ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

དྲན་བསྐུལ་བཅུ་གསུམ་མ།

 

དྲན་བསྐུལ་བཅུ་གསུམ་མ།     རང་ཉིད་ལ་སྨྲས་པ།

ལྡོང་ཡོན་ཏན་རྒྱ་མཚོ།

གཞན་གྱི་བསྟོད་སྨད་ཙམ་ལ་རེ་ལྟོས་ཆེན་པོ་མ་བྱེད། ཐལ་ཆེ་བའི་བསྟོད་སྨད་དེ་ཚོ་དང་ཁྱོད་ཉིད་ལ་འབྲེལ་བ་ཆེར་མེད། ཁྱོད་ནི་ནམ་ཡང་རང་ཉིད་ལ་རྒྱུས་མངའ་ཆེ་བའི་མི་བུ་དཀྱུས་མ་དེ་ཡིན།

གནས་སྐབས་ཀྱི་ཚོར་བ་དབང་བཙན་པར་བྱས་ཏེ་རིགས་ཞེན་གྱི་སྐད་ཆ་སོགས་ཐལ་ཆེ་བ་མ་བཤད། རང་གི་སྐད་ཆར་འགན་ཁུར་གྱི་འདུ་ཤེས་ཙམ་ཡང་མེད་པའི་མི་ཞིག་གིས་ཆེ་ཆེ་མཐོ་མཐོ་དང་རྒྱ་ཆེན་གཏིང་ཟབ་ཀྱི་བྱ་བཞག་མང་བོ་ཞིག་བསྒྲུབ་མི་ཐུབ་པ་ཐག་གིས་གཅོད་ཆོག

ཆོས་ལུགས་གྲུབ་མཐའ་ཟེར་བ་དེ་ནམ་མཁའ་ལྟ་བུ་ཞིག་རེད། ས་གཞི་དང་ཆ་མཚུངས་པ་ཞིག་རེད། སྐྱེ་བོ་ཁྲི་འབུམ་དེའི་འོག་ན་འཚོ་ཞིང་དེ་ལ་བརྟེན་ནས་ཡོད། དེའི་ཕྱིར། དད་པ་ཡོད་ཀྱང་མེད་ཀྱང་། རྒྱུས་ལོན་བྱས་སམ་མ་བྱས་རུང་། གཞན་གྱི་ཆོས་ལུགས་དང་གྲུབ་མཐར་བརྩི་མཐོང་དང་བཀུར་སྟི་བྱེད་ཤེས་དགོས།  འདི་ནི་བསམ་བློའི་འགལ་འདུ་སྣ་ཚོགས་ལས་རྙེད་པའི་ཁྱོད་ཀྱི་མི་ཚེའི་མྱོང་གོམས་ཡིན།

རང་ཉིད་དང་མི་འཚམ་པའི་ལས་ཀ་མང་བོ་ཞིག་ལ་ཨུ་ཚུགས་མ་རྒྱག  ཨུ་ཚུགས་རིགས་ཤིག་གིས་ཁྱོད་ཀྱི་འོད་སྟོང་འཚེར་འོས་པའི་མི་ཚེ་ལ་ཕམ་ཁ་སྤྲོད་འོང་།

མི་འོས་མི་མཛའ་ཡང་དགོས་དབང་ག་གེ་མོ་ཞིག་གིས་ཁྱོད་ལ་བསྩལ་བའི་མིང་དང་གོ་ས་སོགས་ནམ་ཡང་དང་ལེན་མ་བྱེད།  ཁེ་ཕན་ཅུང་ཟད་ཙམ་ཡང་མི་འཚོལ་བའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྐྱང་རྐྱང་གིས་ཁྱོད་བསྐོར་ནས་ཡོད་མི་སྲིད། ཚོགས་འདུ་ཁ་ཤས་ལ་ཞུགས་སུ་འཇུག་པའམ་ཡུལ་བསྐོར་རེ་འགར་ཁྲིད་རྗེས་བཀོལ་བདེ་བའི་མི་བུ་ཁྱོད་ཅི་ཞིག་གི་ལག་ཆར་འགྱུར་འགྲོ།

སྐྱིད་པའི་ཕ་ས་ཕ་ཡུལ་དང་གཉེན་ཉེའི་མཇལ་འཛོམས་སོགས་མང་བོ་ཞིག་བློས་གཏོང་ཁུལ་གྱིས། རྒྱང་ཐག་རིང་བའི་མི་ཡུལ་ལུང་བ་ཞིག་ནས་ཨམ་གཙིགས་བསྡམས་ཏེ་སྡོད་དགོས་དོན། བཟའ་བཏུང་གཉིད་ཉལ་གྱི་རྒྱས་སྤྲོས་འཚོ་བ་དང་རྣམ་གསུམ་ལེ་ལོའི་བྲན་གཡོག་བྱེད་པའི་ཆེད་དུ་མིན་པ་ཤེས་པར་གྱིས། དུས་ཚོད་ཀྱི་ཐག་སྒྲ་དང་འགྲོགས་ཏེ་དོན་ལྡན་རྣམ་དཀར་གྱི་ལས་ལ་བརྩོན་པ་བསྐྱེད་མ་ཐུབ་ན།ཁྱོད་ནི་ཁ་བཤད་དོན་ལ་མི་གནས་པའི་སྨྱུག་འཛིན་པ་ལབ་རྐྱལ་ཞིག་ཡིན།

བཀའ་བསྟན་མང་བོ་བྲག་ལ་བརྩིགས་བརྩིགས་བྱས་ནས་ཅི་བྱེད། གཞན་གྱི་མིག་སྔར་མཛེས་ཆོས་དང་ངོམ་ཆོས་ཙམ་གྱིས་ཆོག་ན། འཕེལ་འགྱུར་རྒོད་པའི་དུས་རབས་འདིར་མི་སེམས་གཏན་དུ་བཟི་བྱེད་ཀྱི་དངོས་རྫས་ཡག་ཡག་མཛེས་མཛེས་མང་བོར་ལག་ཐོགས་མི་དགོས་པས། འགྲུལ་བ་དང་མགྲོན་པོ་དག་ལ་དེ་དག་ཤོམས་ཤིག་དང་ཕལ་མོ་ཆེ་ཞིག་དགའ་སའང་དེ་དག་ཡིན་ངེས། སློབ་གཉེར་བ་ངོ་མ་ཞིག་བྱེད་ན། ཐོས་དོན་རྒྱུད་ལ་སྦྱོར་འདོད་ན། ཉིན་རེ་བཞིན་དཔེ་ཀློག་སྐྱོར་སྦྱོང་གི་རྒྱུན་མཐུད་དེ་རང་སེམས་གྱོང་བོ་འདི་མཉེན་ལ་འབེབ་ཐབས་རེ་ཨེ་རྙེད་ལྟོས་དང་། རང་ལ་ཕན་ངེས་པར་མ་ཟད་རེ་ལྟོས་ཅན་འགའ་རེར་ཡང་ཕན་ཐོགས་འབྱུང་སྲིད།

གཞན་ལ་བསླབ་སྟོན་བྱེད་པ་ལས་རང་ཉིད་ལ་བསླབ་སྟོན་རེ་བྱས་ན་མི་འགྲིག་གམ། རང་གི་མི་གཤིས་དང་བསམ་སྤྱོད། ཤེས་འཇོན་དང་ལྷག་བསམ་སོགས་ཚད་ག་འདྲ་ཞིག་ཏུ་སླེབས་འདུག   དབང་བོའི་སྒོ་ཀུན་གཞན་སྐྱོན་འཚོལ་བྱེད་དུ་བཀོལ་བ་ལས་རང་ཉིད་ཞིབ་པར་བཀླག་ན་མི་ལེགས་སམ། ཁྱོད་ཆོས་ལུགས་པ་ཞིག་ཡིན། ཁྱོད་གྲྭ་བ་ཞིག་ཡིན། ཁྱོད་དགེ་རྒན་ཞིག་ཡིན། དོན་དམ་པར་ཁྱོད་ལ་དེ་དག་གི་ཆ་རྐྱེན་ཚང་འདུག་གམ་མི་འདུག

ཅི་ཞིག་བྲིས་ནས་མ་ཚར་བར་ཡོད་དམ། ཀུན་སློང་མ་དག་ན་དེ་དག་ངག་འཆལ་དུ་མི་འགྱུར་བའི་ངེས་པའང་མེད། ཁྱད་པར་དུ་རྩོམ་མཁན་ལས་ཀློག་མཁན་ཉུང་བའི་དུས་འདི་འདྲ་ཞིག་ལ་ཁྱོད་ཀྱི་བམ་འཐུག་པའི་བརྩམས་ཆོས་སུ་བསྙད་པ་དེ་ཚོར་རིན་ཐང་ག་ཚོད་གདའ། ཀློག་པ་བོ་ཅི་ཙམ་ཡོད། དེ་བས་ལུས་སེམས་ལྷོད་པོས་དགེ་སྦྱོར་ངོས་གཙང་བ་རེ་བྱས་ན་མི་བཟང་ངམ།

༡༠

དབུ་སྐྲ་དཀར་སིང་སིང་དང་དབུ་ལོ་འདར་ལྕིག་ལྕིག་བྱེད་པའི་རྒན་བགྲེས་ཚོས་ཁྱོད་འདི་ཕྱིའི་ས་མཁན་དུ་གསོལ་འདེབས་བྱེད་དུས། ཡིན་མདོག་དང་འཇོན་མདོག་མ་སྟོན། ཡ་ཡ་དང་ཡིན་ཡིན་མ་ཟེར། ཁས་བླངས་པའི་བསླབ་སྡོམ་གཉོམ་པོ་དེ་འཆོར་ཉེན་ཡོད། མཛོ་སྦྲེལ་གཡང་ལྷུང་བྱེད་ཉེན་ཡོད།

༡༡

སྐྱ་སེར་ཁྲི་སྟོང་གི་མཐོ་སར་འགྱིང་སྟེ། ཐེག་ཆེན་བཤེས་གཉེན་གྱི་མཚན་ཉིད་ཞིབ་འགྲེལ་བྱེད་དུས། རང་ཉིད་ལ་བསམ་གཞིག་ཅིག་བཏང་མྱོང་ངམ། མཚན་ཉིད་བཅུ་ལྡན་ཞིག་ལྟ་ཅི་ཁ་ཁོག་མཚུངས་པའི་དགེ་རྒན་བསམ་བཟང་ཞིག་ཡིན་ནའང་འགྲིག་བསྡད་ཡོད་མོད། དེ་ཡང་ཁག་པོར་མ་གྱུར་ཏམ།

༡༢

སློབ་དཔོན་ཆེན་མོ། སློབ་གསོ་བ་ཆེན་མོ། འཆད་ཁྲིད་པ་གྲགས་ཅན། རྩོམ་པ་བོ་གྲགས་ཅན། བསམ་བློ་བ། སྣེ་ཁྲིད་པ། རླབས་ཆེན་གྱི་མི་སོགས་ནི། ཁྱོད་ལ་མཚོན་ན་ངོ་མཚང་འབྲུ་བྱེད་དམ་ཀུ་རེ་དགོད་གཏམ་ཞིག་ལས་མ་འདས་པས། ཐལ་ཆེ་བའི་རྣ་རྒྱན་དེ་ཚོ་རང་གི་ཡིན་མདོག་གིས་གླེན་རྟགས་མ་སྟོན།

༡༣

ཅི་ཞིག་གི་ཆེད་དུ་ཁྱོད་ཀྱི་གམ་དང་སྐད་འཕྲིན་སོགས་སུ་འདུར་རྒྱུགས་བྱེད་མཁན་དེ་ཚོ་ནི། ཁྱོད་ལ་མཚོན་ན་ཉེན་བརྡ་ཞིག་སྟེ། ཁོ་ཚོར་མཁོ་བ་ཁྱོད་ཀྱི་གྲགས་སྐམ་མམ་ཁྱོད་ལས་ཐོབ་པའི་ཁེ་ཕན་ཙམ་པོ་བ་ལས་ཁྱོད་ཉིད་མིན།  སེམས་ཀྱི་ཟབ་ས་དང་མི་གཤིས་ཀྱི་ཉེ་སར་བཅར་ཕོད་པའི་གྲོགས་བཟང་བོ་སྨན་གྱི་ལྗོན་པ་འདྲ་བ་དག་དང་མ་ནོར་བར་གྱིས་ཤིག

༢༠༡༨.༡༠.༢༦

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།