ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

ཉིན་ཞག་གཅིག་ལ་དུས་ཚོད་བརྩི་ཚུལ།

ཉིན་ཞག་གཅིག་ལ་དུས་ཚོད་བརྩི་ཚུལ་མི་འདྲ་བའི་རིགས་འགའ་ཕན་ཚུན་བསྡུར་ཏེ་བཤད་པ།
ཐོག་མའི་གླེང་སྟེགས།   

ལྷོ་རྒྱལ་འཛམ་བུ་གླིང་གི་རྒྱ་ཕིབས་སུ་གྲགས་པའི་གངས་ཅན་བོད་ཀྱི་ལྗོངས་ཆེན་པོ་འདིའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་།  ནང་བཅུད་ཀྱི་སེམས་ཅན་ནི་སྤྱིར་འཇིག་རྟེན་ཁམས་ཀྱི་སྣོད་བཅུད་ཆགས་པའི་དུས་རིམ་ནས་གྲུབ་པ་ཞིག་ཡིན་པར་སྙོམ་དུ་མེད་གཤིས།  ལས་ལ་བརྩོན་ཞིང་དཔའ་སྟོབས་ཆེ་བའི་ང་ཚོའི་སྔོན་བྱོན་ཡབ་མེས་དག་གིས་འདས་པའི་བགྲང་བྱ་སྟོང་ཕྲག་དུ་མའི་ཡར་སྔོན་ཏེ་གདོད་མའི་སྤྱི་ཚོགས་

དང་རྡོ་ཆས་གསར་རྙིང་གི་དུས་རིམ་སོགས་རིམ་པར་བརྒྱུད་མཐར།     ཁེར་རྐྱང་གི་འཚོ་བ་ལས་བརྒལ་ཏེ་རྒྱལ་ཁབ་དང་མི་རིགས་གཞན་དག་ལ་འབྲེལ་འདྲིས་བྱས་ཤིང་།  ཐན་ཚུན་འཐབ་རྩོད་དང་རམ་འདེགས་སོགས་འགལ་འདུའི་བྲོ་བ་གང་མང་མྱོང་རྗེས་ད་གཟོད་དངོས་ཡོད་འཚོ་བའི་གནད་དོན་ཕལ་ཆེར་ཐག་གཅོད་བྱས་པ་ཞིག་རེད།  ཇི་སྐད་དུ།     རང་བྱུང་ཁམས་ཀྱི་སྣང་ཚུལ་མཐའ་དག་ནི་མཐར་གཏུགས་ན་རྩོད་སྒྲུབ་ཀྱི་སྒོ་ནས་ཐོན་པ་ལས་གཟུགས་འདས་རིག་པའི་ཐོག་ནས་ཐོན་པ་ཞིག་མ་ཡིན་ཞེས་པའང་ཕ་ཆེར་མད་པའི་གཏམ་དུ་སྣང་སྟེ།  གཙང་བོའི་བཞུར་རྒྱུན་ཇི་བཞིན་ཆད་པ་མེད་པའི་དུས་ཚིགས་ཀྱི་འགྲོས་དང་བསྟུན་ནས་ཕྱོགས་སྣ་ཚོགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་ཕྱིན་པ་ན།  ང་ཚོའི་སྔོན་བྱོན་ཡབ་མེས་དག་གིས་ཀྱང་རིག་པའི་རྩལ་ཕྱེས།  ཤེས་རབ་ཀྱི་སྒྲོན་མེ་བཏེགས།  ཉམས་མྱོང་གི་རི་རྩེར་འགྲེང་སྟེ་ཐབས་རྩལ་བགྲང་ཡས་ཀྱི་ཀློང་ནས་དུས་རྟགས་མང་བོ་ངོས་བཟུང་བ།  དཔེར་ན།  ལག་པའི་མཐེ་བོང་གི་གཉེར་མ་དང་བོར་རྩྭ་ཐུར་ཐུང་ངུ་ཞིག་བཙུགས་ནས་དེའི་གྲིབ་གཟུགས་ལ་བརྟགས་ན།  ཞོགས་པ་དང་ས་སྲོས་ལ་གྲིབ་གཟུགས་རིང་ཞིང་ཉིན་གུང་ཐུང་བ།  སྔ་དྲོར་རྩྭ་ཐུར་གྱི་གྲིབ་མ་ནུབ་དུ་འཁོར་ཞིང་ཕྱི་དྲོར་ཤར་དུ་ཕྱོགས་པ་བཅས་གྲིབ་ནག་གི་རིང་ཐུང་དང་ཁ་ཕྱོགས་ཀྱི་སྒོ་ནས་ཉིན་གཅིག་གི་དུས་སྔ་ཕྱི་ངོས་བཟུང་བ་དང་།  གནམ་གཤིས་དྭངས་འཐིབ་ཀྱིས་ཉི་འོད་མི་གསལ་བ་དང་མཚན་མོའི་སྐབས་སུ་ཆུ་ལ་ཚད་བྱེད་པའི་དུས་རྟགས་ཀྱི་སྒོ་ནས་ངོས་བཟུང་།  གཞན་ཡང་རང་ཉིད་གནས་སའི་རི་རྩེ་དང་།    བྲག་རྡོ།     ཁང་ཁྱིམ།  རྭ་བ་སོགས་ལ་རྟགས་བརྒྱབ་ནས་དུས་ཚོད་བརྟག་པའི་ཐབས་ཤེས་མང་དུ་རྙེད།  དུས་བརྟགས་ཀྱི་རིག་པ་མང་བོ་ལས་ཚད་དུ་ཁེལ་ཞིང་ཅུང་ཁྱབ་རྒྱ་ཆེ་བ་ནི་དུས་བརྟགས་ཆུ་ཚོད་ཡིན་ཏེ།  རྫ་མའམ་ཟངས་སྣོད་གང་རུང་གི་ནང་དུ་ཆུ་བླུགས་ནས་ཞབས་ལྡེབས་སུ་ཁུང་བུ་ཆུང་ཆུང་ཞིག་བཏོགད་པའི་བུ་ག་བརྒྱུད་ནས་ཆུ་ཐིགས་དལ་བུར་མར་འཛགས་ཡོང་སྟབས་སྣོད་དཀྱིལ་དུ་བཙུགས་པའི་ཤིང་བྱང་ལས་ཉིན་ཞག་གཅིག་གི་ཡུན་ཚད་དང་།   སྔ་དྲོ་ཕྱི་དྲོ།  མཚན་སྟོད་མཚན་སྨད་བཅས་གསལ་བོར་རྟོགས་ཐུབ།  སྤྱི་ལོ་སྔོན་གྱི་ལོ་བརྒྱ་མ་ཟིན་ཙམ་སྟེ་བོད་རྒྱལ་བདུན་པ་སྤུ་དེ་གུང་རྒྱལ་གྱི་དུས་ནས་ལྷ་སའི་ལྷོ་རྒྱུད་ཀྱི་གནས་ཡར་ཀླུང་ས་ཁུལ་སོགས་སུ་རྒན་མོ་བལ་མའི་ཟླ་རྩིས་ཀྱིས་གཙོས་གཟའ་དང་རྒྱུ་སྐར།  རླུང་དང་སྤྲིན་པ་སོགས་ལ་བརྟག་པའི་དུས་རྩིས་དང་།  ཕུའི་གངས་ཆུའི་རྩིས།  མདའི་བྱ་ཤིང་གི་རྩིས་བཅས་ལ་བརྟེན་ནས་དང་བོ་དྲོད་རླུང་ལྡང་བ།   གཉིས་པ་འདབ་རྒྱས་ཆར་དུས།  གསུམ་པ་འབྲས་ལྡན་སྨིན་དུས།   བཞི་བ་གངས་རླུང་འཕེལ་དུས་བཅས་ལོ་གཅིག་ལ་(ཚེས་ལོ)དུས་ཚིགས་ཆེན་པོ་བཞི་རུ་ཕྱེས།   ད་དུང་ཟླ་དྲུག་ཉི་མ་བྱང་བགྲོད་དང་ཟླ་དྲུག་ཉི་མ་ལྷོ་བགྲོད་(དོན་དངོས་ཁྱིམ་ལོ་གཅིག)ཡིན་བའི་ངོས་འཛིན་བྱས་པ་སོགས་བོད་ཀྱི་གནམ་རིག་སྐར་རྩིས་ཅུང་རང་སྐྱ་འཕེར་བའི་སྒོ་ནས་ཡར་རྒྱས་བྱུང་སྟེ་མི་རྣམས་ཀྱི་འཚོ་བར་སྟབས་བདེ་གང་མང་བཟོས།  མི་རིགས་གཞན་པའི་རིག་གནས་དང་དེ་དག་གི་ལེགས་ཆ་བླངས་ནས་རང་གི་རིག་གནས་ཕུལ་བྱུང་དུ་གཏོང་བ་མཆོག་ཏུ་གྱུར་བའི་ཡན་ལག་ཡིན་རྐྱེན་བོད་རྒྱལ་སོ་གཉིས་པ་གནམ་རི་སྲོང་བཙན་དང་།   ཁྱད་པར་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་གཙུག་ལག་རྩིས་ཀྱི་གདུལ་ཞིང་དུ་གྲགས་པའི་ཤར་ཕྱོགས་མ་ཧཱ་ཙི་ནའི་ཡུལ་ནས་ནག་རྩིས་སམ་འབྱུང་རྩིས་ཀྱི་རིག་གཞུང་བོད་དུ་ནང་འདྲེན་བྱས་པས་ཉིན་ཞག་གཅིག་ལ་དུས་ཚོད་བཅུ་གཉིས་ཀྱི་སྒོ་ནས་བརྩི་སྲོལ་ཆེས་ཆེར་དར།   རབ་བྱུང་དང་བོའི་མེ་ཡོས་(༡༠༢༧)ལོ་ནས་འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་དུམ་བུ་དབང་མདོར་བསྟན་དང་།  རྭ་ཆོས་རབ་ཀྱིས་དུས་འཁོར་བསྡུས་རྒྱུད་སོགས་རྒྱ་གར་འཕགས་པའི་ཡུལ་གྱི་གནམ་རིག་སྐར་རྩིས་སྐོར་མང་བོ་བོད་སྐད་དུ་བསྒྱུར་བས།  རྩྭ་སྐྱར་མེ་མཆེད་པ་བཞིན་བོད་ཁམས་ཀུན་ཏུ་དར་ཁྱབ་ཆེན་པོ་བྱུང་ཞིང་ཉིན་ཞག་གཅིག་གི་ཡུན་ཚད་ལ་ཆུ་ཚོད་དྲུག་ཅུར་(ཚེས་ཞག་དང་ཁྱིམ་ཞག་གི་བསྒྱུར་བགོད་ཀྱང་ཆུ་ཚོད་དྲུག་ཅུའི་སྒོ་ནས་བྱེད་མོད་བྱ་སླར་དགོངས་ནས་ཉིན་ཞག་དང་རྗེས་སུ་མཐུན་པ་ཙམ་དུ་མཛད་པ་ཡིན་ཏེ།  ཉིན་ཞག་དང་མ་བསྟུན་ན་ཁྱིམ་ཚེས་གཉིས་བརྩི་མི་ཤེས་པས་སོ༎     ཞག་གསུམ་གྱི་བར་ཆད་འོག་ཏུ་མདོ་ཙམ་གསལ)བྱས་ཏེ་ལོ་ཐོ་སོགས་ཀྱི་ནང་དུའང་དེ་ཉིད་གཙོ་བོར་བཟུང་།  ལུགས་འདིར་དུས་ཚོད་བཅུ་གཉིས་ཀྱི་སྟེང་ནས་ཀྱང་བརྩི་ཚུལ་མེད་པ་མིན།  མངོན་པ་གོང་འོག་བོད་དུ་འགྱུར་བ་ནས་ལུགས་དེ་གཙོ་བོར་འཛིན་རྣམས་ཀྱིས་དུས་ཀྱི་ཐུང་མཐའ་སྐད་ཅིག་མས་རྩིས་གཞི་བྱས་པའི་ཡུད་ཙམ་སུམ་ཅུ་ཉིན་ཞག་གཅིག་གི་ཡུན་ཚད་དུ་བརྩི་སློལ་དར།  སྤྱི་ལོའི་དུས་རབས་བ་བཅོ་བརྒྱད་པར་རྒྱ་རྩིས་ཆེན་མོ་སོག་ཡིག་ལས་བོད་ཡིག་ཏུ་བསྒྱུར་བ་དང་།  སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་རྒྱ་ནག་མཁས་པ་ཡན་ཝན་ལི་སོགས་ལ་གཏུགས་ནས་རྒྱ་རྩིས་ལུགས་ཀྱི་རྩིས་གཞུང་ཆེན་མོ་གཉིས་བསྒྱུར་ཞིང་།   སྔར་བོད་ལ་དར་མ་མྱོང་བའི་རྒྱ་ནག་གླང་རྩིས་དང་།   དབུགས་སྒང་རེའུ་མིག་ཉི་ཁྱིམ་བཅུ་གཉིས་སོགས་བོད་ཀྱི་ལོ་ཐོའི་ནང་དུ་བཀོད་སྲོལ་དར་བས་དུས་ཆུང་ཉེར་བཞིའམ་ཁེ་གོ་དྲུག་ཉིན་ཞག་གཅིག་གི་ཚད་དུ་བརྩི་མཁན་ཡང་མང་དུ་བྱུང་།  གཞུང་འགའ་རེར།  ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་རྒྱ་ནག་ནས་རྩིས་ཀྱི་སློབ་དཔོན་དུ་ཧར་ནག་པོ་(འབྱུང་རྩིས་ཀྱི་ལོ་འགོ་འཆུག་ཏུ་འཇུག་པ་བོ་ཡིན་པར་ཁ་ཅིག་བཞེད་)བོད་དུ་ཐང་འགར་ཐེབས་ཏེ།   སྔ་རབས་བོད་ཀྱི་བརྩི་སྲོལ་གྱི་སྟེང་རྒྱ་ནག་ལུགས་ཀྱི་ཧྭང་ལི་(     )བརྩི་བའི་སྲོལ་ཡང་ཆགས་པར་བཤད་མོད།  བེ་དཀར་གྱི་ལེའུ་ཉི་ཤུ་བར་སྐབས་དེ་དག་ཏུ་རྒྱ་ནག་ནས་བོད་ལ་དར་བའི་གཙུག་ལག་རྩིས་ཀྱི་མཚན་ཐོ་བརྒྱ་ཙམ་བགྲངས་ཀྱང་ནག་རྩིས་སམ་འབྱུང་རྩིས་ཀྱི་སྐོར་འབའ་ཞིག་ལས།   གནམ་རིག་སྐར་རྩིས་ཏེ་རྒྱ་ནག་གསེར་རྩིས་(ཏྠཱཛཻ,ཏྣོཛཻ,དྲྀཉཾཛཻ,)ཀྱི་གཞུང་ཞིག་ཕལ་ཆེར་མེད་ཚོད་འདུག་ལ། དུས་རབས་བཅུ་གསུམ་པའི་ནང་དུའང་གཡུང་སྟོན་རྡོ་རྗེ་དཔལ་བཟང་སོགས་གནམ་རིག་རྩིས་ལ་མཁས་པ་རྣམས་ཀྱིས་བོད་རང་གི་གནམ་གཤིས་དང་ས་ཆའི་དུས་བབ་ལ་ཞིབ་འཇུག་ནན་ཏན་མཛད་རྗེས་རྒྱ་ནག་གི་ཧྭང་ལི་ལ་དཔེར་བྱས་ནས་ས་སྐྱའི་ལོ་ཐོ་བཟོས་པ་ལས།     ཧྭང་ལི་དངོས་ཕྱག་ལེན་གནངས་པའི་ལོ་རྒྱུས་མི་འདུག་ཅིང་།    ཉེ་ལམ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གིས་ཁམས་རྨུ་གླིང་གི་ཡུལ་ནས་ལོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་ལོ་ཐོ་ཞིག་རྙེད་པ་དེར་ཨ་རིའི་མཁས་པ་མ་ཁོལ་ཟ་སོ་(Michael saso)མཆོག་གིས་ཞིབ་འཇུག་བྱས་པའི་དཔྱད་གཏམ་དུའང་བོད་ཀྱི་ལོ་ཐོ་དེ་རྒྱ་རྩིས་དང་ཟུང་འབྲེལ་བྱས་ཡོད་པ་ཟུར་ཙམ་ཡང་མི་གསལ།  དུས་རབས་བཅོ་བརྒྱད་པའི་སྔོན་དུ་གསུངས་པའི་བོད་ཀྱི་རྩིས་གཞུང་གང་དུ་ཡང་རྒྱ་རྩིས་ཀྱི་སྐོར་མ་གསུངས་པས།   རྒྱ་རྩིས་ཆེན་མོ་བོད་དུ་འགྱུར་བ་ནས་ལག་ལེན་དང་ཁྱབ་བརྡལ་དུ་སོང་བར་མངོན་ནོ༎  དེང་སྐབས་ཉིན་ཞག་གཅིག་གི་ཡུན་ཚད་ལ་ཆུ་ཚོད་ཉེར་བཞི་བྱེད་པའི་པེ་ཅིང་ཆུ་ཚོད་དམ་ཡང་ན་འཛམ་གླིང་ཡོངས་ཀྱིས་བཀོལ་སྤྱོད་བྱེད་བཞིན་པ་འདི་ང་ཚོས་ཀྱང་གཙིགས་སུ་འཛིན་གྱིན་ཡོད་མོད།  འོན་ཀྱང་བོད་ཀྱི་ལོ་ཐོའི་ནང་དུ་ད་དུང་ཡང་དགོས་དབང་གིས་དུས་འཁོར་ལུགས་ཀྱི་ཆུ་ཚོད་དང་འབྱུང་རྩིས་ལུགས་ཀྱི་དུས་ཚོད་གཙོ་བོར་འཛིན་གཤིས།  པེ་ཅིང་ཆུ་ཚོད་དང་ལྟོ་སྤྱར་མ་ཤེས་ན་སྐར་རྩིས་མ་སྤྱང་བའི་ཀློག་མཁན་རྣམས་དཀའ་ཚེགས་ཆེན་པོར་འཕྲད་ཅིང་།   ནང་བསྟན་ཆོས་གཞུང་དག་ལ་ཞིབ་འཇུག་དང་བོད་ཀྱི་ལོ་རྒྱུས་ལ་རྗེས་ལོན་བྱེད་འདོད་ཅན་ཞིག་ཡིན་ན།  མངོན་པའི་ལུགས་ཀྱི་ཉིན་ཞག་གཅིག་གི་དུས་ཚོད་བརྩི་ཚུལ་ཡང་ངེས་པར་དུ་ཤེས་དགོས་ཤིང་།  ཤེས་ན་ཕན་འབྲས་ཆེ་བས།  ལུགས་མི་འདྲ་བ་སོ་སོས་ཉིན་ཞག་གཅིག་ལ་དུས་ཚོད་བརྩི་ཚུལ་དང་། དེ་དག་པེ་ཅིང་ཆུ་ཚོད་འཁོར་ལོ་ལ་སྤྱར་ཚུལ་ཚིག་ཉུང་དོན་འདུས་ཀྱི་སྒོ་ནས་ངོ་སྤྲོད་པར་བྱའོ༎

 

གཅིག   འབྱུང་རྩིས་ལུགས་སུ་ཉིན་ཞག་གཅིག་ལ་དུས་ཚོད་བརྩི་ཚུལ།

སྤྱིར་སྐབས་འདིར་བཤད་པའི་ཉིན་ཞག་ཅེས་པ་ནི། ཉི་མ་སྣང་བ་དང་ནུབ་པའི་ཡུན་གྱི་ཆ་གཉིས་བསྡོམས་པ་སྟེ་ཉི་མས་སའི་གླིང་ལ་བྱ་བ་བྱེད་ཚུལ་(དེང་རབས་གནམ་རིག་པ་ཚོས་སའི་གོ་ལ་རང་འཁོར་གཅིག་འཁོར་བའི་ཡུན་དུ་བཤད་)གྱི་སྒོ་ནས་འཇོག་པས་དེ་རིང་ནམ་ལངས་ཀྱི་ལག་རིས་མཐོང་བ་ནས་སང་ཉིན་ནམ་ལངས་གྱི་ལག་རིས་མཐོང་བའི་བར་ལ་བྱ་སྟེ། རྩིས་རམས་པ་ཆེན་པོ་རྗེ་བསམ་འགྲུབ་རྒྱ་མཚོས་མཛད་པའི་《སྐར་རྩིས་ཀུན་འདུས་ནོར་བུ》ལས། སྤྱི་ནི་ཞག་གསུམ་སོ་སོ་ཡི༎  ཐ་སྙད་ཡིན་ཏེ་ཉིན་ཞག་ནི༎  ནམ་མཁའི་ཉི་མས་སའི་གླིང་ལ༎  བྱ་བ་བྱེད་ཚུལ་གྱིས་འཇོག་པས༎  ནམ་ལངས་ལས་ནི་ནམ་ལངས་བར༎    ཉིན་ཞག་ཕྲུགས་གཅིག་དག་ལ་བརྗོད༎  ཅེས་གསུངས། དེ་ལྟ་བུའི་ཉིན་ཞག་ཕྲུགས་གཅིག་གི་ཡུན་ཚད་ནི་འབྱུང་རྩིས་ལུགས་སུ་ལོ་རྟགས་སམ་ལོ་བརྙན་བཅུ་གཉིས་ལ་སྦྱར་ནས་དུས་ཚོད་དུམ་བུ་བཅུ་གཉིས་སུ་ཕྱེས་ཡོད་དེ།  དུས་མཁྱེན་པ་ལྷ་མོའི་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་མཛད་པའི་《མ་ཧཱ་ཙི་ནའི་རྩིས་རིག་དགེ་ལྡན་མཁས་དབང་ཡོངས་ཀྱིས་ཕྱག་རྒྱུད་དུ་བསྟར་བའི་རྡེལ་འགྲེམ་འཐོར་བསྡུས་རྒྱས་འདྲིལ་དུ་བཀོད་པ་》ལས། དེ་ནས་དུས་ཚོད་ནམ་ལངས་ཡོས༎ ཉི་ཤར་འབྲུག་ལ་ཉི་དྲོས་སྦྲུལ༎  ཉིན་བྱེད་རྟ་ལ་ཕྱེད་ཡོལ་ལུག། མྱུར་ཁ་སྤྲེའུ་ཉི་ནུབ་བྱ༎    ས་སྲོས་ཁྱིལ་སྲོད་འཁོར་ཕག།  ནམ་ཕྱེད་བྱི་བ་ཕྱེད་ཡོལ་གླང་༎  ཐོ་རངས་སྟག་གི་དུས་སུ་བརྩི༎    ཞེས་གསུངས་ཏེ།  རླུང་འགྲོས་སམ་སྣང་འགྲོས་ཀྱི་དབང་གིས་ཉི་མ་གླིང་བཞི་བའི་འཇིག་རྟེན་གྱི་ཁམས་ལ་གཡས་སྐོར་(དེང་གི་གནམ་རིག་པ་ཚོས་སའི་གོ་ལ་རང་འགྲོས་ཀྱིས་འཁོར་བར་འདོད་)གྱིས་རྒྱུ་བས།  ས་ཚིགས་དང་ཡུལ་གྲུ་སོ་སོར་ཉི་མ་འཆར་ནུབ་མི་འདྲ་(དཔེར་ན་འཇར་པན་ནི་ཀྲུང་གོའི་ཤར་ཕྱོགས་སུ་གནས་ཡོད་རྐྱེན་ཀྲུང་གོ་ལ་བལྟས་ཏེ་འཇར་པན་ས་ཆ་ནས་ཆུ་ཚོད་གཅིག་གིས་ཉི་མ་མཐོང་སྔ་)བའི་རྒྱུ་མཚན་གྱིས་རང་རང་ཡུལ་དུས་དང་བསྟུན་ཏེ། ནམ་ལངས་ལག་རིས་མཐོང་ཚེ་ཡོས་ཀྱི་དུས་ཚོད་དང་། ཉི་འོད་རི་རྩེར་འཕྲོས་ཚེ་འབྲུག་གི་དུས་ཚོད་སོགས་རིམ་བཞིན་བརྩི།  འདི་ཡང་ཉིན་ཚད་མཚན་ཚད་མཉམ་པའི་དབང་དུ་བྱས་པ་ཡིན།   དེ་འདྲའི་དུས་ཚོད་གཅིག་ལ་སྔ་ཆ་ཕྱི་ཆ་གཉིས་སུ་ཕྱེས་ཏེ་དུས་ཚོད་ཉེར་བཞིའམ།  སྔ་ཆ་རེར་ཕྱེས་ནས་དུས་ཆུང་དྲུག་ཅུར་བགྲངས་ཆོག  སྨིན་གླིང་ལོ་ཆེན་གྱི་《འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར》ལས།  ལོ་ཟླ་ཞག་དུས་དེ་དག་གི༎     དབང་ཐང་ལོ་ཟླ་ཉིས་སྦྲགས་དང་༎  ཞག་དང་དུས་ཚོད་རྐྱང་བར་འདེད༎   གསུངས་པ་བཞིན་ཉི་མ་རེ་རེའི་ནམ་ལངས་ཡོས་སོགས་དུས་ཚོད་བཅུ་གཉིས་པོར་འབྱུང་ཁམས་ལྔ་དང་སྦྱར་ཏེ་བརྩི་ཡང་འདིར་མཁོ་གལ་ཆུང་བར་བསམ་སྟེ་སྤྲོས་པའི་ངལ་བླ་ན་མེད་པ་བསྟེན་ནོ༎

 

གཉིས།    མངོན་པའི་ལུགས་སུ་ཉིན་ཞག་གཅིག་ལ་དུས་ཚོད་བརྩི་ཚུལ།

ཇི་སྐད་དུ་མངོན་པ་མཛོད་ལས།  གཟུགས་མིང་དུས་མཐའ་རྡུལ་ཡིག་དང་༎     སྐད་ཅིག་ཕྲ་རབ་རྡུལ་དང་ནི༎  ཞེས་གསུངས་བ་ལྟར།  གཟུགས་ཀྱི་ཆུང་མཐའ་ལ་རྡུལ་ཕྲ་རབ་བམ་ཕྲ་རབ་རྡུལ་དང་།  མིང་གི་ཆུང་མཐར་ཡི་གེ་གཅིག་སྟེ་ཡི་གེ་གཅིག་ལས་མིང་མེད་པའི་ཕྱིར་དང་།  དུས་ཀྱི་ཐུང་མཐར་སྐད་ཅིག་མར་འདོད་དེ། 《ཡིད་བཞིན་རིན་པོ་ཆེའི་མཛོད་》ལས།  ལས་མཐའི་སྐད་ཅིག་མ་སྟེ་སེ་གོལ་གྱི༎     དྲུག་ཅུ་རྩ་བཞིའི་ཆ་གཅིག     ཞེས་སོགས་གསུངས་པ་བཞིན།   སྐྱེས་བུ་སྟོབས་ལྡན་ཞིག་གིས་སེ་གོལ་གཅིག་གཏོགས་པའི་ཡུན་ལ་ཆ་དྲུག་ཅུ་རྩ་ལྔ་ཕྱེས་པའི་ཆ་གཅིག་ལ་ཐུང་མཐའི་སྐད་ཅིག་མ།  (ཆ་སུམ་བརྒྱ་དྲུག་ཅུར་ཕྱེས་པའང་ཡོད་)དེ་ལྟ་བུའི་ཐུང་མཐའི་སྐད་ཅིག་མ་བརྒྱ་དང་ཉི་ཤུ་ལ་དེའི་སྐད་ཅིག་མའམ་བྱ་རྫོགས་སྐད་ཅིག་མ།   དེ་འདྲའི་སྐད་ཅིག་མ་དྲུག་ཅུ་ལ་ཐང་གཅིག།  ཐང་གཅིག་སུམ་ཅུ་ལ་ཡུན་ཙམ་གཅིག།  ཡུད་ཙམ་སུམ་ཅུ་ཉིན་ཞག་གཅིག་གི་ཡུན་ཚད་དུ་བརྩི་སྟེ།   ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུ་ར་བྱས་པ་ལས་འཇིག་རྟེན་བསྟན་པ་ཞེས་བྱ་བ་སྟེ་གནས་གསུམ་པ་ལས།   སྐད་ཅིག་མ་བརྒྱ་ཉི་ཤུ་ལ།  དེ་ཡི་སྐད་ཅིག་དེ་དག་ཀྱང་༎ དྲུག་ཅུ་ལ་ནི་ཐང་གཅིག་གོ༎    ཡུན་ཚད་ཉིན་ཞག་ཟླ་གསུམ་ནི༎   གོང་ནས་གོང་དུ་སུམ་ཅུར་འགྱུར༎  ཞེས་གསུངས།   གཞན་ཡང་《འཆི་མེད་མཛོད་》ལས།   མིག་འཛུམ་བཅོ་བརྒྱད་མཐར་གནས་ལ༎  དེ་སུམ་ཅུ་ལ་སྐད་ཅིག་བགྲང་༎  དེ་ནི་བཅུ་གཉིས་ཡུད་ཙམ་ཡིན༎  དེ་སུམ་ཅུ་ལ་ཉིན་ཞག་གཅིག་ཅེས་དང་།   རྡོ་རྗེ་མཁའ་འགྲོའི་རྒྱུད་ལས།  མིག་འཛུམ།  ཆ་ཤས།  ཡུད་ཙམ།  སྐད་ཅིག  ཐང་གཅིག  ཅུང་ཟདཅེས་པ་རྣམས་གོང་ནས་གོང་དུ་དྲུག་འགྱུར་དང་། ཅུང་ཟད་སུམ་ཅུས་ཡི་གེ་ལྕི་བའི་དུས།  དེ་བཅུས་ཆུ་ཚོད།   དེ་བརྒྱད་ཀྱིས་ཐུན་གཅིག   ཐུན་བརྒྱད་ཉིན་ཞག་གཅིག་ཏུ་བརྩི་བར་གསུངས་ཞིང་།   སྟག་སྣའི་མདོ་ལས།  བུད་མེད་རས་བལ་གྱི་ལ་བ་གཅིག་ཤིན་ཏུ་རིང་བ་དང་ཐུང་བླ་ན་མེད་པ་ཡིན་པར་འདྲེན་པའི་ཡུན་སྐད་ཅིག་ཐུང་ངུ་གཅིག་བྱས་ཏེ་བརྩི་བ་སོགས་མང་ཡང་།  ལྗོངས་འདིར་གོང་དུ་དྲངས་པའི་མངོན་པ་མཛོད་ཀྱི་ལུགས་དེ་གཙོ་བོར་འཛིན་ཞིང་གཙོའོ༎

 

གསུམ།    དུས་འཁོར་ལུགས་སུ་ཉིན་ཞག་གཅིག་ལ་དུས་ཚོད་བརྩི་ཚུལ།

སྤྱིར་འཛམ་པོའི་གླིང་ན་སྐར་རྩིས་ཀྱི་གཞུང་ལུགས་བགྲངས་ཀྱིས་མི་ལངས་ཤིང་།  བོད་དར་རྒྱ་རྩིས་ཧྭང་ལི་ཡང་སྐར་རྩིས་ཀྱི་བྱེ་བྲག་ཅིག་ཡིན་མོད།  སྔོན་བྱོན་བོད་ཀྱི་དུས་མཁྱེན་པ་དག་གིས་ཕྱི་དུས་ཀྱི་འཁོར་ལོ་རི་མོའི་ལམ་ནས་གཏན་ལ་འབེབ་ཚུལ་གྱི་གཞུང་ལུགས་རྒྱ་གར་ནས་བོད་ལ་དར་བ་དེར་དུས་འཁོར་ལུགས་སམ་སྐར་རྩིས་ཞེས་སྤྱི་མིང་བྱེ་བྲག་ཏུ་བཏགས་པར་མཛད།  ལུགས་འདིར་ཞག་གསུམ་སྟེ་ཁྱིམ་ཉིན་ཚེས་ཞེས་རྣམ་པ་མི་འདྲ་བ་གསུམ་གྱིས་སྒོ་ནས་བརྩི་ཚུལ་ཡོད་ཅིང་།  ཁྱིམ་ཉིན་ཚེས་གསུམ་པོ་རེ་རེར་ཞག་སུམ་ཅུ་ལ་ཟླ་བ་གཅིག  ཟླ་བ་བཅུ་གཉིས་སོ་སོའི་དབང་དུ་བྱས་པའི་ལོ་གཅིག་ཡིན་པར་མཚུངས་ཀྱང་ཕན་ཚུན་གྱི་ཡུན་ཚད་ཡུལ་(ཆུ་ཚོད་བཏགས་པ་བ་)དུས་གང་གི་དབང་དུ་བྱས་ཀྱང་དོ་མི་མཉམ་ཞིང་།  ལག་ལེན་དངོས་ཀྱི་སྐབས། “ལོ་ཡི་མཚར་ལོངས་ཉི་མ་གཙོ༎    ཟླ་བའི་མཚར་ལོངས་ཟླ་བ་གཙོ༎     ཞག་གི་མཚར་ལོངས་ཞག་ལ་བརྟག” ཅེས་མཁས་པའི་ཞལ་རྒྱུན་དུ་བཞུགས་པ་བཞིན།  ལོ་ལ་ཁྱིམ་ལོ་དང་།  ཟླ་བར་ཚེས་ཟླ།  ཞག་ལ་ཉིན་ཞག་གཙོ་བོར་འཛིན་བཞིན་འདུག་ཉིན་ཞག་ནི་ཉི་མའི་རང་འགྲོས་དང་ཟླ་བའི་འཕེལ་འགྲིབ་གང་ལའང་བསྟུན་མི་དགོས་པར་ད་ནངས་ནམ་ལངས་ནས་སང་ཉིན་ནམ་ལངས་ཀྱི་བར་ཏེ་ཉི་མ་རླུང་འགྲོས་སམ་སྣང་འགྲོས་ཀྱིས་གླིང་བཞི་བའི་འཇིག་རྟེན་གྱི་ཁམས་འདི་ལ་གཡས་སྐོར་གྱིས་སྐོར་བ་ཧྲིལ་བོ་གཅིག་འཁོར་བའི་ཡུན་ཚད་དུ་འཇོག   འདི་ཡང་གཙོ་བོ་དུས་ཀྱི་ཆུ་ཚོད་ཀྱི་སྒོ་ནས་གཏན་ལ་འབེབས་པ་ཡིན་ཏེ།  ཇི་སྐད་དུ།  འཛམ་གླིང་མི་ཡི་སྐྱེ་དགུའི་དབུགས༎     དུས་རྩིས་ཀུན་གྱི་རྩ་བ་ཉིད༎     ཅེས་དང་།  དེ་ཡང་མི་ཡི་སྐྱེས་བུ་གང་༎  དར་བབ་ནད་མེད་རང་བཞིན་དབུགས༎  འབྱུང་གནས་རྔུབ་པ་གཅིག་བྱས་པ༎  དེ་ཉིད་བརྩི་གཞིར་རྩ་བར་བཟུང་༎    ཞེས་གསུངས་པ་ལྟར་སྐྱེས་བུ་དར་མ་ཁམས་སྙོམས་པ་མ་འཁྲུངས་ཤིང་མ་ངལ་བ།   རླུང་བཟུང་བ་སོགས་ཀྱིས་མ་བཅོས་རང་བབ་བཞག་པའི་དབུགས་ཁུག་པ་དྲུག་གི་ཡུན་ཚད་ཆུ་སྲང་གཅིག་དེ་དྲུག་ཅུ་ཆུ་ཚོད་གཅིག  ཆུ་ཚོད་དྲུག་ཅུ་ཉིན་ཞག་ཕྲུགས་གཅིག་ཡིན་ཞིང་བསྡོམས་པས་དབུགས་ ༢༡༦༠༠ ཡུན་ཚད་དེ།  རྩ་རྒྱུད་ལས།  དྲུག་བརྒྱ་རྣམས་ཀྱི་ལྷག་པ་ཡི༎     སྟོང་ཕྲག་ཉི་ཤུ་རྩ་གཅིག་པོ༎  ཞེས་དང་།  《རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བའི་རྣམ་འགྲིལ་གསེར་གྱི་ཤིང་རྟ་》ལས་ཀྱང་།  ཉིན་ཞག་ཕྲུགས་རེ་ལ་མིའི་དབུགས་ཉི་ཁྲུ་ཆིག་སྟོང་དྲུག་བརྒྱ་ཡོད་ལ།  དེ་དྲིལ་བའི་ཆུ་ཚོད་(སྤྱིར་ཆུ་ཚོད་ཅེས་པའི་ཐ་སྙད་འདི་སྔོན་དུས་ཆུ་ཐིགས་ལ་བརྟེན་ནས་དུས་ཀྱི་ཚད་གཞལ་བའི་ཆ་ནས་བཏགས་པར་གསུངས་)དྲུག་ཅུ་འབྱུང་བའི་ཕྱིར་རོ༎  ཞེས་མདོ་རྒྱུད་དགོངས་འགྲིལ་དུ་མ་དང་ཕྱི་རྒྱུད་དབྱངས་འཆར་ལས་ཀྱང་འདི་དག་དང་མཐུན་པར་བཤད་དོ༎  སྤྱིར་ནང་གི་འཇལ་བྱེད་མིའི་དབུགས་གཅིག་གི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ཆ་གཅིག་ལ་ཕྲ་མོའི་དབུགས།  དེ་དྲུག་སྲིན་པོའི་རིགས་ལ་སོགས་སྐྱ་ཡཧ་སྲང་གཅིག  དེ་དྲུག་ཅུ་ཆུ་ཚོད་གཅིག  དེ་དྲུག་ཅུ་སྲིན་པོའི་རིགས་ལ་སོགས་པའི་ཉིན་ཞག་གཅིག་དང་མིའི་དབུགས་གཅིག་ན་པ་བསྡུས་རྒྱུད་ལས་བཤད་པས་དེང་སྐབས་འཛམ་གླིང་གིས་ལུས་རྩལ་འགྲན་སྡུརསོགས་ལ་བཀོལ་བའི་སྐར་ཆ་ཤིན་དུ་ཞིབ་རྩིས་ལ་བསྡུར་ན་འོས་ཤིང་འཚམ།  གོང་དུ་བཤད་པའི་རེས་གཟའི་འཕོ་མཚམས་སམ་ཉི་མས་སའི་གླིང་ལ་བྱ་བ་བྱེད་ཚུལ་གྱི་སྒོ་ནས་བཞག་པའི་ཉིན་ཞག་ལས་གཞན།  ཟླ་བའི་ཆ་ཤས་འཕེལ་འགྲིབ་ཀྱིས་ཚེས་ཞག་དང་།  ཉི་མ་རང་འགྲོས་སམ་ཉི་བར་གྱི་ཁྱིམ་གཅིག་འཕོ་བའི་སུམ་ཅུའི་ཆ་རེས་བཞག་པའི་ཁྱིམ་ཞག་ཀྱང་ཡོད་མོད།  ཞག་གི་སྐབས་གཙོ་བོ་ཁྱིམ་ཚེས་གཉིས་ཀྱང་ཉིན་ཞག་དང་བསྟུན་དགོས་ཤིང་།   ཁྱིམ་ཞག་ཡུན་རིང་ལ་ཉིན་ཞག་འབྲིང་།  ཚེས་ཞག་ཡུན་ཐུང་བ་ཡིན་ཏེ།  ཁྱིམ་ཞག་གཅིག་གི་ཡུན་ཚད་དམ་དུས་ལོངས་ལ་ཆུ་ཚོད་དྲུག་ཅུ་དང་ཆུ་སྲང་ང་གཉིས།  དབུགས་བཞི་རྗེས་འབྱང་བཅས་དང་།  ཉིན་ཞག་གཅིག་ལ་ཆུ་ཚོད་དྲུག་ཅུ་རྐྱང་རྐྱང་།  ཚེས་ཞག་གཅིག་ལ་ཆུ་ཚོད་ང་དགུ།  ཆུ་སྲང་གསུམ།  དབུགས་བཞི་རྗེས་འབྲང་དང་བཅས་པ་ཡོད་དེ།  ཞག་གསུམ་གྱི་རྣམ་བཞག་དང་བར་ཆད་རྒྱས་པ་གཞུང་གཞན་ལས་ཤེས་པར་བྱ་དགོས་པ་ལས་འདིར་སྐབས་སུམ་བབ་ལ།  ཁོ་བོས་བྲིས་པའི་《དུས་འཁོར་ལུགས་སུ་ཚེས་ཆད་ལྷག་དང་ཟླ་ལྷག་འབྱུང་བའི་རྒྱུ་མཚན་རགས་ཙམ་བརྗོད་པ་》རུ་ཡང་ཅུང་ཙམ་གསལ་ལོ༎

 

 

 

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།