ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

དམར་གཙང་དགོན་པར་འཁྱུག་ཙམ་མཇལ་བ།

                                                    ལྡོང་ཡོན་ཏན་རྒྱ་མཚོ།
  དེ་རིང་ཟི་ལིང་གནམ་གྲུ་འབབ་ཚིགས་ནས་དུས་ཚོད་ཅུང་རིང་བོ་ཞིག་ལ་འདུག་དགོས་བྱུང་བས་གློ་བུར་དུ་ངའི་སེམས་ལ་དམར་གཙང་བྲག་གམ་དམར་གཙང་དགོན་པ་དྲན་བྱུང་། དགོན་པ་འདིར་ཆེས་སྔ་མོ་ཞིག་ནས་མཇལ་འདོད་ཡོད་ལ། ང་རང་ཟི་ལིང་དུའང་ཐེངས་མང་བོར་སླེབས་མོད་སྐབས་སུ་མ་བབས་པ་ལྟ་བུ་ཞིག་གིས་དམིགས་ཡུལ་དེ་ད་བར་དུ་གྲུབ་མ་བྱུང་། དེ་བས་དུས་ཚོད་དམ་འཛིན་བྱས་ཏེ་དཔའ་ལུང་ཕྱོགས་ཀྱི་རང་གི་སློབ་མ་དང་གྲོགས་པོ་འགའ་དང་ལྷན་ཅིག་དམར་གཙང་དགོན་པར་འཁྱུག་ཙམ་རིང་མཇལ་བསྐོར་དུ་ཕྱིན་པ་ཡིན། ཡ་མཚར་བ་ཞིག་ལ་ངའི་ལམ་གྲོགས་ཁོང་ཚོ་དམར་གཙང་དགོན་པའི་རི་འདབས་བརྒྱུད་དེ་ཐེངས་མང་བོ་སོང་མྱོང་ལ། རི་ངོགས་སུ་དགོན་པ་ཞིག་ཡོད་པའང་མཐོང་འདུག་མོད། དེ་ནི་བོད་ཀྱི་དགོན་པ་ཞིག་ཡིན་པ་དང་། དེ་ལས་ཀྱང་འགང་ཆེ་བའི་ལོ་རྒྱུས་ཀྱི་དན་རྟགས་སུ་གྲོང་ངེར་འགྱིང་བའི་བོད་ཀྱི་དགོན་པ་ཞིག་ཡིན་པ་ཡེ་ནས་ཤེས་མི་འདུག  ཁོང་ཚོས་ལམ་བར་ནས་ང་ལ་ཡང་དང་བསྐྱར་དུ་དེ་ནི་རྒྱ་ནག་གི་དགོན་པ་ཞིག་མིན་ནམ་ཟེར།

    དམར་གཙང་དགོན་པ་ནི་ཟི་ལིང་གྲོང་ཁྱེར་དང་ཁད་ཉེ་བའི་དམར་གཙང་རྫོང་{平安县}འདབས་ཏེ་ཙོང་ཆུ་རིང་མོའི་གཡོན་འགྲམ་གྱི་བྲག་ངོས་སུ་བརྗིད་ལྷང་ངེར་ཆགས་ཡོད་ལ།  བོད་སྐད་དུ་དམར་གཙང་དགོན་དང་རྒྱའི་སྐད་དུ་白马寺ཞེས་བྲིས་འདུག  ང་ཚོས་ལམ་ཕྲན་ཞིག་བརྒྱུད་ནས་དགོན་འདབས་སུ་འབྱོར་ཚེ་དགོན་པའི་ཕྱི་དབྱིབས་ཆ་ཚང་མིག་ལམ་དུ་མངོན་བྱུང་བས་ངས་མདའ་མཚོན་གྱི་དྲག་ཆར་ཁྲོད་གཅེས་པའི་སྲོག་ལ་མ་འཛེམས་པར་འདུལ་བསྟན་མི་ཉམས་བརྒྱུད་འཛིན་གྱི་ཆེད་དུ་ལི་ཡུལ་བརྒྱུད་དེ་ཡུལ་མདོ་སྨད་དུ་བྲོས་ཡོང་བའི་བོད་ཀྱི་མཁས་པ་མི་གསུམ་སྟེ། དམར་ཤཱཀྱ་མུ་ནེ་དང་། གཡོ་དགེ་བའི་འབྱུང་གནས།  གཙང་རབ་གསལ་གསུམ་གྱི་མཛད་རྗེས་ཐོར་བུ་འགའ་བོད་ཀྱི་ལོ་རྒྱུས་དག་ཏུ་གསལ་བ་རྣམས་རེ་རེ་བཞིན་དྲན་སོས་སོང་ལ། དམར་གཙང་རྫོང་དང་དམར་གཙང་དགོན་སོགས་ཀྱི་མིང་ཇི་ལྟར་ཐོགས་ཚུལ་ལའང་ཡང་བསྐྱར་ངེས་པ་རྙེད་བྱུང་།

     ཀུན་གྱིས་མཁྱེན་གསལ་ལྟར་བོད་ཀྱི་ལོ་རྒྱུས་ཐོག་བསྟན་པ་སྔ་དར་དང་ཕྱི་དར་གཉིས་བྱུང་མྱོང་ལ། བསྟན་པ་ཕྱི་དར་ནི་བུ་སྟོན་རིན་ཆེན་གྲུབ་ཀྱིས་རབ་བྱུང་དང་བོའི་གོང་གི་ལོ་ངོ་གསུམ་པ་{སྤྱི་ལོ་༡༠༢༤}ཆུ་བྱ་ལོར་བླ་ཆེན་དགོངས་པ་རབ་གསལ་གྱིས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པར་འདོད་པས་ལོ་དེ་ནས་བརྩི་ཞིང་།  འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་རབ་བྱུང་དང་བོའི་གོང་གི་ལོ་ཞེ་བརྒྱད་པ་ས་སྟག་ལོར་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་སོགས་མི་བཅུས་བླ་ཆེན་ལས་སྡོམ་པ་བླངས་པར་བཞེད་པས་ལོ་དེ་ནས་བརྩི། ཀུན་མཁྱེན་གོ་རམས་པས། གླང་དར་མས་རྒྱལ་སྲིད་ལོ་ལྔར་བཟུང་ཚེ། རབ་བྱུང་ལ་ལ་ཕབས། ལ་ལ་བསད། དཀོན་མཆོག་གི་མཆོད་པའི་རྒྱུན་བཅད། ལོ་པཎ་གྱི་འགྱུར་གྲྭ་རྣམས་བཤིག མི་དགེ་བའི་ཁྲིམས་བཅའ་བ་ལ་སོགས་པ་བྱས་ཏེ། སངས་རྒྱས་ཀྱི་བསྟན་པ་བཤིག་པས། ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་བོ་གླང་དར་མ་བཀྲོངས། གཡོ་དགེ་འབྱུང་དང་། གཙང་རབ་གསལ། དམར་ཤཱཀྱ་མུ་ནེ་གསུམ་མདོ་ཁམས་སུ་བྲོས། དེ་གསུམ་གྱི་སྡོམ་ཕྲུག་ལ། བླ་ཆེན་དགོངས་པ་རབ་གསལ་བྱུང་བ་ལ། དུས་ཕྱིས་ཀྱི་མཁས་པ་མི་བཅུས་སྡོམ་པ་བླངས་ཏེ། རབ་བྱུང་གི་སྡེ་བཙུགས་པ་ལ་བསྟན་པ་ཕྱི་དར་དུ་གསུངས།  ལོ་རྒྱུས་རེ་འགར་ལོ་ཙཱ་བ་རིན་ཆེན་བཟང་བོས་གསང་སྔགས་ཀྱི་ཆོས་བོད་དུ་བསྒྱུར་བའི་སྐབས་ནས་བསྟན་པ་ཕྱི་དར་དུ་བརྩིས། ཡང་འགའ་རེས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱ་གར་ནས་པཱ་ལ་རྣམ་གསུམ་སྤྱན་དྲངས་ཏེ་བོད་དུ་འདུལ་བའི་སྡོམ་པ་སྤེལ་བའི་སྐབས་ནས་བསྟན་པ་ཕྱི་དར་གྱི་འགོ་ཚུགས་པར་བཤད་པ་སོགས་སྣ་ཚོགས་ཤིག་ཡོད་དོ།།

 གང་ལྟར་དུས་རབས་བཅུ་བའི་དུས་མཇུག་དང་དུས་རབས་བཅུ་གཅིག་པའི་དུས་འགོར་བོད་ཀྱི་ཆབ་སྲིད་ལོ་རྒྱུས་ལ་བསམ་མི་ཐུབ་པའི་གོད་ཆག་ཅིག་བྱུང་བར་མ་ཟད་འདུལ་བའི་བསྟན་པ་ཟེར་བ་མིང་གི་ལྷག་མར་གྱུར། དགེ་འདུན་གྱི་སྡེ་ཉམས་ཤིང་རབ་བྱུང་བ་དག་གསོད་གཏུབ་དང་གཡོག་ལས་ལ་བཀོལ་བ། བཙན་གྱིས་སྐྱ་སར་ཕབས་པ་སོགས་བཟོད་དཀའ་བའི་དཀའ་ཁག་ལ་འཕྲད་སྐབས།  གཡོ་རུ་གན་པ་བྱང་ཐང་དུ་སྐུ་འཁྲུངས་པའི་མཁས་བཙུན་བཟང་གསུམ་གྱི་མངའ་བདག་དགེ་སློང་དམར་ཤཱཀྱ་མུ་ནེ་དང་། ལྷོ་འབྲོག་ཏུ་སྐུ་འཁྲུངས་ཤིང་མདོ་སྔགས་གཉིས་ལ་ནང་བྱན་ཆུད་པའི་དགེ་སློང་གཡོ་དགེ་བའི་འབྱུང་གནས། འཇད་འཁྱེལ་དུ་སྐུ་འཁྲུངས་ཤིང་མདོ་སྔགས་རིག་གནས་ཀུན་ལ་མཁས་པའི་གཙང་རབ་གསལ་གསུམ་པོས་ཐུགས་ཀྱིས་མ་བཟོད་པར་སྤྲང་ཆས་སྤྲས། དམ་ཆོས་འདུལ་བ་དྲེའུའི་ཁལ་གཅིག་བཀལ་ནས། དཔལ་ཆུ་བོ་རི་ལས་སྟོད་མངའ་རིས་བརྒྱུད། བྱང་ལམ་དེད་མདོ་སྨད་ལྷོ་ངོས་བེ་རིའི་ས་ཆ་དེའུ་ཚྭ་མཚོ་བརྒྱུད་དེ་ད་ལྟའི་དམར་གཙང་དགོན་པ་ཡོད་སར་འཁྱུག་ཙམ་བཞུགས། རིམ་གྱིས་རྨ་ལུང་རྡོ་རྗེའི་བྲག་དན་ཏིག་ཤེལ་གྱི་ཡང་དགོན་དུ་ཕེབས་ཏེ། མཁས་པ་མི་གསུམ་གྱི་ཁར་རྒྱའི་དགེ་སློང་གྱི་བན་དང་གོ་བང་གཉིས་དང་བཅས་ཀྱིས། མཚན་གྱི་རྣམ་གྲངས་ལ་ཀ་ར་འཕན་དང་མུ་ཟུ་གསལ་འབར། བླ་ཆེན། དགེ་བ་གསལ་རྣམས་སུ་འབོད་པའི་སྐྱེས་མཆོག་དམ་པ་བླ་ཆེན་དགོངས་པ་རབ་གསལ་ཉིད་ལ་དགེ་ཚུལ་སློང་གི་སྡོམ་པ་དཀྱུས་གཅིག་ཏུ་བསྒྲུབས་པས། བོད་ཡུལ་དུ་འདུལ་བའི་བསྟན་པ་མི་ནུབ་པའི་ས་བོན་བསྐྲུན་ལེགས་པར་བསྐྲུན་ཏོ།།

  ནུབ་པ་མེད་པའི་ཁོང་ཅག་གི་མཛད་རྗེས་དང་འཕྲིན་ལས། ཤེས་རབ་དང་བྱམས་བརྩེ་སོགས་ལ་དད་གུས་འཕེལ་བཞིན་རི་ངོགས་ཀྱི་སྒོ་ཐེམ་རེ་རེ་དལ་གྱིས་བརྒལ་ཚེ་མུ་མཐའ་བྲལ་བའི་ཁོར་ཡུག་དང་ལྷུང་ལྷུང་དུ་འབབ་པའི་ཙོང་ཆུ་སོགས་ཀྱིས་ཀྱང་མི་སེམས་གསོ་བའི་རམ་འདེགས་བྱེད།  ལྷ་ཁང་ཆེ་ཆུང་དང་བྲག་ཕུག་དག་ཏུ་བཞུགས་པའི་དམར་གཡོ་གཙང་གསུམ་དང་བླ་ཆེན་དགོངས་པ་རབ་གསལ། རྒྱའི་དགེ་སློང་གཉིས། ལྷ་ལུང་དཔལ་རྡོར། རྗེ་ཡབ་སྲས་སོགས་ཀྱི་སྐུ་བརྙན་དག་ལ་ཞིབ་པར་མཇལ་ཞིང་སྨོན་ལམ་གང་འཚམ་བཏོན་རྗེས། འབྲེལ་ཡོད་ལོ་རྒྱུས་དག་ཏུ། དམར་གཙང་བྲག་ནི་དམར་གཡོ་གཙང་གསུམ་མདོ་སྨད་དུ་ཕེབས་སྐབས་ཀྱི་བཞུགས་གནས། བླ་ཆེན་དགོངས་རབ་གསལ་གྱི་སྐུ་གདུང་ཡོད་སའི་གནས་ཞེས་གསལ་བ་ལ་བསམ་སྟེ། བྲག་ཕུག་དང་ལྷ་ཁང་དག་ལྷག་ལུས་མེད་པར་བཙལ་ཡང་སྐུ་གདུང་མ་རྙེད་པས། སྒོ་གཉེར་ཨ་ཁུ་བློ་བཟང་བསམ་གཏན་ལགས་ལ་དྲིས་ཚེ། དུས་འགྱུར་གྱི་མེ་ལྕེས་སྔ་མོ་ནས་བསྲེགས་ཟིན་པ་ཤེས་པས་ཕངས་སེམས་ཀྱི་རླབས་འཕྲེང་མཁའ་རུ་འཕྱུར་བཞིན་ཕྱི་མིག་དང་བཅས་ཏེ་རི་འདབས་སུ་བབས་པ་ཡིན། 

   རྒྱུས་ལོན་བྱུང་བ་ལྟར་ན་ད་ལྟ་དགོན་པ་འདི་སྤྱི་ལོ་༡༦༠༤ ལོར་རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོས་བཏབ་པའི་བྱང་གི་དགོན་ཆེན་བཞིའི་ཡ་གྱལ་དགོན་ལུང་སྡེ་ཆེན་གྱིས་གཟིགས་སྐྱོང་གནང་གིན་ཡོད་ལ་དེའི་དགོན་ལག་ཡིན།  དགོན་ལུང་ནས་མངགས་པའི་སྒོ་གཉེར་ཨ་ཁུ་བློ་བཟང་བསམ་གཏན་མ་གཏོགས་དགེ་འདུན་པ་གཞན་མི་བཞུགས་མོད། གྲལ་དག་ལ་སྤུས་གཙང་བའི་སྐུ་གསུང་ཐུགས་རྟེན་དང་། དང་བ་འདྲེན་པའི་མཆོད་བཤམས་སོགས་གང་ལ་བལྟས་ཀྱང་། ལོ་ངོ་སྟོང་ཕྲག་ལྷག་གི་དན་རྟགས་སུ་བརྟན་པོར་བཞེངས་པའི་དགོན་པ་འདི་དང་འདི་ལས་འཕྲོས་པའི་འདུལ་བའི་བསྟན་པ་རིན་པོ་ཆེ་ནི་ཉི་མའི་འོད་སྣང་དང་བསྡོངས་ཏེ་ཕྱོགས་དང་ཕྱོགས་སུ་འཕྲོ་ངེས་པར་སེམས་སོ།།

༢༠༡༩-༡༠-༡༤ཉིན་ཟི་ལིང་གནམ་གྲུ་འབབ་ཚིགས་སུ་བྲིས།