ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

ཆུ་གཙང་བོར་གསེར་ཟམ་སུམ་སྒྲིག་འཐེན།  

 

སྔོན་བསྐལ་བ་ཡག་གི་དུས་ཚོད་ལ།  །

བོད་གངས་ལྗོངས་དག་པའི་ཞིང་ཁམས་ཡིན།  །

ཤྭ་དགོ་བ་བརྒྱ་གཤར་སྟོང་གཤར་ཡིན། །

སྟག་དོམ་དྲེད་སོས་དལ་བག་ཕེབས་ཡིན།  །

 

ཆུ་གཙང་བོ་ཡན་ལག་བརྒྱད་ལྡན་ཡིན།  །

རི་མཐོན་པོ་གསེར་ཟངས་གཏེར་རྫོང་ཡིན།  །

རྩྭ་རྩི་ཤིང་རང་དབང་རང་སྐྱེ་ཡིན། །

ཡུལ་གཞི་བདག་སྡོང་གྲོགས་གཡེལ་མེད་ཡིན།  །

 

དུས་ད་ལྟ་བསྐལ་བ་མར་འགྲུབ་རེད།  །

བོད་མགོ་ནག་བསམ་བློ་ཇེ་རྩོག་རེད། །

ནགས་རྒྱ་རྫོང་ཕྱུག་མོ་རྩད་ནས་རྫོགས།  །

ཆུ་རྨ་འབྲུ་རྫ་གསུམ་སྙིགས་མས་སྦགས།  །

 

སྟོད་གཅན་གཟན་རི་དྭགས་མདའ་ཡིས་བསད།  །

བར་འདབ་ཆགས་ཁྲི་འབུམ་དུག་གིས་བཀུམ།  །

སྨད་མཚོ་རྒན་ཕྱུག་མོ་གཤང་ལྕིས་བརྫད།  །

དགོང་དཀར་ཕྱོགས་ལྷ་ཚོགས་འཁོར་དབང་མེད། །

 

ས་ཆེན་པོ་འདར་ནས་གྲོང་ཁྱེར་ཚར། །

མཚོ་ཆེན་པོ་འཕྱུར་ནས་མི་ཚོགས་ཁྱེར།  །

རླུང་འཚུབ་མ་གཡུག་ནས་སྣོད་བཅུད་ཕྱགས།  །

འདིའི་ལེ་ལན་མགོ་ནག་མི་ལ་ཐུག  །

 

ལས་རྒྱུ་འབྲས་མ་བསྣོགས་མགོ་ནག་བོད།   །

རྩྭ་རྩི་ཤིང་མ་གཅོད་མགོ་ནག་བོད། །

རི་ལུང་བ་མ་འབྲུ་མགོ་ནག་བོད།  །

སྟག་སེང་དོམ་ཤྭ་དགོ་ཚེ་ཐར་གྱིས།  །

 

ཆུ་གཙང་བོར་གསེར་ཟམ་སུམ་སྒྲིག་འཐེན།  །

རི་ལུང་བར་ཉིང་གཏེར་བུམ་པ་ཞོག  །

ས་ཆེན་པོར་ཡུལ་ཁྲུས་ཆོ་ག་གསུངས།  །

ཕྱིའི་ཁོར་ཡུག་གཙང་དག་ཡང་དག་གྱིས།  །

 

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།