ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

དུས་སྟོན་ཁྲོད་ཀྱི་བོད་པ།

                    ལྡོང་ཡོན་ཏན་རྒྱ་མཚོ།

དགེ་རྒན་ཕལ་ཆེར་སློབ་ཁྲིད་སྟེགས་བུར་བྲལ།།
སློབ་མ་ཕལ་ཆེར་སློབ་སྦྱོང་བྱེད་ཁོམ་མེད།།
ལས་བྱེད་མང་ཤོས་གཞུང་སྒྲུབ་ཁང་དང་གྱེས།།
སྐོར་བྲོ་རྩེ་ཞིང་སྐོར་བྲོའི་དུས་སྟོན་སྤེལ།།
སྐོར་བྲོ་ཁོ་ན་ང་ཚོའི་ཁྱད་ཆོས་ཞེས།།
རྫོང་ཁག་ལ་ལ་སྐོར་བྲོའི་ཀློང་ནས་ཟད།།

རྟ་ནོར་ལུག་གསུམ་འཚོ་བ་རྗེས་ལུས་ཟེར།།
དབེན་པའི་རི་ནས་སྡོད་པ་གླེན་རྟགས་ཟེར།།
འོན་ཏེ་ནོར་གནག་དུས་སྟོན་གལ་ཆེན་ཟེར།།
ནོར་དང་འབྲེལ་མེད་གཞན་གླུས་རི་ལུང་བཀང་།།
འབྲོང་རྒོད་རྫ་ལ་གཤར་བའི་རྗེས་ཤུལ་ནས།།
རྫོང་ཁག་ལ་ལས་ནོར་གནག་དུས་སྟོན་སྤེལ།།

འབྲོག་པའི་འཚོ་བ་སྐྱ་ཆད་སྔོ་སྡུག་ཡིན།།
འབྲོག་མོའི་ལས་དབང་ལྕི་འདམ་ནང་རོལ་ཡིན།།
ཕལ་ཆེར་འབྲོག་པའི་རྟ་དང་འབྲེལ་མེད་པའི།།
ལོ་རེར་རྟ་རྒྱུགས་དུས་ཆེན་འབྲོག་ནས་སྤེལ།།
བྱ་དགའ་ཆེ་ཆུང་ཕྱི་ཡི་མགྲོན་པོར་ཕུལ།།
རྫོང་ཁག་ལ་ལ་རྟ་རྒྱུགས་བྱས་ནས་ངལ།།

དྭངས་གཙང་མཚོ་མོའི་ནང་དུ་གད་སྙིགས་འཕངས།།
མཐའ་མེད་སྤང་ལྗོངས་འཕྲུལ་གྱིས་སུམ་བསྐོར་བརྒྱབ།།
མི་ཚོགས་རྒྱ་མཚོ་འཕྱུར་བའི་རླབས་རྩེ་ནས། །
འབྲོག་པ་རྟ་ཞོན་ཁྱུ་གཅིག་རི་ལ་དེད།།
པ་ཏྲའི་རིས་སུ་འཐེན་པའི་སྣུམ་ལམ་ནས།།
རྫོང་ཁག་ལ་ལར་ལྕགས་རྟའི་འགྲན་རྩོད་རྒོད།།

ཡིག་ནོར་ཅན་གྱི་སྟོད་གོས་གྲལ་དག་གྱོན།།
རུ་དཔུང་མང་བོ་ཕྱོགས་མཚམས་བརྒྱད་ནས་འདུས།།
དྲ་འཕེན་སྤོ་ལོས་སྤུར་བའི་གཞོན་སྐྱེས་སྟོང་།།
ཨར་འདམ་ར་བར་ཉིན་མཚན་མེད་པར་འདུར།།
བྱ་དགས་བོས་ཤིང་བྱ་དགས་བཟི་གྱུར་བའི།།
རྫོང་ཁག་མང་བོར་ལྒང་རྩེད་ལྟད་མོ་ཡོད།།

གཏམ་བཤད་འགྲན་བསྡུར་གླུ་ཤགས་ངག་གི་རྩལ།།
རྒྱན་གོས་ཤོམ་འགྲོས་རྡུང་ལེན་སོར་མོའི་རྩལ།།
ཉེ་ཚོགས་འདུ་འཛོམས་མིག་མང་ཀླད་པའི་རྩལ།།
ཕོ་རྩལ་སྣ་དགུར་མ་འདུས་དུས་ཀྱི་རྩལ།།
མདོ་དབུས་ཁམས་གསུམ་མེད་པར་ཁྱབ་གྱུར་ཏེ།།
བོད་ཡུལ་ལུང་བ་དགའ་སྐྱིད་དཔལ་གྱིས་བཟི།།

དགའ་སྐྱིད་དུས་སྟོན་ཡོད་ན་ལོས་བཟང་སྟེ།།
སྟོན་མོར་ཚད་ཅིག་ཡོད་ན་དེ་བས་བཟང་།།
སྲིད་འབྱོར་རིག་པའི་འཕེལ་ཁར་རྟག་བརྩོན་པའི།།
སྔོན་ཐོན་ཡུལ་ལ་ཞིབ་པར་གཟིགས་དང་ཤེས།།
སློབ་སྦྱོང་མི་བྱེད་པའི་དཔལ་འབྱོར་མི་སྒྲུབ་པའི།།
དུས་སྟོན་རྐྱང་བའི་མཇུག་འབྲས་འཇའ་ཚོན་ཡིན།།

                                           ༢༠༡༩-༧-༢༦ཉིན་བྲིས།