ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

དུས་ཆེན།

                ལྡོང་ཡོན་ཏན་རྒྱ་མཚོ།


 འཇིག་རྟེན་ཁམས་ཆེན་པོ་འདིར་དབུགས་ལྡན་གྱི་སྐྱེ་འགྲོ་བགྲང་དཀའ་བ་ཞིག་ཡོད་མོད་མི་དང་དུད་འགྲོ་གཉིས་སུ་དོན་གྱིས་འདུ།   མི་དང་དུད་འགྲོའི་ཁྱད་པར་ནི་གཟུགས་བོང་ཆེ་ཆུང་དང་མགྱོགས་བུལ་སོགས་ཀྱིས་འབྱེད་པ་མ་ཡིན་པར། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དང་། བླང་དོར་གྱི་བློ་མིག་ཡོད་མེད་ཀྱི་སྒོ་ནས་འབྱེད་དགོས་པ་ཡིན། 

  ས་སྒང་རིལ་མོ་འདིའི་སྟེང་དུ། མི་ལོ་ཁྲི་འབུམ་མང་བོའི་རིང་ལ་དུད་འགྲོའི་རིགས་རྣམ་པ་སྣ་ཚོགས་ཤིག་སྐྱེ་འཕེལ་བྱས་མྱོང་ན་ཡང་། ཁོ་ཚོས་གདོད་མའི་འཚོ་བ་རོལ་སྟངས་དང་བསམ་གཞིག་བྱེད་སྟངས་ནི། ད་ལྟའི་འཚོ་བ་རོལ་སྟངས་དང་བསམ་གཞིག་བྱེད་སྟངས་ལས་གཉིས་སུ་མེད་དོ་ཞེས་བརྗོད་ཆོག་པ་ལྟ་བུར་ཡོད།

 མི་རྣམས་ནི་དེ་ལས་ལྡོག་ཏེ། དགའ་སྐྱོའི་ཚོར་བ་ཤིན་ཏུ་ཤུགས་དྲག་ཅིང་བསམ་གཞིག་མང་བོ་གཏོང་རྒྱུར་དགའ་བས། ཟས་སུ་ཤིང་ཏོག་དང་གོས་སུ་ཤིང་ལོ་གྱོན་པའི་འཚོ་བ་ནས་མགོ་བརྩམས་ཏེ། སྐུད་པས་སྐད་ཆ་བཤད་ཅིང་འཕྲུལ་གྱི་གཡོག་མོ་བཀོལ་བའི་དུས་རབས་འདི་འདྲ་ཞིག་ཏུ་འགྲན་རྩོད་ཀྱིས་སླེབས་པས། ཉིན་རེའི་བསམ་སྤྱོད་དང་ཟླ་རེའི་འཚོ་བ་ལའང་ཚད་གཟུང་དཀའ་བའི་འགྱུར་ལྡོག་འབྱུང་གིན་ཡོད།

 དེའི་ཕྱིར། འཛམ་གླིང་གི་འཕོ་འགྱུར་དང་འབྲེལ་བའི་དུས་ཆེན། རྒྱལ་ཁབ་ཀྱི་དར་རྒུད་ལ་ཐིམ་པའི་དུས་ཆེན། མི་རིགས་མང་བོའི་ཡུལ་སྲོལ་གོམས་གཤིས་ཀྱིས་བཀུག་པའི་དུས་ཆེན། ཆོས་སྲིད་རིག་གནས་ཀྱིས་བསྐྱེད་པའི་དུས་ཆེན། སྐྱེས་ཆེན་དམ་པའི་འཁྲུངས་འདས། སྐྱེ་བོ་ཕལ་བའི་སྐྱེ་འཆི། ཁྱོ་ཤུག་ཟུང་གི་གཉེན་སྟོན། ཕ་མའི་དྲིན་བཟོ། སྐད་ཡིག་དར་སྤེལ། ཁོར་ཡུག་སྲུང་སྐྱོབ། དུ་ཆང་སྤོང་བ། དཀར་ཟས་བསྟེན་པ། མཛའ་གྲོགས་བསྒྲིག་པ། ཐ་ན་རྫུན་བཤད་པ་དང་འདྲེ་འཁྲབ་པ་སོགས། འདོད་སྲེད་ཀྱིས་བསླུས་པའི་སེམས་པ་ཆུང་ཆུང་འདིའི་དགོས་མཁོའམ་རེ་སྙེག་སྐོང་ཐབས་ཀྱི་དུས་ཆེན་ནི་བརྗོད་མཐའ་བྲལ་བ་ཞིག་ཡོད་འདུག

   ངས་འདི་ལྟར་དུས་ཆེན་དང་འབྲེལ་བའི་གླེང་བརྗོད་ཐུང་ངུ་ཞིག་སྤེལ་དོན། དེ་རིང་ངས་ལས་དབང་དང་འབྲེལ་བའི་དུས་ཆེན་ཞིག་གི་མགོ་བརྩམས་པ་ཡིན། བརྩེ་བས་འཁྱུད་པའི་དུས་ཆེན་ཞིག་ལ་མཉམ་རོལ་བྱས་པ་ཡིན། རེ་བས་ཕྱུག་པའི་དུས་ཆེན་ཞིག་ལ་སེམས་པ་གླན་པ་ཡིན། 

   རི་ཆུ་སྟོང་ཕྲག་གིས་ཆོད་ཀྱང་། དྲ་རྒྱའི་རླབས་ཤུགས་དང་སྐད་འཕྲིན་གྱི་འཕྲུལ་འདེགས་བཟང་བོས། མི་ལོ་བཅོ་ལྔའི་གཏམ་རྒྱུད་དལ་བུར་གླེང་ཞིང་། སླད་མ་འདྲེས་པའི་འཛུམ་དཀར་ལ་ཡུན་རིང་ཅེར་བ་ཡིན། དུས་ཆེན་འདིས་ང་ལ་ཡང་བསྐྱར་རེ་བ་བསྩལ་ཞིང་བརྩེ་འདང་གནང་སོང་། དུས་ཆེན་འདིར། བླ་མའི་རྣལ་འབྱོར་བསྒོམས་ཤིང་རྡོ་རྗེ་སེམས་དཔའི་གཟུངས་སྔགས་བཟླས། དུས་ཆེན་འདིར། རྣམ་པར་རྒྱལ་མའི་མཆོད་བསྟོད་ལ་བརྩོན་ཞིང་འཆི་མེད་ཚེ་ལྷར་དངོས་གྲུབ་ཞུས།  

 དཀོན་མཆོག་གསུམ་གྱི་མགོན་སྐྱབས་ཡོད་པས། བསུབ་མེད་ལས་ཀྱི་རི་མོ་གསལ་བས། མ་བཅོས་དུང་བའི་འོ་མཚོ་འཁྱིལ་བས།  སྐྲ་ལོ་དཀར་སང་ངེར། སྐད་ངག་འདར་གྱི་ལེར། ལོ་ན་བརྒྱད་ཅུར་སོན་པའི་ཟླ་བཅུ་གཅིག་པའི་ཚེས་གཅིག་གི་ཉིན་མོ་དེར་ཡང་། མི་ཚེའི་ཞབས་རྗེས་དང་ལོ་རྒྱུས་ཀྱི་བདེན་པ་བརྡར་བའི་དུས་ཆེན་འདིར་དགའ་བས་རོལ་ངེས། དོན་སྙིང་ཆེ་བའི་བདག་དང་ཁྱོད་ཀྱི་དུས་ཆེན་འདི་བརྩེ་བས་བསུ་ཐུབ་པར་སྨོན།

                     ༢༠༢༠-༡༡-༡