ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

ངེས་དོན་ཆོས་ཀྱི་རྒྱལ་བོ།

ལྷུན་གྲུབ་དཔལ་སྟུག་ཞིང་ལས་གཡོ་མེད་འཕྲིན་ལས་འཇིག་རྟེན་ཀུན་ལ་འཇུག །

ཚད་མེད་བརྩེ་བའི་གཞན་དབང་ལ་སོང་ལུང་རྟོགས་བསྟན་པའི་གསོས་སུ་བཞེངས།།

བློ་ཆེན་རྒྱལ་བའི་གདུང་འཚོབ་གཅིག་བུ་སྐལ་བཟང་བྱེ་བའི་ས་མཁན་མཆོག །

མཁས་གྲུབ་རྒྱ་མཚོའི་ཏོག་ཏུ་ཉེར་མཛེས་ཁྱབ་བདག་དང་བོའི་མགོན་པོ་རྒྱལ ། །

 

ཆེར་སྙིགས་མུན་པའི་མྱ་ངན་འཁོར་བའི་བྱང་རྒྱུད་ཁ་བའི་འཇིག་རྟེན་ན ། །

ལྟར་སྣང་ལྟ་བའི་རུ་དཔུང་རབ་འཛིངས་ནག་ཕྱོགས་རླུང་རྟ་དར་དྲགས་ཚེ། །

གསང་གསུམ་འོད་དཀར་གཅིག་ཏུ་བཟླུམས་པའི་ངེས་དོན་ཆོས་ཀྱི་རྒྱལ་བོ་མཆོག །

ཡང་དར་བསྟན་པའི་སྲོག་ཤིང་ལ་བཞེངས་ཟབ་རྒྱས་ཆོས་འཁོར་བསྐོར་བ་དྲན ། །

 

འདོད་ཡོན་སྒེག་མོའི་འགྲམ་ཆང་གིས་བསླུས་སྐྱེ་བར་སྒྲོ་བཏགས་ཆེན་པོ་འགའ ། །

ལན་ཆགས་ཕྲུ་གུའི་འཁོར་ཚོགས་དབུས་ན་ཐབས་ཆག་གཞི་བདག་ལ་བརྫུས་ཀྱང་ ། །

དུས་དང་ཚུལ་བསྟན་གང་ལའང་མི་དགྱེས་དགེ་སྦྱོང་གཙང་མའི་རྣམ་ཐར་གྱིས ། །

དགེ་ལྡན་ལུཊ་བཟང་ཕྱོཊ་མཐར་སྦེལ་མཁས་གངས་ལྗོངས་ཚད་མའི་སྟོན་པ་དྲན། །

 

གཞི་ལམ་འབྲས་གསུམ་རྣམ་བཞག་ལྟ་ཅི་སྐྱབས་འགྲོའི་སྒྲ་བཤད་ལ་རྨོངས་ཀྱང་ ། །

མདོག་དང་ཆས་ཀྱིས་གྲུབ་མཐའ་རྩོད་རྣམས་བསྟན་པའི་རྒྱན་དུ་མ་གྱུར་མོད །།

མདོ་རྒྱུད་ཆོས་ཀྱི་གྲུ་ཆར་སྙོམས་པོ་རིས་མེད་འགྲོ་ལ་ཉེར་བསྩལ་བས། །

རྒྱལ་བསྟན་འདེགས་པའི་ཀ་བར་འགྱིངས་ཁྱོད་ཟད་མེད་ནོར་བུའི་ཁམས་ལས་གྲུབ།།

 

ཀུན་མཁྱེན་བླ་མའི་ཐུགས་བསྐྱེད་འཁྱིལ་བ་བྱང་རྒྱུད་ཆོས་ཀྱི་དགའ་ཚལ་ནས། །

གདམས་ངག་བྱེ་བའི་བསུང་ཞིམ་ཁུར་བའི་སྔོན་མེད་གསེར་གྱི་བུང་བ་ཁྱོད། །

ཤེལ་ལོང་སྨན་གཞུང་བཅུད་དུ་བབས་ཤིང་དགེ་འདུན་ལི་ཁྲིའི་ཆུ་གཏེར་བསྐྱིལ། །

དད་དམ་གཙང་བའི་མཐའ་ཀླས་སྐྱེ་འགྲོ་ཆ་བསགས་གྲོང་གི་མགྲོན་དུ་བསྒྱུར།  །

 

ནག་ཕྱོགས་བདུད་སྡེའི་མཆེ་བར་ལས་ཤོར་གངས་དཀར་ས་ལའི་སྨན་ལྗོངས་འདི ། །

འཕྲིན་ལས་ཉི་མའི་འོད་ཀྱིས་བསྲུངས་ཤིང་རྫོགས་ལྡན་དཔལ་གྱིས་ཁྱབ་བྱས་པས ། །

སྣ་ཚོགས་གྲུབ་མཐའ་ཕྱོགས་སུ་མ་ལྷུང་རིས་མེད་འགྲོ་བའི་སེམས་སྟེགས་ན ། །

ཡལ་མེད་གཡུང་དྲུང་གཤིས་སུ་གྲུབ་ཤིང་བསླུ་མེད་སྐྱབས་ཀྱི་དང་མར་རྟོགས། །

 

གུར་ཀུམ་གསར་བའི་གཟི་འོད་འཕྲོག་པའི་གསུང་སྐྱེས་སློབ་བུས་ས་ཆེན་དཀྲིགས། །

ཞི་བསིལ་ལུང་རྟོགས་བསྟན་པའི་གསོས་སུ་བཤད་སྒྲུབ་གཡུ་འབྲུག་སྒྲ་ཆེན་བསྒྲཊ། །

པུར་རྒྱལ་ཆོས་སྲིད་འཕྲིན་ལས་ཡར་དར་བདེ་དགེའི་ཕྱྭ་གཡང་ལྷུན་ཆགས་ཚེ ། །

མཆོག་གི་ཐུགས་བསྐྱེད་ཞིང་གཞན་ལ་གཏད་མྱ་ངན་མུན་པས་ལྗོངས་འདི་བཟུང་ ། །

 

ཟད་མེད་བརྩེ་ཆེན་འོད་སྣང་དྲན་ཚེ་ལྷན་སྐྱེས་ཤ་རུས་འཐོར་ལ་ཁད ། །

ཟབ་བརླིང་ཆོས་ཀྱི་དགའ་སྟོན་དྲན་ཚེ་དབང་ལྔའི་ཚོར་འདུ་ཉམས་ལ་ཁད ། །

དྲན་པའི་གཞུ་མོ་ནང་དུ་བཀུག་ཚེ་ཚུལ་འདི་སོ་སྐྱེས་རང་གཤིས་ཙམ ། །

གདམས་ངག་དྲོལ་ཁོལ་སྙིང་ལ་སྒོམ་བཞིན་ཅི་ནུས་མཛད་རྗེས་སྐྱོང་རེ་རན ། །

 

རྒྱལ་ཀུན་སྒྱུ་འཕྲུལ་འགྱུ་བའི་རོལ་གར་ཚུར་མཐོང་བློ་ངོར་ཤོར་མིན་པས ། །

གནག་རྫིའི་བུ་བཞིན་མྱ་ངན་ཀློང་ན་མགོ་བྲང་རྡུང་འདི་དོན་རེ་ཆུང་ ། །

གཟུཊ་སྐུ་འོད་ཀྱི་གོང་བུར་གྱུར་ཀྱང་གསུང་གསང་ལེགས་བཤད་རིན་ཆེན་བཞུཊ། །

ཐོས་བསམ་སྒོམ་པའི་ཐེམ་སྐས་ལ་བརྟེན་རིགས་ལྡན་གྲོང་དུ་ཆས་ཏེ་འགྲོ ། །

 

ལྔ་ལྡན་ཞིང་གིས་ཐུགས་ཡིད་མ་འཕྲོག་ཉམ་ཐག་འགྲོ་བའི་མགོན་དུ་བྱོན། །

ངོ་མཚར་ལུང་སྐུ་བདག་གིར་མ་བཞེས་ཡང་སྤྲུལ་ཉི་གཞོན་ཟེར་ཞགས་སྤྲོས། །

དད་གདུང་གསོལ་འདེབས་བྲག་ཅར་མ་འཇོག་བརྩེ་ཆེན་སྤྱན་གྱིས་གཡེལ་མེད་གཟིགས། །

བླ་སློབ་མཉམ་འཛོམས་སྐལ་བཟང་སྩོལ་ཅིག་མཆོག་གསུམ་འདུས་ཞལ་སྐྱབས་གཅིག་རྗེ ། །

ཅེས་སྐྱབས་རྗེ་དཔལ་ལྡན་བླ་མ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོའི་རྗེས་དྲན་དུ་གུས་སློབ་ལྡོང་ཡོན་ཏན་རྒྱ་མཚོས་བྲིས།

 

 

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།