ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

དུས་རབས་གཡོ་སྐྱོམ་ཁྲོད་ཀྱི་ཉམས་རྒུད།

མངོན་པ་མཛོད་ལས། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེ། །ཞེས་གསུངས་པལྟར། མཐའ་མེད་སྟོང་བའི་དབྱིངས་སུ་ཕྱི་ནང་རྒྱུ་རྐྱེན་མང་བོའི་ཀློང་རིམ་ནས་རྡུལ་ཕྲན་འདྲེས་སྦྱོར་གྱི་སྒྱུ་འཕྲུལ་གར་དུ་རྩེན་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སོགས་གྲངས་དང་ཚད་མི་ལོངས་པའི་གོ་ལ་སྣ་ཚོགས་ལོ་ངོ་ས་ཡ་དུམའི་རིང་ལ་རིམ་གྱིས་གྲུབ་ཅིང་། རང་ཅག་བརྟེན་ཅིང་གནས་སའི་གོ་ལ་འདིར་འོདགསལ་ལྷ་ཡི་ཡུལ་སོགས་ནས་སྡོང་ལོ་རླུང་གིས་ཁྱེར་བ་ཇི་བཞིན་རླུང་སེམས་ལྷནཅིག་པའི་རྣམ་ཤེས་འབྱམས་ཀླས་པ་ཞིག་གློ་བུར་དང་གློ་བུར་མ་ཡིན་པའི་སྣང་ཚུལ་གྱིས། མིང་གཟུགས་དང་གཤིས་སྤྱོད་མི་འདྲ་

བའི་གཅན་གཟན་རི་དྭགས། འདབཆགས་འབུ་སྲིན། ལྷ་འདྲེ་མི་གསུམ་སོགས་མདོར་ན་ཚེ་སྲོག་ལྡན་པའི་མགྲོན་པོ་སྣཚོགས་ཀྱིས་འཇིག་རྟེན་ཁམས་ཆེན་པོའི་སྟེང་འོག་བར་གསུམ་ཕྱུར་བུར་གཏམས་པ་ནས་ད་ལྟའི་བར་དུ་ལོ་ངོ་ག་ཚོད་ཅིག་འདས་པ་ཧ་ཅང་ལྐོག་གྱུར་གྱི་གྲངས་ཀ་ཞིགཡིན་མོད། མི་རྣམས་ཀྱི་ཚེ་ལོ་ཤིན་ཏུ་རིང་བ་ནས་ཇེ་ཐུང་དང་། གཤིས་སྤྱོད་ཤིན་ཏུལེགས་པ་ནས་ཇེ་ངན་དུ་གྱུར་ཏེ། རིམ་གྱིས་ཕན་ཚུན་ཕྲག་དོག་དང་འཐབ་རྩོད་ཀྱིཀློང་དུ་སིམ་ནས་འཇིགས་རུང་གི་གཡུལ་ས་དང་ཉམ་ངའི་གཡང་ས་ཞིག་བསྐྲུན་དང་བསྐྲུན་བཞིན་པ་ནི་སུས་ཀྱང་བསྙོན་སར་མི་འགྲོ་བའི་དངོས་ཡོད་གནས་ཚུལ་ཞིགགོ།

ནང་བའི་ཆོས་གཞུང་དག་ཏུ་གསུངས་པ་ལྟར་ན། ཐོག་མའི་མི་རྣམས་ནི་འོད་གསལ་ལྷ་ལས་ཆད་པ་ཡིན་ཏེ། ཚེ་ཚད་དཔག་ཏུ་མེད་པ་ཐུབ་པ། ཟས་སུ་བསམགཏན་གྱི་དགའ་བ་ཟ་བ། རྫུས་ཏེ་སྐྱེ་བ། ལུས་ལ་འོད་ཡོད་པ། རྫུ་འཕྲུལ་གྱིས་ནམམཁའ་ལ་འགྲོ་བ། གཟུགས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་ཡོད་མོད། ནམ་ཞིག་གི་ཚེ་བདུད་རྩི་ས་བཅུད་ཅེས་བྱ་བ་ཁ་དོག་དཀར་བོ། རོ་སྦྲང་རྩི་དང་འདྲ་བ་ཞིག་བྱུང་བ་དེ་ཟོས་པས། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་མ་ཐུབ་ཅིང་བསམ་གཏན་གྱི་ཟསམེད་དོ། །དེའི་རྗེས་ལ་སའི་ཞག་ཅེས་ཁ་དོག་དམར་སེར། རོ་སྦྲང་རྩི་དང་འདྲ་བ་ཞིག་བྱུང་བར། མི་སྲེད་པ་ཅན་དག་གིས་ཞག་དེ་ཟོས་པས་རིམ་གྱིས་ཁོག་པའི་ནང་དུ་མིགཙང་བའི་སྙིགས་རོ་ཆགས་ཤིང་འོག་སྒོ་གཉིས་བྱུང་། ཕོ་མོའི་ཁྱད་པར་ཕྱེས། འཁྲིག་སྤྱོད་ཀྱི་ལས་དར། བདག་གཞན་གྱི་བསམ་བློ་འཁྲུངས།  ལུས་ཀྱི་འོད་ཉམས། སའིཞག་ཀྱང་ནུབ་པ་དང་། མྱུ་གུའི་ཚལ་ཞེས་བྱ་བའི་ཟས་བྱུང་ངོ་། །ཟས་དེ་རྣམས་དགོས་པའི་དུས་སུ་བླངས་ནས་ཟ་བ་ཡིན་པ་ལ།  མི་ལེ་ལོ་ཅན་འགའ་ཞིག་གིས་ནང་བར་གྱི་སྐལ་བ་དེ་རིང་ནས་བླངས་ཏེ་ཟོས་ཤིང་། མི་གཞན་རྣམས་གྱིས་ཀྱང་དེ་བཞིན་དུ་བྱས་པས། མ་རྨོས་པའི་ཟས་ཀྱང་ཟད་དོ། །དེ་ནས་སོ་ནམ་གྱི་བྱ་བ་ལ་ཞུགས་ནས་ཡོད་པལ།  མི་གཅིག་གིས་བཏབ་པའི་ཞིང་གཞན་གྱིས་བསྡུས་ཤིང་ལོངས་སྤྱད་པ་སོགསཀྱིས་འཐབ་རྩོད་འཁྲུག་ལོང་གི་འགོ་བརྩམས་པར་གསུངས་ཏེ།  གོང་གི་གདོད་མའི་ལོ་རྒྱུས་དུམ་ཚན་དེས་མིའི་རིགས་ཀྱི་ནང་གཤིས་རྒྱུད་ཀྱི་ཆ་ལ་ཉམས་རྒྱུད་ཅེས་པཞིག་ངང་ངམ་ཤུགས་ཀྱིས་སིམ་འཛུལ་བྱས་པར་དྲན་བསྐྲུལ་བྱས་ཡོད།

རིམ་གྱིས་བྲན་གཡོག་ལམ་ལུགས་དང་བཀས་བཀོད་རྒྱུད་འཛིན་གྱི་ལམལུགས་སོགས་ཆ་མི་མཉམ་པའི་ལམ་ལུགས་སྣ་ཚོགས་ཆུ་ལས་ཆུ་བུར་བརྡོལ་བ་བཞིན་འགོག་མེད་དུ་བྱུང་ཡང་། ལོ་ངོ་ས་ཡ་གཅིག་དང་བདུན་འབུམ་ཉི་ཁྲི་བརྒྱད་སྟོང་གིརིང་ལ་དགེ་བ་བཅུ་(ཆོས་ནོར་འདོད་པ་ཐར་བ་བཞིར་བཤད་པའང་ཡོད།)རྫོགས་པརལོངས་སྤྱད་པའི་རྫོགས་ལྡན་གྱི་དུས་དང་། ལོ་ངོ་ས་ཡ་གཅིག་དང་ཉིས་འབུམ་དགུ་ཁྲི་དྲུག་སྟོང་གི་རིང་ལ་དགེ་བ་བཅུ་ལས་སུམ་ཆ་ཙམ་ལུས་པའི་སུམ་ལྡན་གྱི་དུས། ལོགྲངས་བརྒྱད་འབུམ་དྲུག་ཁྲི་བཞི་སྟོང་གི་ཡུན་ལ་དགེ་བ་བཅུ་ལས་ཉིས་ཆ་ཙམ་ལུས་པའི་གཉིས་ལྡན་གྱི་དུས་བཅས་ཡ་རབས་ལ་མོས་ཤིང་དང་ཚུལ་དང་མཐུན་པ། ཁྲེལ་དང་ལྡན་ཞིང་ངོ་ཚ་ཡོད་པ་སོགས་མིའི་གཤིས་སྤྱོད་ཅུང་ཚད་མཐོན་པོར་གནས་ཕྱིར་བསམ་མི་ཐུབ་པ་དང་བློ་ཡུལ་ལས་འགོངས་པའི་འཁྲུག་རྩོད་སོགས་དེ་འདྲ་མ་བྱུངཞེས་བཤད་ཀྱང་ཐལ་མི་ཆེ་བ་ལྟ་བུའི་ཚོད་དུ་ཡོད།

འཇམ་མགོན་ས་སྐྱ་པཎ་ཆེན་གྱི་ཞལ་ནས།  ཉེས་པ་མངོན་སུམ་བྱེད་བཞིནདུ། །གཡོ་ཅན་ཚིག་གིས་མངོན་སུམ་བསླུ། །ཞེས་གསུངས་པ་ལྟར། དུག་གསུམ་གྱི་ཁོལ་བོར་གྱུར་བའི་མིའི་རིགས་ཀྱི་འདོད་སྲེད་ཀྱི་མེ་ལྕེ་དགོང་སྔོན་དབྱིངས་སུ་མཆེདཅིང་། འཁོན་སེམས་ཀྱི་ཚེར་མར་རྣོ་ཤུགས་དབལ་གསུམ་རྫོགས་པས། གླིང་དང་གླིང་། ཕྱོགས་དང་ཕྱོགས། རྒྱལ་ཁབ་དང་རྒྱལ་ཁབ། མི་རིགས་དང་མི་རིགས།  སྡེ་བ་སྡེ་བ། ཁྱིམ་ཚང་དང་ཁྱིམ་ཚང་། མི་དང་མི། ལྷ་དང་མི། མི་དང་དུད་འགྲོ། མི་དང་གཅནགཟན་རི་སྐྱེས། མི་དང་རང་བྱུང་ཁམས། སྣོད་དང་བཅུད་སོགས་ཀྱི་བར་ལ་འགལབའི་འཁོར་ལོ་བར་མེད་དུ་བསྐོར་ཞིང་སོས་མེད་ཀྱི་རྨ་ཁ་གཏིང་ཟབ་མོ་ཞིག་བཞག་སྟེ། ཁྱོད་ཤི་ང་གསོན་དང་ཁྱོད་རྫུན་ང་བདེན་གྱི་ཟློས་གར་བསྟུད་མར་འཁྲབ་པས།  རིང་ཐུང་མེད་པའི་བསྐལ་བ་འདིའི་ཆགས་གནས་འཇིག་སྟོང་གི་ཡུན་ཚད་ཀྱང་དོ་མི་མཉམ་པར་བསྒྲུབས། རང་དབང་དང་འདྲ་མཉམ་གྱིས་འཚོ་དགོས་པའི་མི་ཚེར་ཡང་བཀོལ་སྤྱོད་དང་བཙིར་གནོན་ཡ་ང་བ་སྤྲད། ཆེ་བ་འཇིག་རྟེན་འབར་གས་གཏོངབའི་འཕུར་མདའ་ཁྲི་འབུམ།  ཆུང་བ་ཁོར་ཡུག་འབག་བཙོག་གཏོང་བའི་མི་གཙང་ལྗན་ལྗིད། མདོར་ན་རང་གི་བདེ་སྐྱིད་གཞན་གྱི་སྡུག་བསྔལ་ཁྲོད་ནས་བཙན་གྱིསའཚོལ་བར་དགའ་བའི་མིའི་རིགས་ཞེས་པའི་སྲོག་ཆགས་གཏུམ་པོ་འདི་དག རངཉིད་མ་ཚུད་པའི་ཡོད་ཚད་ཁྱུར་མུད་གཏོང་འདོད་ཀྱི་བསམ་བློ་ཡ་མ་བླ་དེས་ཁྲིད་དེ་ཕྱིར་འོང་མེད་པའི་གཡང་སར་སྙེག་གིན་ཡོད།

སློབ་གསོའི་ཡང་སྙིང་མ་རྙེད་པའི་མིའི་རིགས་ཀྱིས། བདེ་བའི་རང་ཞལ་མམཇལ་བའི་རྐང་གཉིས་པ་དག་གིས། སྡུག་བསྔལ་གྱི་རྩ་བ་མ་རྟོགས་པའི་མཐོ་རིམསྲོག་ཆགས་སུ་གྲགས་པ་ཚོས།  ཐུན་མོང་ལ་དབང་བའི་འཇིག་རྟེན་དེ་ཐུན་མིན་གྱིཁྱིམ་གཞིས་སུ་བསྒྱུར་བ་ནས། དབུགས་ལྡན་གཞན་དག་ཡོད་དོ་ཅོག་ལ་བདེ་བ་ཞེས་པའི་གོ་སྐབས་ཤིག་ཡེ་ནས་སྟེར་མ་མྱོང་ལ། བག་ཕེབས་ཀྱི་འཚོ་གནས་དང་རངདབང་གི་ལོངས་སྤྱོད་ཅེས་པ་ཐ་ན་རྨི་ལམ་དུའང་རྨིས་དབང་མ་བྱིན་པས། ཤེས་རྒྱུད་ཀྱིས་མ་བསྡུས་པའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་དགའ་སྐྱོ་ཆགས་སྡང་གིས་གྲུབ་པའིསྐྱེ་འགྲོ་གཞན་དག  འུ་ཐུག་ཐབས་ཟད་ཀྱི་ཀློང་ནས་ཨམ་གཙིགས་བསྡམས་ཏེ་བརྩེ་བ་བྲལ་བའི་མིའི་རིགས་ལ་ཕྱིར་རྒོལ་བྱེད་འགོ་བརྩམས་པས། ས་གཡོ་མཚོ་སྐྱོམསསོགས་འབྱུང་བཞིའི་འཇིགས་པ།  རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདའ་སོགས་རྫས་སྦྱོར་གྱི་འཇིགས་པ། གཅན་གཟན་ཁྲོས་པའི་ངར་སྒྲ་དང་། འདབ་ཆགས་བཤུམ་པའི་ངུད་མོ། འཕྲུལ་འཁོར་གྱི་འཐབ་འཁྲུག་དང་བསམ་བློའི་རྒྱལ་ཕམ།  ལྐོག་གཡོ་ངན་ཇུས་ཀྱི་མུན་དོང་དང་།  ངོ་འཛུམ་ཁོག་གནག་གི་བསླུ་བྲིད་སོགས་དབྱརགསུམ་ཆུ་གཏེར་གྱི་འཕེལ་ཁ་དང་དགུན་གསུམ་བུ་ཡུག་གི་གདུག་རྩུབ་བཞིན་ཁདཀྱིས་ཁད་ཀྱིས་ལྡང་ཞིང་འཕྱུར་ཏེ་འོང་བས།  ཁང་བརྩེགས་མཐོན་པོ་དང་། ཟམ་པ་ཞེང་ཆེན།  གཞུང་ལམ་རིང་མོ་དང་ཟས་གོས་མོད་པོ།  གློག་ཀླད་བཀོལ་བདེ་དངཡིག་སྣོད་ཁོད་ཡངས། དྲ་ཚིགས་རིག་གནས་དང་འཚོ་སྡོད་རིག་གནས། ཐད་འཕུར་གནམ་གྲུ་དང་། གྱེན་འཕུར་གནམ་གྲུ། མེ་འཁོར་རིང་ཐུང་སྣ་ཚོགས་དང་མགྱོགསབུལ་མང་བོ། རླངས་འཁོར་ཆེ་ཆུང་མི་གཅིག་ཁྲི་མ་འབུམ། དབྱིབས་གཟུགས་མི་འདྲ་བྱེ་བ་ཕྲག་བརྒྱ། ཆེམ་ཆེམ་དུ་འཕྲོ་བའི་གློག་འོད།  གཤོག་པ་ཐོགས་པའི་སྤྲོ་དགའ།  ཤར་ནུབ་འཇིག་རྟེན་གྱི་མཛེས་པ་ཐོལ་གྱིས་མཐོང་ཞིང་ཡུད་ཀྱིས་ཐོས་པའི་ངོ་མཚར་གྲུབ་རྟགས།  མདོར་ན། འཕེལ་རྒྱས་དང་མདུན་བསྐྱོད།  གསར་བརྗེ་དང་རྟོགསསད་སོགས་སྙིང་རྗེ་བའི་ཐ་སྙད་སྐམ་པོ་རེ་འགས་གཏན་དུ་བཟི་སྟེ། ལུས་ཕུང་ནདཡམས་དང་བསམ་བློ་མུ་གེའི་ཀློང་ན་ཅི་མི་སྙམ་པར་ནང་སེམས་མཛེས་སྡུག་གི་གཟི་བྱིན་ཉིན་རེ་ནས་ཉིན་རེར་ཐུར་དུ་རྒུད་དེ། རང་ཉིད་ཀྱི་ཁོ་ར་ཁོར་ཡུག་ཀུན་ཏུ་ལྷམིན་གྱི་འཁྲུག་རྩོད་དང་འཇིགས་རུང་གི་དམྱལ་བ་ཚ་ཆང་ཞིག་བསྐྲུན་དང་བསྐྲུནཔར་འབད་ཅིང་བརྩོན་བཞིན་མཆིས།

བྱིན་གྱིས་མ་བརླབས་ཤིང་ལུང་དུ་མ་བསྟན་པའི་རང་ཅག་གི་མིག་མདུན་གྱིསྐྱོ་གར་འདི་ནི།  ནང་བ་སངས་རྒྱས་པའི་ཆོས་གཞུང་ནས་བཤད་པ་ལྟར་ན། དགེ་བ་བཅུ་ལས་ཆ་གསུམ་ཉམས་ནས་མི་རྣམས་ཀྱིས་ཆ་གཅིག་ཙམ་ལ་ལོངས་སྤྱོད་པའི་རྩོད་ལྡན་གྱི་དུས་ནས་འགོ་བརྩམས་ཤིང་། དེའི་དུས་ཡུན་ལ་མི་ལོ་བཞི་འབུམ་སུམ་ཁྲི་ཉིས་སྟོང་ཡོད་ཟེར། ཁྱད་པར་དུ། དུས་འཁོར་ཕུག་ལུགས་པའི་བཞེད་པ་ལྟར་ན། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མཉམ་མེད་ཤཱཀྱའི་རྒྱལ་བོ་དེ་ཉིད་སྐུམྱ་ངན་ལས་འདས་( སྤྱི་ལོ་སྔོན་གྱི་ལོ་ 881 ལོར་མྱ་ངན་ལས་འདས།) ནས་ལོ་སྟོང་གཅིག་དང་ལྔ་བརྒྱ་འདས་པ་སྟེ་སྤྱི་ལོ་ ༦༡༩ ལོ་ནས་ཚེ་དང་བསོད་ནམས་སོགས་ཀྱི་དྭངས་མརིམ་གྱིས་ཟད་དེ་དུས་ངན་སྙིགས་མ་ལྔ་བདོ་བའི་འགོ་བརྩམས་པས།

 

༡ མི་རྣམས་ཀྱི་ནང་སེམས་ཀྱི་མཛེས་སྡུག་མར་མར་འགྲིབ་པས། རྒན་བཀུརགཞོན་བྱམས་དང་། ཡོན་ཏན་ཅན་ལ་བརྩི་མཐོང་། ཁྲེལ་ཡོད་པ་དང་ངོ་ཚར་འཛེམ་པ། ཕྱི་ཐག་རིང་བ།  གཞུང་རྒྱུད་དྲང་བ་སོགས་ཡ་རབས་ཀྱི་བྱ་བར་གཞུག་ཀྱང་མིའཇུག་པར། བྱ་བ་ཕྱིན་ཅི་ལོག་ལ་མོས་ཤིང་། གཡོ་སྒྱུ་ཁྲམ་གསུམ་ལ་སྤྲོ་བ། རངམཐོང་ཆེ་ཞིང་བློ་ཕུགས་མི་བརྟན་པ། ཚོང་ཁེ་བུན་ལོག་ལ་མཁས་པ།  དྲིན་བྱས་ཀྱིདྲིན་བརྗེད་ཅིང་དྲིན་ལན་ལོག་འཇལ་བྱེད་པ། ཆ་ལུགས་ཡ་མ་ཟུང་ལ་དགའ་ཞིང་སྒོགསུམ་བག་ཡངས་སུ་སྤྱོད་པ་སོགས་སེམས་ཅན་སྙིགས་མ།

 

༢ འདོད་ཆགས་མེ་ལྟར་འབར་ཞིང་། ཞེ་སྡང་མཚོ་ལྟར་འཕྱུར་བ། གཏི་མུག་བསྐལ་བའི་མུན་པ་ལས་མཐུག་པ། ཁོང་ཁྲོ་སྦྲུལ་ལྟར་འཁྱུག་པ། ང་རྒྱལ་རི་བོ་བཞིན་མཐོ་ཞིང་ཕྲག་དོག་ཐེའུ་རིང་ལས་ཐུ་བ་སོགས་ཉོན་མོངས་སྙིགས་མ།

 

༣ བཅའ་བ་རིམ་གྲོས་མི་བཟློག་ཅིང་སྨན་པའི་རྒྱལ་བོས་ཀྱང་མི་སེལ་བ།   ཚན་ཚན་རིག་པས་ཀྱང་མི་དཔོག་པའི་འཇིགས་རུང་གཤིན་རྗེའི་ཕོ་ཉར་བརྫུས་པའི་ནད་ཡམས་མང་བོ། བཏབ་པའི་ལོ་ཏོག་མི་སྨིན་པ། རང་བྱུང་རྩི་ལྗོན་རྩད་ནས་སྐམ་པ། སད་སེར་ཐན་པའི་དུད་ཞགས་འཁྱིལ་བ། ལྷའི་བཀའ་ཆད་ཐོག་ལྟར་བཙན་པ། ཀླུའི་གནོད་པ་རྦབ་ལྟར་འགྲིལ་བ། མི་མ་ཡིན་དང་འབྱུང་བོའི་ཆོ་འཕྲུལ་རྒོད་པ། ས་གཡོ་མེ་འཇིགས།  མཚོ་འཕྱུར་རླུང་ཐན། ཆུ་ལོག་རྒྱུགས་ཤིང་ཤྭ་འོད་བརྡོལ་བ།     སྐར་མདའ་ལྷུང་ཞིང་མེ་རི་འབར་གས། རི་ཆེན་ཐང་དུ་ཉིལ་ཞིང་ཆུ་ཀླུང་བཞུར་རྒྱུན་ཆད་པ།   གངས་རིའི་རང་མདངས་ཉམས་ཤིང་ནགས་ཀློང་འཇའ་ལྟར་ཡལ་བ། གོདང་གོ་ལའི་བར་དུ་གདོང་གཏུགས་ཤོར་ཞིང་། ཉི་མ་དང་ཟླ་བའི་རང་འགྲོས་གོའཛོལ་བྱུང་བ།  ལས་དང་དབང་ཐང་མི་གཅིག་པའི་ལྷ་ཀླུ་མི་གསུམ་གྱི་འགལ་བ། ཤ་མདོག་དང་མོས་ཁམས་མི་མཚུངས་པའི་ཤར་ནུབ་རྒྱལ་ཁབ་ཁག་གི་དམག་འཁྲུགའཐབ་རྩོད་སོགས་གནའ་མི་རྒན་པོས་གོ་མ་མྱོང་ཞིང་གསར་སྐྱེས་གཞོན་ནུའི་བསམ་མི་ཐུབ་པའི་དུས་སྙིགས་མ།

 

༤ བསྐལ་བ་རྫོགས་ལྡན་གྱི་དུས་སུ་མི་རྣམས་ཀྱི་ཚེ་ཚད་དཔག་ཏུ་མེད་པནས་བརྒྱད་ཁྲི་སོགས་ཐུབ་ཀྱང་། ལོ་བརྒྱ་རེའི་མཚམས་ནས་ཆ་སྙོམས་ལོ་གཅིག་རེ་ཇེ་ཐུང་དུ་གྱུར་ཏེ། ད་ལྟ་ཚེ་ཚད་དྲུག་ཅུ་ཁ་རལ་ལམ་ལྔ་བཅུ་ཁ་རལ་ཏུ་ཐོན་ཞིང་། དེལའང་འཆི་རྐྱེན་མང་བོ་རླུང་དམར་ནང་གི་རུ་འཛིང་འཛིང་དང་། མཐུན་རྐྱེན་ཕྲ་མོ་སངས་རྒྱས་རྒྱ་ལམ་དུ་འབྱོན་པ་ལས་ཀྱང་དཀོན་པའི་ཚེ་སྙིགས་མ།

 

༥ གནས་ལུགས་ལ་རྒྱབ་ཀྱིས་ཕྱོགས་ཤིང་དྲང་བདེན་ལ་དུག་ཏུ་བལྟས་ཏེ།   བསམ་བློ་ཉི་ཚེ་བ་ཞིག་དང་ལྟ་བ་ལྟར་སྣང་བ་ཞིག་ཚད་མར་བཟུང་ནས། ལ་ལས་རི་སྐྱིབས་དང་བྲག་ཕུག  ནམ་མཁའ་དང་རྒྱ་མཚོ་སོགས་ལ་སྐྱབས་སུ་སོང་། འགའརེས་ཉི་མ་དང་མེ་ལྕེ་ལ་བློ་ཕུགས་བཅོལ།  ཁ་ཅིག་གིས་རྟག་གཅིག་རང་དབང་ཅན་དུ་མོས་པའི་ཚངས་པ་དང་། ཁྱབ་འཇུག  དབང་ཕྱུག་སོགས་སྲིད་པའི་ལྷ་ཆེནབརྒྱད་དམ། ནམ་ཡང་རང་ཉིད་ལས་གཞན་པ་སུ་ཡང་ངའི་གོ་འཕང་དུ་སླེབས་མིསྲིད་པའི་ཐ་ཚིག་སྒྲོག་པའི་དཀོན་མཆོག  འཚེ་བ་ཆོས་སུ་ཐག་གཅོད་པ་ལ་དཔའབའི་སྦྲང་རྩིའི་བློ་གྲོས་སོགས་སྟོན་པ་ཚད་མ་དང་། དེ་དག་གིས་ཅི་གསུངས་ཆོསལུགས་ཚད་མ། དེ་དག་གིས་ཅི་འདོད་ལྟ་བ་ཚད་མ།  དེ་དག་གིས་ཅི་བྱས་སྤྱོད་པཚད་མར་འཛིན།  ཉུང་ཤས་ཤིག་གིས་དཀོན་མཆོག་གསུམ་དང་། སྐྱེ་བ་སྔ་ཕྱི། ལསརྒྱུ་འབྲས་སོགས་མེད་པར་སྨྲ་ཞིང་། རྙིང་བ་ཡོད་ཚད་ཡུག་གིས་དོར་ནས་གསར་བགང་མཆིས་ཧྲིལ་གྱིས་བླངས། འཁོར་བའི་སྙིང་བོ་ཡོད་པར་རློམ་ལ། བདག་ཏུ་མ་གྲུབ་ཅེས་པ་གླེན་བཤད་དུ་སེམས་ཤིང་སྒྲོགས་པ་སོགས་བསམ་ཚུལ་འདྲ་མིན་དང་ངེསཤེས་སྣ་ཚོགས་ཆུ་མོའི་རླབས་གཉེར་བཞིན་གཅིག་རྗེས་གཉིས་མཐུད་དུ་ཐོན་པའི་ལྟ་བ་སྙིགས་མ་བཅས་ཆོས་ལུགས་པའི་བཤད་སྒྲོས་ཙམ་མ་ཡིན་པར།  བདེན་དཔངངས་བྱེད་དང་ཚབ་མཚོན་ང་ཡིན་གྱི་རང་སྐད་སྒྲོག་པའི་དུས་འདིར། མི་རུ་སྐྱེས་ཀྱང་མི་ཆོས་མི་ཤེས་པ། ཡོན་ཏན་ཡོད་ཀྱང་བྱམས་བརྩེ་མེད་པ། འབྱོར་ཕྱུག་འཛོམས་ཀྱང་མི་གཞི་ཤོར་བ། བསླབ་བྱ་སྣ་མང་ཐོས་ཀྱང་ཉམས་ལེན་སྣ་གཅིག་མ་བྱས་པ། གོང་དུ་ཅི་ཙམ་བཀུར་ཡང་དམན་ལ་ལྷག་པར་སྡང་བ། སྤྱི་ཆོས་མི་དྲན་པར་སྒེར་ཆོས་ཀྱིས་སྨྱོ་བ་དག་ལ་ནི་ཇི་འདྲའི་བདུད་རྩི་སྨན་མཆོག་ལས་ལྷག་པའི་ཡང་དག་པའི་སློབ་གསོ་ཞིག་མཁོ་ཨང་། ཇི་འདྲའི་མི་ཚེའི་སྙིང་བོ་ལོན་ཐབས་ཀྱི་མན་ངག་ཅིག་གལ་ཆེ་ཨང་། ཇི་འདྲའི་རང་གཞན་གཉིས་ཕན་གྱི་ལམ་སྟོན་སྒྲོན་མེ་ཞིག་ཉག་སྒང་རེད་ཨང་།

ཁྱད་པར་དུ། རི་བོ་མན་དྷ་ར་བའི་ཡང་སྟེང་ན་དགོས་འདོད་དཔལ་ལ་རོལབའི་འདོད་ལྷ་རིགས་དྲུག་དང་འོག་གཞི་རླུང་གི་དཀྱིལ་འཁོར་དུ་ལྕགས་སྲེག་གི་སགཞི་དང་ངོ་བོ་དབྱེར་མེད་དུ་འདྲེས་པའི་ཚ་དམྱལ་བ།  ཆབ་རོམ་དང་གངས་འཁྱག་གྱི་སྤུབས་ན་རང་ལུས་པད་མའི་འདབ་མ་ལྟར་གས་ཤིང་ཆེས་ཆེར་གས་པའི་གྲངདམྱལ་བ། དྭངས་གཙང་གི་ཆུ་རྒྱུན་རྣག་ཏུ་མཐོང་ཞིང་ཞིམ་མངར་གྱི་ཟས་མཆོག་མེ་རུ་འབར་བའི་ཉམ་ཐག་ཡི་དྭགས། མཐའ་མེད་རྒྱ་མཚོའི་ཀློང་ཡངས་སོགས་གནསངེས་མེད་ན་གཅིག་ལ་གཅིག་ཟ་དང་བཀོལ་སྤྱོད་རྡུང་རྡེག་གིས་ནོན་པའི་དུད་འགྲོབྱིངས་དང་ཁ་འཐོར་བ། སྐྱེ་རྒ་ན་འཆིའི་ཞག་ཐགས་ནག་པོས་ནམ་ཡང་ལྷོད་པ་མེད་པའི་རྐང་གཉིས་མི་སོགསདབུགས་ལྡན་འགྲོ་བ་ཡོངས་ལ་ཐུན་མོང་གི་རང་གཤིསཤིག་ཡོད་པ་ནི། སྡུག་བསྔལ་ཁབ་རྩེས་རེག་པ་ཙམ་ཡང་མི་བཟོད་ལ། བདེ་བ་ཚ་བས་ཉེན་ཚེ་རླུང་བསིལ་མོ་ཙམ་ཡིན་ཡང་འདོད་པ་དེ་ཉིད་རེད། དེ་ལས་ཀྱང་བདེ་སྡུག་གི་ཚོར་བ་རྣོ་དྲག་པའི་འགྲོ་བ་མི་ཞིག་ཡིན་ཚེ། ཁྲ་ཆིལ་མེ་ཏོག་བཞད་པའི་གླིང་གརབསྐྱོད་པའམ། མི་ཚོགས་རྒྱ་མཚོ་འཕྱུར་བའི་ཁྲོམ་རར་ཉུལ་བ། དབྱིབས་གཟུགས་ཁ་དོག་མི་གཅིག་པའི་ཆས་གོས་གྱོན་པ།  དབྱངས་གསལ་སྐད་བརྡ་མི་འདྲ་བས་གླེངམོལ་བྱེད་པ།   སྲིད་ཀྱི་སྟེགས་བུར་འགྱིང་བའི་ཁྲིམས་འཛིན་པ།  རིན་ཆེན་གཏེརལ་དབང་བའི་དོན་མཐུན་པ། ཞིང་འདེབས་ཕྱུགས་སྐྱོང་བྱེད་པའི་དམངས་རིགས་པ། གནའ་དེང་རིག་པར་གོམས་པའི་ཤེས་ཡོན་པ། གཞུང་ལུགས་ཐང་མར་བརྡལ་བའིའཆད་ཁྲིད་པ། རྩོམ་པ་བོ། ལྗོངས་རྒྱུ་བ། ཁྲིམས་རྩོད་པ། སྒྱུ་རྩལ་བ། སྣེ་ཤན་པ། གསོ་རིག་པ། རི་མོ་བ། ཆོས་ལུགས་པ་སོགས་སུ་ཡིན་ཡང་། ཚང་མར་ངའོ་སྙམ་པའི་ངརྒྱལ་རེ་དང་། ངའི་འོ་སྙམ་པའི་བདག་འཛིན་རེ། དེ་བཞིན་དུ་སྡུག་བསྔལ་ཅི་ཡང་མི་འདོད་ཅིང་། བདེ་བ་གང་ཡང་ཐོབ་ན་སྙམ་པའི་བཅོས་མིན་གྱི་རྣམ་རྟོག་གཅིགམཚུངས་སུ་ཡོད་ཕྱིར།  ཐམས་ཅད་ཀྱིས་དམིགས་འདུན་དེའི་ཆེད་དུ་འབད་ཅིངདེའི་ཆེད་དུ་མི་ཚེ་སྐྱེལ་བཞིན་ཡོད།

མི་སུ་ཡིན་ཡང་སྡུག་བསྔལ་འདོར་བ་དང་བདེ་བ་འཚོལ་བའི་ཐོབ་ཐང་ཡང་འདྲ་མཉམ་དུ་ཡོད་མོད།  འོན་ཀྱང་། གོང་ས་རྒྱལ་བའི་དབང་བོས། གང་ལྟར་ཡངབསྡུས་ན་ཕྱིའི་བདེ་སྡུག་དང་། ནང་སེམས་ཀྱི་བདེ་སྡུག་བཅས་རིགས་གཉིས་ཡོད།  ཕྱིའི་དངོས་པོའི་ཡར་རྒྱས་འདི་དག་ལུས་ལ་བརྟེན་པའི་བདེ་བ་སྒྲུབ་པ་དང་། སྡུགབསྔལ་བསལ་བའི་ཆེད་དུ་ཡིན་ནའང་། ཕྱིའི་ཐབས་ཤེས་འདི་དག་གིས་སྡུག་བསྔལ་ཐམས་ཅད་བསལ་ནས་འདོད་པ་རྫོགས་པ་སྒྲུབ་ཐུབ་རྒྱུ་དངོས་གནས་ཁག་པོ་ཡིན། དེས་ན་ཕྱི་རོལ་གྱི་དངོས་པོ་ལ་བརྟེན་ནས་བདེ་བ་ཐོབ་ཐབས་བྱེད་པ་དང་། ནངསེམས་ཀྱི་ཡར་རྒྱས་ཀྱི་སྟེང་ནས་བདེ་བ་འཚོལ་ཐབས་བྱེད་པ་གཉིས་ལ་ཁྱད་པརཆེན་པོ་ཡོད།  དེར་བརྟེན་སྡུག་བསྔལ་གཅིག་པ་ཡིན་ན་ཡང་། ང་ཚོའེ་བསམ་བློའིའཁྱེར་ཕྱོགས་ཀྱི་ཐོག་ནས་སྡུག་བསྔལ་མྱོང་སྟངས་དང་སེམས་མི་བདེ་བ་ཆགསསྟངས་ལ་ཁྱད་པར་ཆེན་པོ་ཡོད།  དེར་བརྟེན་བསམ་བློ་འཁྱེར་ཕྱོགས་ནི་ང་ཚོའི་མིཚེ་སྐྱེལ་སྟངས་ཀྱི་ཐད་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད།  ཅེས་དང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་ཞལ་ནས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲལྟར་འཇོམས། །ཞེས་གསུངས་པ་ལྟར། སྐྱེ་བོ་ཕལ་མོ་ཆེ་ཞིག་ལ་སྡུག་བསྔལ་འདོརའདོད་ཀྱི་སེམས་ཡོད་ཀྱང་དེ་འདོར་བའི་ཐབས་མ་ཤེས་པར་སྡུག་བསྔལ་གྱི་མུན་ཁྲོད་ན་འདུར་རྒྱུག་གིས་བྲེལ་ཞིང་། བདེ་བ་ཐོབ་འདོད་ཡོད་ཀྱང་དེ་བསྒྲུབ་པའི་རྒྱུ་ངོས་མ་ཟིན་པར། རྐུ་ཇག་ཆམ་གསུམ་དང་མགོ་གཡོག་མགོ་སྐོར། སྲོག་གཅོད་རྫུན་སྨྲ་སོགས་མ་རིག་པ་དང་མ་ཤེས་པའི་སྐྱོན་གྱིས་དབང་མེད་དུ་ཁྲིད་དེ་རང་དང་རང་གི་གཉེན་ཉེ་འབྲེལ། གྲོགས་མཛའ་བཤེས་སོགས་ཀྱི་བདེ་སྐྱིད་གཏན་བླག་གིས་མི་ཚེ་མུན་དོང་ནས་བསྐྱེལ་དགོས་པ་སོགས་བརྗོད་མཐའ་མེད་པ་ཡོད་པས། ཇི་སྐད་དུ། ལེགས་པར་བཤད་པ་ཤིང་གི་བསྟན་བཅོས་ལས།སྣང་བ་དཔེ་རུ་ཤར་བ་ཡི། །རྣལ་འབྱོར་དེ་ལགདམས་ངག་མང་། །ཞེས་གསུངས་པ་ལྟར། རབ་ཡིན་ན་ཞེན་པ་བཞི་བྲལ་ལྟ་བུའིགདམས་པ་ལྷུག་པོར་སྩོལ་བའི་སློབ་གསོའམ་བསླབ་བྱ་ཞིག་དང་།  འབྲིང་ཡིན་ནརང་རང་གི་མི་ཚེའི་སྙིང་བོ་ལོན་པའི་ཐབས་མཆོག་ཅིག  ཐ་མ་ཡིན་ཡང་རང་གཞན་ཕོངས་ལ་མི་སྦྱོར་བའི་གསུང་མཆོག་བདུད་རྩི་སྨན་གྱི་སྦྱོར་བ་ལྟ་བུའི་འཁྲུལ་བྲལ་གྱི་ལེགས་བཤད་དམ་ཡང་དག་པའི་སློབ་གསོ་ཞིག་ལ་བརྟེན་རྒྱུ་ནི་རྐང་གཉིས་མི་རུསྐྱེས་པའི་དོན་སྙིང་དང་།  བླང་དོར་བློ་མིག་གི་རྒྱན་དང་ལྡན་པ་ཚོའི་གཟུར་དུ་མེད་པའི་འོས་འགན་ཉག་གཅིག་ཀྱང་ཅི་ལ་མིན།

དེ་ལྟ་བུའི་གདམས་པ་ཉམས་སུ་བླངས་ཤིང་སློབ་གསོ་ལག་ལེན་དུ་བསྟརམཁན་ཞིག་ཡིན་ན་ནི། ལེགས་པར་བཤད་པ་ཆུའི་བསྟན་བཅོས་ལས། ལུགས་གཉིས་བླང་དོར་ཤེས་པ་ཡིས། །གནས་སྐབས་མཐར་ཐུག་དོན་འགྲུབ་སྟེ། །བརྟག་པ་ཀུན་ལ་མཁས་པ་ཡིས། །དེད་དཔོན་རྒྱ་མཚོར་ཞུགས་པ་བཞིན། ། ཞེས་གསུངས་པ་ཇི་ལྟ་བབཞིན་འབྱུང་ངེས་པ་ལ་ཐེ་ཚོམ་མི་དགོས་པ་ཡིན་ནོ། །

 

 

 

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།