ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

ཆོས་སྒྲུབ་སྟངས་ཀྱི་གསར་འགྱུར་མཚར་བོ་འགའ།

ཆོས་སྒྲུབ་སྟངས་ཀྱི་གསར་འགྱུར་མཚར་བོ་འགའ།

ལྡོང་ཡོན་ཏན་རྒྱ་མཚོ།

ལོ་སྔོན་མ་ཞིག་ཏུ་མང་ཚོགས་མང་བོས་ཀི་དིར་བྱས་ཏེ་བདེ་བ་ཅན་དུ་འགྲོ་འདོད་ཀྱི་རྣམ་འགྱུར་སྟོན་པའི་བརྙན་ཐུང་ཞིག་རིག་སོང་། བདེ་བ་ཅན་དུ་འགྲོ་འདོད་ཡོད་ན་ལོས་བཟང་མོད། སྣེ་ཁྲིད་བྱེད་མཁན་དེས། ང་བདེ་བ་ཅན་དུ་འགྲོ་ཐུབ་སོང་ན་ཁྱེད་ཚོ་ཡང་འགྲོ་ངེས་ལ། ང་དམྱལ་བར་སྐྱེས་སོང་ན་ཁྱེད་ཚོ་ཡང་དམྱལ་བར་སྐྱེ་ངེས་པའི་ཐ་ཚིག་སྒྲོག་གིན་འདུག བདེ་འགྲོ་དང་ངན་འགྲོར་སྐྱེ་མིན་ཏེ་རང་རང་གིས་བསགས་པའི་དགེ་སྡིག་ལ་རག་ལས་པ་ལས། མི་ཁ་ཕོ་ཅན་ཞིག་གིས་རང་དགར་ཐག་གཅོད་ཐུབ་པ་ཞིག་ག་ན་ཡིན་ཨང་།

ཉེ་སྔོན་ཁྱབ་སྒྲོག་ཁྱད་མཚར་ཞིག་གང་སར་བསྐུར་གྱིན་འདུག ལྷག་པར་དུ་རྒྱ་ཡིག་གི་དྲ་ཚིགས་དང་ཚོགས་པ་ཆུང་ཆུང་དག་ཏུ་ཤུགས་ཆེན་པོས་སྒྲོག་གིན་འདུག་ཟེར། ང་ལའང་མི་ཁ་ཤས་ཀྱིས་དྲིས་སོང་། ཁྱབ་སྒྲོག་གི་ནང་དོན་ནི། ཁྱོད་ཀྱིས་བསྙེན་པ་གང་རུང་ཞིག་ཉུང་ཙམ་བཏོན་ཏེ་ཚོགས་སྡེ་ཆེན་པོ་ཞིག་གི་ནང་མིང་ཐོ་བཀོད་པ་ཡིན་ན། ཚོགས་སྡེ་དེས་བཏོན་པའི་བསྙེན་པའི་གྲངས་ཀ་ཡོད་ཚད་ཁྱོད་ལ་ཐོབ་ངེས་ཟེར། རྒྱལ་བའི་བཀའ་བསྟན་བཅོས་གང་གི་ནང་དུ་དེ་འདྲའི་ཆོས་སྒྲུབ་སྟངས་ཤིག་གསུངས་ཡོད་པ་ཡིན་ནམ། གལ་སྲིད་དེ་འདྲའི་ཆོས་སྒྲུབ་སྟངས་སྐྱིད་པོ་ཞིག་ཡོད་ན། དྲ་ཚིགས་ཀྱི་རླབས་ཤུགས་དང་འགྲོགས་ནས་ཆོས་ཚོགས་གང་ཡོད་ཀྱི་ནང་དུ་མིང་ཐོ་རེ་བཀོད་རྗེས་ཉོན་མོངས་པའི་མལ་དུ་སྐྱིད་ཉལ་བརྒྱབ་བསྡད་ན་དགེ་ཚོགས་ཀྱི་རྒྱ་མཚོ་འཕྱུར་མི་འོང་ངམ།

མདང་དགོང་གྲོགས་པོ་ཞིག་གིས་ཁ་པར་བཏང་ཡོང་ནས་བཤད་རྒྱུར། མཚན་གུང་གི་ཆུ་ཚོད་བཅུ་གཉིས་ལ་མ་ཐོན་སྔོན་དུ་བརྐྱང་ཕྱག་བཅུ་ཐམ་པ་ངེས་པར་དུ་འཚོལ་དང་ཁྱོད་ལ་བརྐྱང་ཕྱག་བྱེ་བ་གཅིག་ཐོབ་ཅེས་གསུང་གིན་འདུག་ཟེར། ང་ཅུང་ཙམ་བགད་པས་གྲོགས་པོ་དེ་དགའ་མ་སོང་། ཁོས་ཁྱེད་ཚོ་མཁས་པ་དག་གིས་ཅི་ཡང་ཁས་མི་ལེན་གི་ཟེར། ངས་ཁོ་ལ་ཁས་ལེན་སར་མི་འགྲོ་བ་ཞིག་བཙན་ཚུགས་ཀྱིས་ཁས་བླངས་ན་ཁས་ལེན་མཁན་དེ་ཡང་གློའུ་རུ་འགྱུར་འགྲོ། དགེ་བའི་འགྱུར་ཁྱད་ཟེར་བ་ཞིག་ཡོད་པ་བདེན་མོད། འགྱུར་ཁྱད་དེ་ལ་ཡང་རྒྱུ་ཚོགས་མང་བོ་ཞིག་འཛོམ་དགོས་པ་ལས་དུས་ཚོད་ཀྱི་ཅོང་གི་ཐོག་ལ་འཇོག་འཇོག་བྱེད་རྒྱུ་ཞིག་མ་རེད། གང་ཡིན་ལ་ཧོལ་རྒྱུགས་མ་བྱེད་ཅེས་བཤད་མོད། གྲོགས་པོ་དེས་ཧ་མ་གོ་བའམ་མ་དགའ་བ་འདྲ་སྟེ། བདེ་མོ་ཙམ་ཡང་མེད་པར་ཁ་པར་གཏོང་མཚམས་བཞག་སོང་།

༼གསལ་བཤད། འདིར་བསྙེན་པ་ཉུང་ཙམ་བཏོན་ན་དགེ་བའི་འགྱུར་ཁྱད་ཆེན་པོ་མེད་པ་དང་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རངས་བྱེད་མི་དགོས་ཚུལ་ཟུར་ཙམ་ཡང་བཤད་མེད་པས་གོ་བ་ལོག་ལེན་དང་ལོག་འགྲེལ་མི་བྱེད་པའི་རེ་བ་ཡོད།༽
༢༠༡༨-༡༡-༤

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།