལ་དེས་སྒྱུ་མ་མཁན་ལ་དགོས་འདོད་ནོར་བུའི་མེ་ཏོག་བབས་མོད།  སྤྲེའུ་ཚོའི་སྐེ་ལ་ལྕགས་ཐག་རེ་རེ་བསྐོན་ནས་ཧ་ཅང་བརྩེ་མདོག་གིས་ཁྲིད་སོང་།  དེ་དུས།  སྤྲེལ་ཕྲུག་ཚོའི་མགྲིན་ལམ་ན་མ་མཐའ་རང་གི་ཨག་སྐད་ཀྱང་མི་འདུག   ངོ་མ་བཤད་ན།  མཚན་མོ་དེར།  ངས་མཇུག་མ་མེད་པའི་སྤྲེའུ་འགའི་སྐྱོ་གར་དྲན་ཏེ་གཏན་ནས་གཉིད་མ་ཁུག

 

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།