ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

ཆུ་ཡི་ཉམས་ཉེས་དང་སྲུང་སྐྱོབས།

_ _ _ _ལྡོང་ཡོན་ཏན་རྒྱ་མཚོ།

དབྱར་གསུམ་ཆུ་གཏེར་གྱི་དཔལ་ཡོན་དང་ཡར་ཚེས་ཟླ་བ་གཞོན་ནུའི་གཟི་མདངས་ཇི་བཞིན་བརྡ་འཕྲིན་དུས་རབས་ཀྱི་སྤྱི་ཚོགས་འདི་ཕྱོགས་སྣ་ཚོགས་ནས་འཕེལ་རྒྱས་སུ་འགྲོ་བཞིན་པ་ནི་ཧ་ཅང་དགའ་འོས་པའི་གནས་སུ་མཆིས་མོད། འགྲོ་བ་མིའི་རིགས་འདིས་རང་ཁོ་ནའི་བདེ་སྐྱིད་དང་གནས་སྐབས་ཀྱི་ཁེ་ཕན་ཙམ་ལ་དམིགས་པའི་བསམ་བློ་ཤུགས་ཆེ་དྲགས་པས། སྐྱེ་དགུའི་ཚེ་སྲོག་ལའང་འབྲེལ་བ་ཆེ་བའི་གཏེར་

རྫོང་རྨང་ནས་བྲུས། ཚང་ཚིང་ལྗོན་པའི་དགའ་ཚལ་རྩད་ནས་བྲེགས། རི་སྐྱེས་སྲོག་ཆགས་དང་འདབ་ཆགས་ཕལ་མོ་ཆེའི་ཚེ་སྲོག་བཀུམ། མི་གཙང་ལྗན་ལྗིད་དང་གད་སྙིགས་མང་བོས་ཁོ་ར་ཁོར་ཡུག་སྦགས་ཏེ། འཇིག་རྟེན་ཁམས་འདིར་ནད་ཡམས་དང་འཁྲུགས་རྩོད། ས་གཡོ་རི་ཉུལ། འབྱུང་བཞིའི་ཐན་པ་སོགས་ལོ་རེ་ནས་ལོ་རེར་ཇེ་མང་དང་ཇེ་ཐུར་འགྲོ་བཞིན་པ་ནི་ཇི་འདྲའི་བློས་མི་དཔོག་པའི་འཇིགས་ཉེན་ཆེན་པོ་ཞིག་རེད་ཨང་།

དང་བོ།   ཆུའི་ཕན་ནུས་གླེང་བ།

ང་ཚོས་འབྱུང་འགྱུར་གྱི་འཇིག་རྟེན་དང་ཕྱི་རབས་པའི་འཚོ་བར་མིག་རྒྱང་རིང་བོས་བསམ་གཞིག་རྣལ་མ་རེ་བཏང་ན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་བསྐྲུན་བྱེད་རྒྱུ་ནི་མཐུས་ཤོར་དང་སྣང་ཆུང་མི་རུང་བའི་བྱ་བཞག་གལ་ཆེན་ཞིག་ཡིན་པར་ངེས་པ་རྙེད་སླ་ཞིང་།   ཁྱད་པར་དུ་ཆུ་ནི་རང་བྱུང་ཁམས་ཆེན་པོའི་ཟུངས་ཁྲག་གི་དྭངས་མ་དང་། དབུགས་ལྡན་སྐྱེ་འགྲོ་ཡོད་དོ་ཅོག་གི་ཚེ་སྲོག་གི་གྲུབ་ཆ་གཙོ་བོའི་ནང་གི་གཙོ་བོ་རེད། དཔེར་ན། མི་ཞིག་གིས་ཟ་མ་མ་ཟོས་པར་ཟླ་གཅིག་ལྷག་ལ་འཚོ་ཐུབ་མོད། ཆུ་མ་བཏུང་བར་ཉིན་ཁ་ཤས་ཙམ་ལའང་འཚོ་མི་ཐུབ་ཅེས་འབྲེལ་ཡོད་ཡིག་ཆ་དག་ན་ཞིབ་གསལ་གྱིས་བརྗོད་ཡོད། སྐྱེ་དངོས་ཡོད་ཚད་ཆུའི་བྱེད་ནུས་ལ་མ་བརྟེན་པ་མེད་ཅིང་བཟོ་ཞིང་ཕྱུགས་གསུམ་གྱི་འཕེལ་རྒྱས་ཀྱང་ཆུ་དང་འབྲལ་ཐབས་གཏན་ནས་མེད། མདོར་ན། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གཉིས་ཀར་ཆུ་ནི་མེད་ཐབས་མེད་པའི་བརླན་གཤེར་རང་བཞིན་གྱི་རིན་ཆེན་ཞིག་སྟེ། ནང་བསྟན་ཆོས་ལུགས་ཀྱི་གཏན་ཚིགས་རིགས་པ་དང་དེང་དུས་ཀྱི་ཚན་ཚན་རིག་པ་གཉིས་སྒོ་མཐུན་པར་གཟུགས་ཀྱི་ཆུང་མཐའ་རྡུལ་ཕྲ་རབ་ལའང་འབྱུང་བ་བཞི་དང་གཟུགས་རེག་གི་རྡུལ་རྣམས་འདུས་པར་འདོད་དེ། སའི་ཁམས་ཀྱིས་འགྲུབ་བྱེད་ཀྱི་རྒྱུ་དང་། ཆུའི་ཁམས་ཀྱིས་སྡུད་པར་བྱེད་པ། ཆུ་ཁམས་ཀྱིས་སྨིན་པར་བྱེད་པ། རླུང་ཁམས་ཀྱིས་གཡོ་བར་བྱེད་པའི་ནུས་པ་འདོན་བར་འདོད་དོ། །

ཡང་ས་ཡི་བྱེད་ལས་ཀྱི་ནུས་པ་ཆུ་ཡི་བརླན་གཤེར་ལ་བརྟེན་ནས་བྱུང་བ་དང་། ཆུ་ལ་ཚ་དྲོད་ཐེབས་ཚེ་རླུང་གཟུགས་སུ་གྱུར་ནས་མཁའ་རླུང་དང་འདྲེས་རྗེས་ཆུ་རླངས་སུ་འགྱུར་བ་དང་། དེ་ལས་སྨུག་སྤྲིན་དང་ཆར་བ། ཟིལ་བ་དང་བ་མོ། སེར་བ་དང་ཁ་བ་སོགས་གྲུབ་པས་ཆུ་ནི་རླུང་ཁམས་ཆེན་པོ་དང་ཡང་འབྲེལ་བ་གཞན་ལས་ཟབ། དེ་བཞིན་དུ་ནང་སྐྱེ་འགྲོའི་ལུས་ཁམས་ཀྱི་དབང་དུ་བྱས་ནའང་། རྒྱུད་བཞི་ལས། འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ།  །གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད།  །གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད། །ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། །གསུངས་པ་ལྟར་འགྲོ་བའི་སྐྱེ་རྒ་ན་འཆི་སོགས་ཀྱང་འབྱུང་བཞིའི་འདུ་འཕྲོད་ལ་རག་ལས་ཏེ། ཆུ་ཁམས་ཞན་ན་ཚ་བའི་རང་བཞིན་གྱི་ནད་རིམས་སོགས་འཕེལ་བ་ཆོས་ཉིད་ཡིན་པས་སོ།།

གཉིས་པ།  ཆུའི་ཕམ་ཉེས་གླེང་བ།

གོང་དུ་ཆུའི་ཕན་ནུས་མདོ་ཙམ་གླེང་བ་དེས་ཆུ་ནི་བརྟན་གཡོའི་སྣོད་བཅུད་ཀུན་གྱི་ཟུངས་ཁྲག་དང་གཞི་རྟེན་གཅིག་བུ་ཡིན་པ་རྟོགས་སླ་ཞིང་། ཆུ་མེད་ན་སྐྱེ་དངོས་སྲོག་ཆགས་གཅིག་ཀྱང་གནས་ཐབས་མེད་པ་ཁ་གསལ་མཐིལ་རྟོགས་རེད། འོན་ཀྱང་ཁ་ཅིག་གི་སྣང་ངོར། ཆུ་ནི་འཇིག་རྟེན་འདིར་མེད་ཐབས་བྲལ་བ་ཞིག་ཡིན་པ་བདེན་དུ་ཆུགས་ཀྱང་། ཆུས་མི་འདང་བའི་སེམས་ཁྲལ་དང་ཆུ་གྲོན་ཆུང་བྱེད་དགོས་པའི་ལྟ་ཚུལ་དེ་དག་ས་འབུ་ས་ཟད་དང་རི་བོང་གནམ་རྡིབ་ཀྱི་བློ་རྒྱ་དོག་པོ་ལས་མ་འདས་པས་གླེང་རིན་དང་ཉན་རིན་མེད་དོ་སྙམ་ཡང་སྲིད་མོད། དོན་དངོས་ཆུ་ནི་ཉིན་རེ་ནས་ཉིན་རེར་ཇེ་ཉུང་དང་། ཆུའི་ཕམ་ཉེས་དང་ཆུ་ལ་བརྟེན་པའི་འཇིགས་ཉེན་ནི་ཉིན་རེ་ལས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད་དེ། མཐའ་ཀླས་རྒྱ་མཚོ་ཕལ་ཆེར་ཚྭ་ཆུ་ཡིན་ལ། ཚྭ་མེད་རྒྱ་མཚོ་དང་དྭངས་གཙང་ཆུ་བོ་གང་མང་གད་སྙིགས་དང་བཟོ་ལས་བཙོག་གྲིབ་སོགས་ཀྱིས་སྤགས་ཏེ་སྐྱེ་འགྲོས་བཏུང་སྐོམ་དུ་སྤྱོད་ཆོག་པའི་ཆུ་ནི་ཆེས་ཉུང་ངུ་ཞིག་ལས་མེད། དེ་ཡང་གསལ་བོར་བཤད་ན། འཛམ་གླིང་སྟེང་ཆེས་ཆེ་བའི་རྒྱ་མཚོ་ནི་ཞི་བདེ་རྒྱ་མཚོ་ཡིན་ཏེ། དེའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི 18000 ཡོད་པས་སའི་གོ་ལའི་ཕྱི་ངོས་ཀྱི་རྒྱ་ཁྱོན་སྤྱིའི་ 35.2%    ཟིན་མོད་ཚྭ་མཚོ་ཡིན་པས་བཏུང་བྱར་མི་རུང་བ་དང་། འཛམ་གླིང་དུ་ཆེས་ཆེ་བའི་མཚེའུ་ནི་ཡ་གླིང་དང་ཡོ་རོབ་གླིང་གི་ས་མཚམས་ཀྱི་ལིས་ཧའི་མཚེ་འུ་སྟེ་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི་ 37 ཡོད་མོད་དེ་ཡང་ཚྭ་ཆུ་རེད། འཛམ་གླིང་དུ་ཆེས་ཆེ་བའི་ཚྭ་མེད་མཚེའུ་ནི་མེ་གླིང་ཤར་མའི་མཚེའུ་ཆེན་པོ་ལྔའི་ཡ་གྱལ་སུའུ་པིས་ལི་ཨེར་མཚེའུ་ཡིན་མོད་དེའི་རྒྱ་ཁོཡན་ལ་སྟོང་སྨི་གྲུ་བཞི་མ་ 82400 མ་གཏོགས་མེད། འཛམ་གླིང་ཡོངས་ཀྱིས་ལོ་རེར་རྒྱ་མཚོའི་ནང་དུ་གད་སྙིགས་ཧུན་དུང་ཕྱུར་ 200 ལྷག་འདོར་བཞིན་པ་དང་། ལུད་དང་ཞིང་སྨན། སྨན་ཁང་དང་བཟོ་གྲྭ་སོགས་ཀྱིས་རྒྱ་མཚོ་དང་ཆུ་བོ་སྦགས་ཚད་ཀྱང་བློར་མི་ཤོང་བའི་གནས་སུ་སླེབས་ཡོད། ད་ལྟ་མཁའ་དབུགས་བཙོག་གྲིབ་དང་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་དྲགས་ཏེ་སའི་གོ་ལ་ཧྲིལ་བོའི་གནམ་གཤིས་གློ་བུར་དུ་ཇེ་དྲོར་སོང་ནས་ཆུ་མིག་བསྐམ་པ་དང་རྒྱ་མཚོ་བྲི་བ། ཆར་ཆུ་དཀོན་པ་སོགས་ཀྱི་དབང་གིས། འཛམ་གླིང་ཡོངས་ཀྱི་རྩྭ་ས་ཞན་འགྱུར་དང་། བྱེ་འགྱུར། ཐང་རྒོད་དུ་འགྱུར་བ། ཐན་སྐྱེན་མང་བ། ཐན་རླུང་འཚུབ་པ་སོགས་ཞིབ་ཏུ་བསམ་ན་ཉིན་མོར་ཟས་མི་དྲན་ཞིང་མཚན་མོར་གཉིད་མི་ཁུག་པའི་ཚད་དུ་སླེབས་འདུག

འབྲེལ་ཡོད་ཡིག་ཆ་དག་ལས་བརྗོད་པ་ལྟར་ན། འདི་ལྟར་མིའི་རིགས་ཀྱིས་ཧམ་སེམས་ཀྱི་མེ་ལྕེ་རང་རྟོགས་སྒོས་གཞིལ་མ་ཐུབ་པར་བསྟུད་མར་རང་བྱུང་ཁམས་ཆེན་པོར་འཇབ་རྒོལ་བྱས་ཚེ། ཁ་ཆར་རང་ཤུགས་ཀྱིས་འབབ་མཚམས་ཆད་དེ། སའི་གོ་ལའི་སྟེང་གི་བེད་སྤྱོད་ཆོག་པའི་ཚྭ་མེད་ཆུ་ཡིས་འགྲོ་བ་མི་གཅིག་བུར་ཡང་ལོ་བཞི་མ་གཏོགས་མི་འདང་བ་དང་། སའི་གོ་ལའི་སྟེང་གི་ཆུ་ཧྲེང་ 5 ཆུ་ཟོམ་ཞིག་གི་ནང་ལ་ཤོང་བའི་དབང་དུ་བཏང་ན། འགྲོ་བ་མིས་བེད་སྤྱོད་ཆོག་པའི་ཆུ་ནི་ཁེམ་བུ་གང་མ་གཏོགས་མེད་པའི་གསལ་བསྒྲགས་བྱས་ཟིན། དུས་རབས་ཉི་ཤུ་བའི་ནང་དུ་འཛམ་གླིང་གི་མི་འབོར་ལྡབ་གཉིས་འཕར་ཞིང་། འགྲོ་བ་མིས་བེད་སྤྱོད་པའི་ཆུ་ལྡབ་ལྔ་རུ་འཕར། སའི་གོ་ལའི་རྒྱ་ཁྱོན་གྱི 70%ལ་མཚོ་ཆུས་གཡོགས་ཡོད་མོད། ཚྭ་མེད་ཆུ་2.5%  མ་གཏོགས་མེད་ཅིང་དེའི་མང་ཆེ་བ་ནི་སེར་བ་དང་རྣམ་པ་གཞན་པའི་སྒོ་ནས་བྱུང་བ་རེད། དེའི་ཕྱིར་སའི་གོ་ལའི་ཚྭ་མེད་ཆུ་ཡོངས་རྫོགས་ལས་འཐུང་ཆོག་པའི་ཆུ་ནི ། 1% མ་གཏོགས་མེད་པ་འཛམ་གླིང་གསར་ཤོག་དང་བརྙན་འཕྲིན་དག་ལས་ཡང་ཡང་མཐོང་ཐོས་སུ་བརྒྱུད་པ་ལྟར་རེད།

བཏུང་སྒོམ་སེལ་ཐུབ་པའི་ཆུ་ཉུང་ཉུང་དེ་ཙམ་པོར་ཡང་མི་གཙང་ལྗན་ལྗིད་དང་གད་སྙིགས་ཀྱིས་སྦགས་པ་ཐལ་ཆེས་པས། འཐུང་ཆུ་ལས་བྱུང་བའི་ནད་ཀྱིས་མིའི་རིགས་སྤྱི་ལ་འབྱུང་བའི་ནད་ཡོངས་ཀྱི 80% ཟིན་པ་དང་། ཆུ་ལས་མཆེད་པའི་འགོ་ནད་རིགས་40 ཙམ་འཛམ་གླིང་ཡོངས་སུ་ད་དུང་ཚོད་འཛིན་བྱེད་མ་ཐུབ་པ། ཆུ་ལ་བཙོག་བསྒྱུར་ཐབས་པའི་དབང་གི་ལོ་རེར་མི་ཁྲི་ 2500 འཆི་ལམ་དུ་བརྫངས་པ་སོགས་ཀྱི་ཉེན་བརྡ་འམ་གསལ་བརྡ་གསོ་རིག་རབ་འབྱམས་པ་དག་གི་ང་ཚོར་བཏང་དང་གཏོང་བཞིན་པ་མ་ཡིན་ནམ།

ངོ་མཚར་ཆུ་ཡི་རིན་ཐང་རྟོགས་ཤིང་ཚན་ཚན་རིག་པའི་ཡང་རྩེར་སྙེག་པའི་ཨ་རི་རྒྱལ་ཁམ་ལྟ་བུར་མཚོན་ན། ད་ལྟ་ཆུ་རྒྱ་མ་གང་གི་རིན་གོང་ཨ་སྒོར་ 6-8 དང་རྡོ་སྣུམ་རྒྱ་མ་གང་གི་རིན་གོང་སྒོར་ཟུར་ 6-8 བར་ཡིན་སྐད་འདུག་ལ། སྤྱི་ལོ་ 1994 ལོའི་ཟླ་ 4 པའི་ཚེས་ 21 ཉིན་འཇར་མན་གྱི་པར་རིས་གསར་འགྱུར་གྱི་ནང་དུ་ཟླ་བའི་ནང་དུ་འཁྱགས་རོམ་འདུག་པ་ཁྱབ་བསྒྲགས་བྱས་ཤིང་། སྤྱི་ལོ་ 1996 ལོའི་ཟླ་ 12 བའི་ཚེ་ 3 ཉིན་ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱི་ཁེ་ལེ་མི་ཏིའི་འཇིག་རྟེན་འཁོར་བསྐྱོད་མཁའ་གྲུས་བརྡ་ཐོ་བཏང་སྟེ། ཟླ་བའི་ལྷོ་མཐའི་ཉེ་སྐོར་སྐར་རྡོའི་ཤུལ་དོང་ཆེན་པོ་ཞིག་གི་ནང་དུ་ཕལ་ཆེར་འཁྱགས་མཚོ་ཞིག་གནས་ཡོད་འདུག་ཅེས་འཛམ་གླིང་ཡོངས་ལ་ཁྱབ་བསྒྲགས་བྱས་ཚེ། ཆུའི་འཇིགས་ཉེན་ལ་སེམས་ཁྲལ་བྱེད་བཞིན་པའི་མི་རྣམས་ཀྱི་སྙིང་ཁོངས་ན་རེ་སྨོན་གསར་བ་ཞིག་གི་དྲོད་ཐིགས་བསྐྱིལ་ཞིང་། ཚན་རིག་དར་བའི་རྒྱལ་ཁབ་མང་བོས་མ་འོངས་པར་འཇིག་རྟེན་འདིར་ཆུས་མི་འདང་བ་སོགས་ཀྱི་གལ་འགང་ལ་ཐུག་ཚེ་ཟླ་བའི་གོ་ལའི་སྟེང་དུ་གཞིས་སྤོར་བའམ་འཁྱགས་མཚོ་དེ་ཉིད་བཞུས་ཏེ་འཐུང་རྒྱུ་བྱེད་རྒྱུའི་སྟ་གོན་ཡང་བྱེབ་བཞིན་པ་རེད།

ངས་འདི་ལྟར་འཛམ་གླིང་ན་དྭངས་གཙང་གི་ཆུ་དཀོན་པའི་སྡུག་སྨེ་མང་ཙམ་བཏོན་ཚེ། ཡང་ཁ་ཅིག་གིས་འཛམ་གླིང་སྤྱི་ངོས་ནས་བཤད་ན་དེ་ལྟར་ཡིན་ངེས་མོད། ང་ཚོ་གངས་ཅན་བོད་ཀྱི་ལྗོངས་འདི་ནི་ས་མཐོ་ལ་ཆུ་གཙང་བ། མཁའ་དབུགས་དྭངས་ལ་རང་བྱུང་སྐྱེ་དངོས་ཀྱིས་གཏམས་པ་ཞིག་ཡིན་པས་གཞན་གྱི་འཇིགས་ཉེན་ལ་བསམ་སྟེ་མགོ་འམ་གོས་ལ་མེ་ཤོར་བ་ལྟ་བུའི་འོ་དོད་ཀྱིས་རི་ལུང་འགེང་དགོས་དོན་མེད་དོ་ཞེ་ན། སྤྱི་མཐུན་འགྲོ་བའི་ལས་དབང་གིས་ང་ཚོར་གཞན་དང་མི་མཚུངས་པའི་སྣོད་ཀྱི་འཇིག་རྟེན་ཕུན་ཚོགས་ཤིག་ཡོད་པ་དངོས་དོན་ཡིན་ལ། ཡབ་མེས་གོང་མ་ནས་བརྒྱུད་པའི་ཡ་རབས་གོམས་གཤིས་བཟང་བོའི་བག་ཆགས་ཀྱང་གཞན་ལས་མཐུག  ཁྱད་པར་དུ་བོད་མི་ཕལ་མོ་ཆེའི་སེམས་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་བདུད་རྩི་དྭངས་མོས་བརླན་ཞིང་མཉེན་པས། སྔོན་གྱི་ཚེ་རི་རྒྱ་ཀླུང་རྒྱ་བསྡམས་པ་དང་ས་རྐོ་རྡོ་སློག་ལ་འཛེམ་པ། རི་སྐྱེས་སྲོག་ཆགས་མི་གསོད་པ། ཤིང་འཐུ་ནགས་གཅོད་མི་བྱེད་པ། མཚོ་དང་ཆུ་བོ་མི་དཀྲུགས་པ། རི་གཏེར་དང་མཚོ་གཏེར་སྦས་པ། སྲོགས་ཆགས་ལྟ་ཅི་རྩི་ཤིང་ནགས་ཚལ་ཀྱང་ཚེ་ཐར་དུ་གཏོང་བ་སོགས་ཀྱི་གོམས་གཤིས་བཟང་བོ་ཞིག་ངང་གིས་ཆགས་ཡོད་པས་རང་བྱུང་ཁམས་ཆེན་པོའི་པང་དུ་བག་ཡངས་ཀྱིས་འཚོ་ཆོག་ལ། སྒྲོ་བཏགས་མ་ཡིན་པའི་ཆུ་བོ་ཡན་ལག་བརྒྱད་ལྡན་མང་བོ་ཕྱོགས་དང་ཕྱོགས་སུ་ལྷུང་ལྷུང་དབྱངས་རྟ་སྙན་མོས་འབབ་བཞིན་ཡོད། སྐབས་དེར་འཐུང་ཆུས་མི་འདང་བའི་སེམས་ཁྲལ་སུལའང་སྐྱེ་དོན་མེད་ལ། དེའི་ཕྱོགས་ཀྱི་གཏམ་གླེང་ཡང་ག་ན་ཡོད། འོན་ཀྱང་། དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བ་ཙམ་ནས་འཛམ་གླིང་ན་མཆེད་བཞིན་པའི་འཁྲལ་འཁྲུལ་གྱི་བསམ་བློ་དང་འདོད་སྲེད་ཀྱི་ནད་ཡམས་ངན་པ་དེས་མཐོ་སྒང་འདིའི་མི་མང་བོ་ཞིག་དང་། མཐོ་སྒང་ན་མ་བོས་མགྲོན་པོར་སླེབས་པའི་མི་ཕལ་མོ་ཆེ་ཕྱི་ཟིན་ནང་ཟིན་བྱས་ཏེ།  མདོ་དབུས་ཁམས་གསུམ་གྱི་ཕ་མཐའ་མི་ཟིན་པའི་ནགས་ཀློང་མང་བོ་དྲན་པའི་ཡུལ་དུ་བཞག  རི་ལུང་གཤོང་གསུམ་གྱི་གཏེར་སྣ་ཡོད་ཚད་འཕྲུལ་གྱིས་དྲངས། རྩ་ཆེན་རི་སྐྱེས་ཕལ་ཆེར་ལྔ་བའི་ལམ་དུ་བཏང་། རྨ་འབྲུ་རྫ་གསུམ་དང་ཁ་འབབ་རྣམ་བཞི་སོགས་གཤང་གཅི་དང་ཁྲག་རྣག དུག་རྫས་དང་གད་སྙིགས་སོགས་ཀྱིས་སྦགས་ཏེ་རང་བྱུང་ཁམས་ཆེན་པོའི་གདུག་རྩུབ་གནམ་ལྕགས་ལས་བཙན་ཞིང་དྭངས་གཙང་མཚེའུ་དང་ཆུ་མིག་ཆེས་མང་བོ་རྩ་བ་ནས་བསྐམ་ཏེ་ཤུལ་ཡང་མི་གསལ་བར་གྱུར་བ་འདི་རེད།

ང་ཚོའི་ཡུལ་གྲུ་འདི་ནི་འཛམ་གླིང་རྒྱ་ཕིབས་སུ་གྲགས་པ་བཞིན་སའི་གོ་ལའི་ཆེས་མཐོ་ཤོས་དང་རྩེ་མོར་ཆགས་ཡོད་པས། གནས་འདི་ནས་ཆུ་ཀླུང་གྲངས་མེད་ཀྱི་བཞུར་རྒྱུན་ཆད་པ་ཡིན་ན་འཛམ་གླིང་རང་བཞིན་ལ་ཆུ་དཀོན་པའི་འཇུག་འབྲས་ངན་པ་སྟེར་སྲིད་པས་ང་ཚོས་རང་བྱུང་སྐྱེ་དངོས་དང་སྲོག་ཆགས་སྲུང་སྐྱོབ། ཁྱད་པར་དུ་ཆུ་ལ་དོ་གལ་ཆེན་པོ་བྱེད་རྒྱུ་ནི་རང་གཞན་གཉིས་ཕན་གྱི་བྱ་བཞག་གལ་ཆེན་ཞིག་རེད་སྙམ།  སྤྱིར་ཆུ་ལ་གཅེས་སྐྱོང་དང་གྲོན་ཆུང་བྱེད་དགོས་པ་བདེན་མོད། ལྗོངས་འདིར་ད་དུང་ཆུ་དཀོན་པའམ་ཆུས་མི་འདང་བའི་ཚད་དུ་སླེབས་མེད་འདོད་ན། གཤམ་དུ་དཔེ་མཚོན་ཆུང་ངུ་ཞིག་གི་སྒོ་ནས་བཤད་པར་བྱ་སྟེ། མཚོ་སྔོན་ཞིང་ཆེན་ནི་མདོ་དབུས་མཐོ་སྒང་གི་དཀྱིལ་དབུས་སུ་གནས་པ་དང་། སའི་གོ་ལའི་གྲུ་སྣེ་གསུམ་པའི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ། ཀྲུང་ཧྭའི་ཆུ་མཛོད་ཅེས་པའི་སྙན་པ་ཕྱོགས་སུ་འཕུར་མོད། རང་རྒྱལ་དུ་མིའི་འཐུང་ཆུར་མི་རུང་བའི་ཚྭ་མཚོ་ཆེས་མང་བའི་ས་ཆ་ནི་མཚོ་བོད་མཐོ་སྒངཡིན་ལ། མིའི་འཐུང་ཆུར་མི་རུང་བའི་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་ཚྭ་ལྡན་མཚེའུ་སྟེ་མཚོ་སྔོན་པོའང་གནས་འདི་ན་རི་མོར་བྲིས་པའི་བུ་མོ་བཞིན་སྔེ་ལྡེམ་མེར་འཁྱིལ་ཡོད། ཁྱད་པར་དུ་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་རྨ་འབྲུ་རྫ་གསུམ་གྱི་ཆུ་བོའི་འབྱུང་གནས་ཡིན་ཞིང་། དུས་རབས་ཉི་ཤུ་བའི་ཡར་སྔོན་དུ་ཆུ་བོ་དེ་དག་གི་བཞུར་རྒྱུན་ཆད་པའི་ལོ་རྒྱུས་ལྟ་ཅི་ངག་སྒྲོས་ཙམ་ཡང་མེད།  མགོ་ལོག་ཁུལ་གྱི་མངའ་ཁོངས་རྨ་སྟོད་རྫོང་ནི་རྨ་ཀླུང་སྔོན་མོའི་བཞུར་རྒྱུན་གྱི་དབྱངས་འགྲོས་ཐོག་མར་རྩོམ་སའི་རྫོང་དང་བོ་ཡིན་ལ། སྔོན་ཆད་རྩྭ་ཆུ་འཛོམས་ཤིང་མཚེའུ་ཆེ་ཆུང་མང་བོ་སྐར་ཚོགས་ལྟར་བཀྲམས་པས་མཚེའུ་སྟོང་གི་རྫོང་ཞེས་པའི་སྙན་པ་ངང་གིས་ཆགས། དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུ་བར་རྫོང་ཁོངས་ན་མཚེའུ་ཆེ་ཆུང་ 4077 ཡོད་མོད། ཉེ་བའི་ལོ་ཤས་རིང་རང་བྱུང་ཁོར་ཁུག་ལ་གནོད་སྐྱོན་བཏང་བ་ཐལ་དྲགས་པས་རྫོང་དེའི་མངའ་ཁོངས་ཀྱི་མཚེའུ་ 50%  མིང་མེད་དང་ཤུལ་མེད་དུ་གྱུར་བས། རྩྭ་ཆུར་བརྟེན་པའི་འབྲོག་པའི་ཁྱིམ་གཞི་མང་བོ་ལོ་ངོ་བརྒྱ་སྟོང་མང་བོའི་ཕ་ས་སྣུམ་པོདང་ཁ་འབྲལ་དགོས་བྱུང་སྟེ། ཕྱུགས་གྲངས་ཆེས་ཉུང་དུ་ཕྱིན་ཞིང་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་འཚོ་གཞིས་ལ་འཇིགས་སྣང་ཚབས་ཆེན་སྐུལ་བཞིན་མཆིས།

རྨ་ཆུའི་འགོ་ཁུངས་ཀྱི་ལྟག་ཆུ་གསོ་ནུས་ཇེ་ཞན་དུ་གྱུར་ཏེ་རིམ་བཞིན་རྨ་ཆུའི་བཞུར་རྒྱུན་ཇེ་ཉུང་ལ་སོང་བས་ཐོག་མར་རྨ་ཆུའི་སྨད་རྒྱུད་ནས་བཞུར་རྒྱུན་ཆད་ཅིང་། 1998 ལོར་རྨ་ཆུའི་ཆུ་འགོ་ནས་ཐེངས་དང་བོའི་བཞུར་རྒྱུན་ཆད། མཚོ་དང་མཚེའུ་སྐམ་ཞིང་ཆུ་བོ་ཆེ་ཆུང་དུ་མའི་བཞུར་རྒྱུན་ཆད་པས་ཆར་ཆུ་འབབ་ཚད་ཀྱང་མངོན་གསལ་གྱིས་ཇེ་ཉུང་དུ་སོང་སྟེ། རྩྭ་སའི་རྩི་ཤིང་ལ་གཏོར་བརླག་ཐེབས་པ་དང་། ས་ངོས་ཀྱི་ས་རྒྱུ་བྱེ་མར་གྱུར་བའི་ཁར། བྱེ་རླུང་འཚུབ་མའི་ནམ་ཟླ་ཇེ་མང་དུ་གྱུར་ཏེ། རྨ་ཆུའི་མགོ་ཁུངས་ན་གནས་པའི་རྨ་སྟོད་ལ་ 1991 ལོའི་ཟླ་ 2-3 པའི་བར་ལོ་བརྒྱར་འཕྲད་མ་མྱོང་བའི་བྱེ་རླུང་འཚུབ་པས། སྒོ་ཕྱུགས་ཁྲི་ཚོ་ 5.47 ཤི་བ་དང་། འབྲོག་ཁྱིམ་ 65 ཡི་མི་ 325 ལ་གནས་ཡུལ་མེད་པར་གྱུར་ཞིང་། ཐད་ཀར་དཔལ་འབྱོར་གྱི་གུད་སྒོར་ཁྲི 1072.14  བཟོས་པ་ལྟ་བུ་རེད།

འདི་དག་ནི་ཟུར་མཚོན་ཙམ་སྟེ་མི་ཕྱུགས་གཉིས་ལ་འཐུང་ཆུ་ཆད་ཅིང་། སྔོ་ལྗང་རྩྭ་ཐང་ཡངས་པོ་ཨ་བྲའི་རུ་དཔུང་བསྟར་ས་དང་བྱེ་མའི་ཐང་ཆེན་དུ་འགྱུར་བཞིན་པའི་གནས་ཚུལ་བོད་ཁུལ་དུ་མ་མང་ན་མི་ཉུང་ངོ་།  །

གསུམ། ཆུ་སྲུང་སྐྱོབ་དང་གྲོན་ཆུང་བྱེད་དགོས་པའི་སྐོར་གླེང་བ།

ད་ལྟ་འཛམ་གླིང་སྤྱི་དང་ཁྱད་པར་དུ་ཤེས་རིག་དར་བའི་རྒྱལ་ཁབ་མང་བོ་ཞིག་གིས། ང་ཚོ་གནས་རྟེན་འཆའ་སའི་གོ་ལ་འདི་གཅིག་བུ་ལས་མེད་པ་དང་། གཅིག་ཡོད་པ་དེ་ཡང་མིའི་རིགས་ཁོ་ནས་སྒེར་གཅོད་བྱེད་མི་ཆོག་པ། དེ་ལས་ཀྱང་ད་ལྟའི་མི་རབས་གཅིག་གིས་ཟད་མཐར་གཏུགས་མི་རུང་བའི་ངེས་པ་རྙེད་དེ། སའི་གོ་ལའི་ཉིན་མོ་དང་། འཛམ་གླིང་ཡུལ་ཁམས་སྲུང་སྐྱོང་གི་ཉིན་མོ། སྐྱེ་དངོས་སྣ་མང་གི་ཉིན་མོ། ཆུའི་ཉིན་མོ་སོགས་ཀྱི་དུས་དྲན་དང་བྱ་འགུལ་མང་དུ་སྤེལ་དང་སྤེལ་བཞིན་ཡོད་ལ། ཆུ་གཅིག་བུའི་ཐད་ནས་བཤད་ནའང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཚོས་སྒོར་ཁྲི་ཡི་བཟོ་ལས་ཐོན་རྫས་ཀྱི་རིན་ཐང་གིས་ཆུ་མུའུ་རང་སུམ་སྒྱུར་ 100 རེ་ཟད་གྲོན་བྱེད་བཞིན་པ་དང་། བཟོ་ལས་ཐོག་ཏུ་བཀོལ་ཟིན་པའི་ཆུ་ཡང་བསྐྱར་བཀོལ་ཚད་ 75% 85% ཡིན་པར་བཤད། གཞན་ཡང་སའི་གོ་ལའི་གླིང་སྣེ་དག་གི་འཁྱགས་རོམ་དང། ཟླ་བའི་གོ་ལ་སོགས་གོ་ལ་གཞན་དག་ནས་ཀྱང་འཁྱགས་རོམ་དང་ཆུ་བཙལ་ཏེ་མ་འོངས་འཚོ་སྡོད་ཀྱི་ཐད་ལ་འབད་བརྩོན་དྲག་པོ་བྱེད་བཞིན་པའི་སྒང་རེད། དེས་ན་ང་ཚོ་ཡང་སའི་གོ་ལའི་གྲུ་ཟུར་ཞིག་ཏུ་སྨྲ་ཤེས་དོན་གོ་བ་མིའི་རིགས་སུ་སྐྱེས་པ་དང་། དེ་ལས་ཀྱང་སེམས་ཅན་ཐམས་ཅད་ཀྱི་བདེ་སྡུག་ལ་མནོ་བསམ་གཏོང་མཁན་ཞིག་ཡིན་པར་བརྗོད་བཞིན་པའི་ཆ་ནས་བསམ་ན། རང་བྱུང་ཁམས་ཆེན་པོར་གཅེས་སྐྱོང་དང་དྭངས་གཙང་ཡན་ལག་བརྒྱད་ལྡན་གྱི་ཆུ་ལ་གྲོན་ཆུང་བྱེད་རྒྱུ་ནི་མ་བགོས་ཕྲག་བབ་ཀྱི་འོས་འགན་བཤོལ་དུ་མི་རུང་བ་ཞིག་ལོས་ཡིན།

ངས་ཚན་རྩལ་ཚགས་པར་ཞིག་ལས་ཆུའི་སྐོར་གྱི་གཏམ་གླེང་འདི་འདྲ་ཞིག་བཀླགས་མྱོང་སྟེ།   “གལ་ཏེ་རང་འབབ་ཆུ་སྒོ་ལས་སྐར་ཆ་རེར་ཆུ་ཐིགས་པ་གཅིག་རེ་འཛར་བ་ཡིན་ན།  སྐར་མ་ 35 ཡི་ནང་དུ་ཧོའོ་ཧྲེང་ 240 ཅན་གྱི་འཇལ་ཕོར་བཀང་ཐུབ།   འདི་ལྟར་ན་ལོ་གཅིག་གི་ནང་དུ་ཆུ་ཏུན་ 36 ཆུད་ཟོས་སུ་འགྲོ།   གལ་ཏེ་ཁྱོད་ཀྱིས་ཆུ་འབབ་ཀ་ལའི་གཅུས་མ་དམ་ན།  ཞག་མ་གཅིག་ལ་བཞུར་སོང་བའི་ཆུ་ནི་གླིང་ཆེན་ཧྥེ་རི་ཁའམ་ཡང་ན་གླིང་ཆེན་ཨ་ཤེ་ཡའི་ཆུ་དཀོན་པའི་ས་ཁུལ་གྱི་སྡེ་བ་གཅིག་གི་གཞིས་དམངས་ཡོངས་ཀྱི་ཉིན་གཅིག་གི་འཐུང་ཆུ་ཡིན” ཟེར།  ཅི་འདྲའི་མི་སེམས་སྒུལ་བའི་སྐད་ཆ་ཞིག་དང་དྲན་ཤེས་བསྟེན་དགོས་པའི་ཅོང་སྒྲ་ཞིག་རེད་ཨང་།

ཆུ་བོ་གྲངས་མེད་ཀྱི་འགོ་ཁུངས་ན་ཤ་ཁྲག་རུས་པས་འབྲེལ་བའི་བོད་མི་རིགས་སྤུན་ཟླ་རྣམ་པ་ལགས།   འདི་ལྟར་ངས་ཆུའི་ཕན་འབྲས་དང་།   ཆུའི་ཕམ་ཉེས།   གཞན་དག་གིས་ཆུ་ལ་གཅེས་སྐྱོང་དང་གྲོན་ཆུང་བྱེད་བཞིན་པའི་གཏམ་གླེང་ཐུང་ངུ་ཞིག་གང་ཤེས་ཅི་ནུས་ཀྱིས་ཆེད་དུ་སྙན་སྒྲོན་བྱེད་དོན།    ང་ཚོས་ཀྱང་ཉི་མ་དེ་རིང་ནས་འགོ་བརྩམས་ཏེ།    སློབ་གྲྭ་ཁག་ཏུ་ཡུལ་ཁམས་སྲུང་སྐྱོང་གི་ཤེས་བྱར་འགྲན་བསྡུར་བྱ་དགའི་འདུ་ཚོགས་བསྡུ་བ།   དགོན་སྡེ་ཁག་ལ་ལྷ་ཀླུ་མཉེས་པའི་བསང་མཆོད་དང་མཚོ་གཏེར་འབུལ་དུ་འཇུག་པ།    དད་ལྡན་ཕོ་མོར་ཤ་ཁྲག་གིས་མཚོ་དང་ཆུ་བོ་སྦགས་ན་ཉེས་པ་ཆེ་ཞིང་ཆུ་མིག་དང་ས་བཙན་སར་ས་རྐོ་རྡོ་སློག་བྱས་ན་ཡན་ལག་ཞ་འཁུམ་སོགས་ཀྱི་སྡུག་བསྔལ་རང་སྟེང་དུ་འོང་བའི་བསླབ་སྟོན་བྱེད་པ།    སྤྱི་ཚོགས་ཡོངས་ལ་”ང་ནས་འགོ་ཚུགས་པ་དང་།   ངའི་འཁྲིས་ནས་བྱེད་འགོ་ཚུགས་ཏེ་སྐྱེ་དངོས་ཡོད་དོ་ཅོག་ལ་གཅེས་ས་སྤྲས་བྱ་དགོས་”པའི་སྐུལ་སློང་ནན་མོ་ཆོས་སྲིད་གཉིས་ཆར་ནས་གཏོང་བ།   གད་སྙིགས་སར་སྦས་དང་ཆུ་བོར་བཙོག་གྲིབ་མི་ཕོག་པའི་བྱེད་ཐབས་ལ་བརྩོན་པ།   ཡུལ་ཁམས་སྲུང་སྐྱོབ་སྐོར་གྱི་ཁྲིམས་ལུགས་འཛུགས་སྤེལ།    སྐྱེ་ཁམས་སླུང་སྐྱོབ་དང་ཆུའི་ཕན་འབྲས་ངོ་སྤྲོད།   སྦགས་བཙོག་བཅོས་སྐྱོང་དང་དྲིལ་བསྒྲགས་སློབ་གསོ་དག་ལ།   འབྲེལ་ཡོད་ལས་ཁུངས་དང་།   ཤེས་ལྡན་མི་སྣ།   བླ་སེར་གྲགས་སྙན་ཅན་དང་རྒན་བགྲེས་ཉམས་མྱོང་ཅན་ཚོས་མཐུན་སྒྲིལ་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ།   དུས་རབས་འདིར་བདེ་སྐྱིད་ལྡན་པ་ཞིག་དང་།   ཕྱི་རབས་པར་འཚོ་རྟེན་ཡོད་ཞིག   འགྲོ་བ་མིའི་རིགས་ལ་འཇིགས་སྐྲག་མེད་པ་ཞིག་དང་དབུགས་ལྡན་སྐྱེ་འགྲོ་ཡོངས་ལ་སྐོམ་གདུང་གི་སྡུག་བསྔལ་མེད་པ་ཞིག་ཏུ་འབད་པར་འཚལ་ལོ་ཞེས་ལྷོག་ལྷོག་སྙིང་ཁུང་ནས་བརྡོལ་བའི་རེ་སྨོན་མཐོན་པོ་འདི་ཤེད་ཀྱིས་ཞུས་པ་ལགས་སོ། །