ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

གསུང་གི་བདུད་རྩི་མྱངས་པའི་རེག་ཟིག

ང་ཚོ་ཆོས་ལྡན་བོད་ཀྱི་འཚེ་མེད་ཞི་བའི་ཆོས་ལུགས་ཉམས་སུ་ལེན་པ་བོ་ཞིག་ཡིན་པའི་ཆ་ནས་བརྗོད་ན།  གྲུབ་མཐའ་ནང་ཕན་ཚུན་ལ་ཕྱོགས་སུ་མ་ལྷུང་བའི་མཐུན་ལམ་ཡོད་དགོས་པར་མ་ཟད།  ཆོས་ལུགས་གཞན་དག་ལ་དད་པ་བྱེད་མཁན་དང་།   ཆོས་ལུགས་གང་ལའང་མི་དད་མཁན་ཚོར་ཡང་མཐུན་པོ་དང་ཉེ་བོ་བྱེད་དགོས་ཏེ།  རང་རེའི་ཆོས་བརྒྱུད་འདིའི་འགོ་ཁུངས་རྒྱ་གར་འཕགས་པའི་ཡུལ་ལ་མཚོན་ནའང་།   ཆེས་གནའ་བོའི་དུས་ནས་ད་བར་དུ་གྲངས་ཅན་པ་དང་།  གཅེར་བུ་བ།  རྒྱང་འཕེན་པ།   རིག་པ་ཅན་པ།  བྱེ་བྲག་པ།   ནང་བ་བ།   ཧིན་དུ། རྗེན། སི་ཁ།   ཡེ་ཤུ།  ཁ་ཆེ།  སྤར་སི་

སོགས་གཞི་ལམ་འབྲས་གསུམ་གྱི་སྟེང་ནས་ཐ་དད་དང་སོ་སོར་གྱུར་བ་མང་བོ་ཞིག་བྱུང་ཡང་།   ཆོས་ལུགས་པ་འདྲ་མིན་དེ་དག་གིས་རང་རང་གི་ལུགས་ཀྱི་ཆོས་དེ་འཆད་ཉན་དང་སྒོམ་སྒྲུབ་བྱེད་པ་དང་ཆབས་ཅིག་ཆོས་ལུགས་ཕན་ཚུན་བར་བརྩི་བཀུར་དང་གདེངས་འཇོག་ཚད་མཐོན་པོ་བྱེད་ལ།  ཆོས་ལུགས་པ་ཚོས་ཀྱང་ཕན་ཚུན་བར་མཛའ་བརྩེ་དང་མཐུན་སྒྲིལ་གྱི་ལུགས་སྲོལ་བཟང་བོ་རྒྱུན་འཁྱོངས་བྱས་པས།  ཆོས་དད་རང་མོས་ཀྱི་ཐོབ་ཐང་ཆ་ཚང་ཡོད་པའི་ཁོར་ཡུག་བཟང་བོ་ཞིག་ངང་གིས་ཆགས་ཤིང་།   ཐུན་མོང་གི་མི་རིགས་དང་ཐུན་མོང་གི་རྒྱལ་ཁབ་ལ་ཕྱག་རྗེས་འཇོག་མཁན་དང་།  ཐུན་མོང་གི་དགའ་ཞེན་དང་ཐུན་མོང་གི་ལས་དབང་ལ་སྟོབས་ཤུགས་འབུལ་མཁན་མང་བོ་ཡང་ཟམ་མི་ཆད་པར་བྱུང་བས་འཛམ་གླིང་གི་མིག་དཔེར་འོས་པའི་གཞན་ཕན་ཤེས་རིག་དར་བའི་རྒྱལ་ཁབ་ཅིག་ཏུ་གྱུར་ལ།  ད་ལྟ་རིགས་དང་ཁ་དོག་གིས་ཕྱེས་པའི་འཛམ་གླིང་གི་ས་ཁུལ་མང་བོར།  འཚེ་མེད་ཞི་བའི་ཐབས་ལམ་ལ་དོ་སྣང་དང་བརྩོན་པ་བསྐྱེད་པའི་རླབས་རྒྱུན་ཞིག་མཐོ་ནས་མཐོ་རུ་འཕྱུར་བཞིན་པའང་ཁོང་ཚོས་འཇིག་རྟེན་ཁམས་ལ་ཕུལ་བའི་ལེགས་སྐྱེས་ཆེན་པོ་ཞིག་རེད།  དེའི་ཕྱིར་རང་ཅག་གི་མེས་པོ་མཁྱེན་དཔྱོད་ཅན་ཚོས་སྐུ་དང་སྲོག་ལ་མ་མཛེམ་པར་གདན་དྲངས་ཡོང་བ་སྟོབས་ལྡན་མི་རིགས་ཤིག་གིས་ཡོད་ཚད་ཀྱིས་བསྐྱེད་བསྲིངས་བྱས་པའི་ངེས་དོན་འཚེ་བྲལ་གྱི་ནོར་བུ་དེ་ཕྱོགས་ལྷུང་དང་འཁྲུག་རྩོད་ཀྱི་ཚོང་ཟོང་དུ་འགྲེམ་མཁན་ཚོ་ཀླད་མེད་ཅོལ་ཆུང་འབའ་ཞིག་ལས་གཞན་ཅི་ཡང་མིན།

ལས་ཀྱི་གཞན་དབང་དུ་གྱུར་བའི་ཁོར་ཡུག་ཅིག་ན་བདེ་སྡུག་དང་བཙན་གཉོམ།  དར་རྒུད་དང་འགལ་འདུ་སོགས་མང་དུ་འབྱུང་བ་ནི་འཁོར་བ་ཐོག་མེད་དང་ལས་འབྲས་བསླུ་མེད་དུ་ངེས་པ་རྙེད་པའི་ཆོས་ལུགས་པ་ཤིག་ལ་མཚོན་ན་ཧ་ཅང་བསམ་ཐུབ་པ་དང་ངེས་པར་དུ་དང་ལེན་བྱེད་དགོས་པའི་དོན་དག་ཅིག་རེད།  ཕྱི་ནང་གི་འགལ་རྐྱེན་དང་དགྲ་བགེགས་ཅི་ཙམ་མང་བ་དེ་ཙམ་གྱིས་བཟོད་སྒོམ་དང་བྱམས་སེམས་བསྐྱེད་ཐུབ་པ་ཡིན་ན།   ཕྱོགས་ལས་རྣམ་རྒྱལ་གྱི་གོ་འཕང་རང་ལག་ན་ཡོད་ཅིང་།  ཁམས་གསུམ་དབང་སྡུད་ཀྱི་ལྕགས་ཀྱུའང་དགོས་འདོད་དུ་འབྱུང་ངེས།  དེའི་ཕྱིར་ཁྱིམ་མཚེས་གཡས་གཡོན་དང་རུ་སྡེ་ཕན་ཚུན།   ཤར་ནུབ་མི་རིགས་ཀྱི་འགལ་བ་ཙམ་ལ་སྙིང་ནས་མི་དགའ་བ་དང་འཁོན་འཛིན་མེད་པར།   ཁོ་ཚོའི་ནོར་འཁྲུལ་སེལ་རོགས་དང་རང་གཅེས་ཀྱི་བསམ་བློའི་མཇུག་འབྲས་ངོ་མ་གསལ་བཤད་བྱེད་ཐུབ་པ་ཡིན་ན།   འདས་པའི་མི་ལོ་སྟོང་ཕྲག་མང་བོར་རང་རང་གི་ས་ནས་འཆམ་མཐུན་དང་རྩོད་མེད་ཀྱི་འཚོ་བ་རོལ་བ་བཞིན།  མ་འོངས་པར་ཡང་གཅིག་གྲོགས་གཅིག་ཕན་དང་འཛའ་བརྩེའི་གསེར་སྐུད་དམ་ནས་དམ་དུ་འགྲོ་ངེས་ལ།   ཞི་བདེ་བག་ཕེབས་དང་།   འདྲ་མཉམ་བདེ་སྐྱིད་ཀྱི་འཚོ་བ་ངོ་མ་ཞིག་ཀྱང་ལོངས་སུ་སྤྱོད་ཐུབ་ངེས།

སྲིད་ན་དཀོན་ཞིང་ཕན་རླབས་ཆེ་བའི་ནང་བསྟན་ཆོས་ལུགས་འདི།   མི་སྒེར་རམ་སྡེ་ཁག་གཅིག་གཉིས་ཙམ་གྱི་འདོད་བློ་དང་དགོས་མཁོར་དམིགས་ཏེ་རྩ་མེད་དུ་བཏང་བ་ཡིན་ན།  དེ་ནི་བོད་མི་ས་ཡ་དྲུག་གམ་ནང་བསྟན་ཆོས་ལུགས་ལ་དད་པའི་མི་གྲངས་དུང་ཕྱུར་གསུམ་ལྷག་གི་གྱོང་གུད་ཙམ་མ་ཡིན་པར།   ས་ཆེན་པོའི་ཁྱོན་ན་གནས་པའི་མིའི་རིགས་ཐམས་ཅད་དང་། བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པའི་དབུགས་ལྡན་སྐྱེ་འགྲོ་ཡོད་དོ་ཅོག་གི་གྱོང་གུད་དང་ཕན་ཁ་ཞིག་ཡིན་པ་ནི་བདེན་དོན་གྱིས་གནང་བའི་བསྒྲགས་གཏམ་ཉག་གཅིག་ལགས།  ཆོས་ལུགས་གཞན་ལའང་རིགས་འདྲ།

ཆོས་ལུགས་མཁོ་མི་མཁོ་དང་དེ་ལ་དགེ་མཚན་ཡོད་མེད་རྩོད་པ་བྱས་ཏེ་ཐག་གཅོད་དགོས་པ་ཞིག་མ་ཡིན་པར། འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་བབས།   མ་འོངས་པའི་ཁ་ཕྱོགས་ཏེ་མདོར་ན་སྤྱི་ཚོགས་འཚོ་བའི་ངོས་ནས་ཁ་གསལ་མཐིལ་རྟོགས་ཀྱིས་སྤྱི་བསྡོམས་བྱས་དང་བྱེད་བཞིན་ཡོད།  དེའི་ཕྱིར་སུ་དང་གང་ཞིག་ཡིན་ཡང་རི་བོང་གནམ་སྡིབ་ཀྱི་བརྟུལ་ཞུགས་བསྐྱངས་དགོས་དོན་མི་འདུག་སྟེ།   ལོག་རྟོག་པ་རེ་འགའ་བྱུང་བའམ་དགོན་སྡེ་ཁ་ཤས་ཀྱི་སྒོ་བརྒྱབ་པ།  སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་ཁར་ཁེར་མེད་པར་བྱས་པ་ཙམ་གྱིས་སངས་རྒྱས་ཆོས་ལུགས་བསྣུབས་པ་མིན་ལ་དེ་ལྟར་བསྣུབས་ཚུལ་ཡང་མེད་པ་ཚད་མའི་སྐྱེས་བུ་བཅོམ་ལྡན་འདས་ཀྱིས་སྔ་མོ་སྔ་མོ་ནས་གསུངས་ཟིན།

ཆོས་ལུགས་ལ་དད་མིན་དེ་རང་སྒེར་གྱི་དོན་དག་ཅིག་ཡིན་པས་ངེས་པར་དུ་རང་དབང་ཡོད་དགོས་པ་ཞིག་རེད།  ལྷག་པར་དུ་སངས་རྒྱས་ཆོས་གཞུང་རྣམས་སུ་བསྟན་པ་ལ་འཇུག་པའི་སྒོ་སྐྱབས་འགྲོ་ཡིན་གསུངས་པ་དེས་རང་དབང་ངོ་མ་ཞིག་མཚོན་གྱི་ཡོད།  གནས་ལུགས་ཁས་ལེན་ཞིང་ཕུགས་རྒྱང་རིང་བོ་མཐོང་བའི་རྒྱལ་ཁབ་རྣམས་ཀྱིས་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཤིག་གཏན་འབེབ་བྱེད་དགོས་པ་ནི་ཆོས་ལུགས་པ་ཁོ་ནའི་ཆེད་དུ་མ་ཡིན་པར་བདེན་དོན་གྱི་ཆེད་དུ་ཡིན།  ཆོས་ལུགས་པ་ཡིན་མིན་དེ་ཡང་ལག་འཁྱེར་ཡོད་མེད་ཙམ་གྱིས་ཐག་གཅོད་ཐབས་མེད་ལ།   ཆོས་བྱེད་དགེ་འདུན་པར་བསྙེན་བཀུར་དང་དགོན་སྡེ་ཁག་ལ་མཆོད་འབུལ་བྱེད་མིན་དེ་ཡང་སྒྲིག་སྲོལ་དང་ཆོག་མཆན་ཙམ་གྱིས་ཐག་གཅོད་བྱེད་དགོས་པ་ཞིག་ཡིན་ན། ཁོར་ཡུག་དེར་ཆོས་ལུགས་དད་མོས་རང་དབང་ཞེས་པ་རྩ་བ་ནས་གླེང་རིན་མེད་པར་གྱུར་བ་རེད།  ཆོས་ལུགས་མི་སྣ་གཙོ་གྲས་ཀྱིས་ཆོས་ཀྱི་བྱེད་སྒོ་སྤེལ་བ་དང་ཆོས་དད་མང་ཚོགས་ཀྱིས་རང་གི་འདོད་མོས་ཀྱི་ཆོས་ཞུ་བ་ལ་སྐྱོན་འཛུགས་དང་བཀག་འགོག་བྱེད་མཁན་ཚོ་གནས་ལུགས་དང་ཁྲིམས་ལུགས་གཉིས་ཀ་ལས་འགལ་ཟིན་པ་བསྙོན་དུ་མེད་པས།   སུ་ཞིག་གིས་ཁྲིམས་འགལ་བ་ཁོ་ཚོའི་འདོད་པ་དང་བསྟུན་པ་ཡིན་ན་དེས་ཀྱང་རང་དབང་ལ་དོན་གྱིས་རྒོལ་བཞིན་ཡོད།

ཆོས་ལུགས་གང་ལ་མཚོན་ནའང་།   དུ་ཆང་བག་མེད་དུ་སྤྱོད་པ་དང་རྒྱན་རྩེད་སྣ་ཚོགས་ལ་རོལ་བ།   ནག་ཚོང་རྒྱག་པ།  རྫུན་བཤད་པ།  ལོག་པར་གཡེམ་པ།  ཕྲ་མ་བྱེད་པ།  རི་དྭགས་བརྔོན་པ།   གཞན་ཕན་གྱི་བསམ་བློ་མེད་པ། ཐུན་མོང་གི་ཁེ་དབང་ལ་གནོད་སྐྱོན་བཟོ་བ་སོགས་ནི་དགག་བྱ་དང་སྤང་བྱ་འབའ་ཞིག་ཡིན་པས།  སུ་ཞིག་དེ་ལས་ལྡོག་པ་ཡིན་ན་དེ་ཆོས་ལུགས་པ་ཞིག་ལྟ་ཅི།   ཐ་ན་ཡ་རབས་སྤྱོད་བཟང་གི་རང་གཤིས་ཡོད་པའི་མི་ཚད་ལྡན་ཞིག་ཀྱང་འཁྱོངས་མེད་པ་བླང་དོར་དབྱེ་འབྱེད་ཤེས་པའི་མིའི་རིགས་ཐུན་མོང་གི་ལྟ་ཚུལ་རེད།  གལ་ཏེ་གཞུང་སྒེར་གང་རུང་ཞིག་གིས་རང་གི་ཁེ་ཕན་ཙམ་ལ་དམིགས་ནས་གཞན་གྱི་མངའ་ཁོངས་དང་ཁོར་ཡུག་དུ་གོང་གསལ་སྤྱོད་ངན་གྱི་རིགས་མངོན་ལྐོག་ཅི་རིགས་ནས་སྤེལ་བ་ཡིན་ན།   ཆོས་ལུགས་པ་སུ་ཡིན་ཡང་དེ་ལ་བཟོད་སྒོམ་དང་ངོ་སོ་བསྟོད་དགོས་དོན་གཏན་ནས་མེད།

འདུལ་བ་ནི་ནམ་ཡང་འདུལ་བ་ཡིན་པས་འདུལ་བའི་བཅས་ཁྲིམས་ཕྲ་རགས་ཐམས་ཅད་སངས་རྒྱས་ཉག་གཅིག་ལ་དབང་།   དུས་དང་བསྟུན་ཏེ་འདུལ་བར་བཟོ་བཅོས་བྱེད་མི་རུང་ལ་དབང་ཤུགས་དང་རིགས་རུས་མཐོ་དམན་ལ་བལྟས་ནས་འདུལ་བས་ངོ་སོ་བསྟོད་རྒྱུ་ཡང་མེད།   ནང་བའི་གྲུབ་མཐའ་ཐམས་ཅད་ལ་འདུལ་བ་གཅིག་ལས་མེད་ཅིང་འདུལ་བའི་བཅས་ཁྲིམས་ཀྱང་གཅིག་མཐུན་གྱིས་སྲུང་དགོས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་སྨྲ་མེད་པ་ལགས།   དེའི་ཕྱིར་རྩ་བཞི་ཆང་སོགས་ཀྱི་ཉེས་པས་གོས་ཚེ།   བླ་མའི་མཚན་ཐོབ་ཡོད་ཀྱང་ཚངས་སྤྱོད་ངུར་སྨྲིག་གི་ཆོས་གོས་གསོལ་དབང་མེད་ལ།  མཁན་པོའི་ཆོ་ལོ་ཡོད་ཀྱང་ཁྲིམས་ལྡན་དགེ་འདུན་པའི་སྡེ་དཔུང་དུ་བཞུགས་དབང་མེད། བླ་མ་ཡིན་མིན་དང་མཁན་ཐོབ་ཡོད་མེད་དེ་དོན་དག་གཞན་ཞིག་རེད།  གཞན་ཡང་རིག་པ་སྤྱང་མདོག་སྟོན་རྒྱུར་དགའ་བ་ཁ་ཅིག་གིས།  དེང་རབས་ཀྱི་ལྕགས་རྟ་བསྐོར་བ་དང་འཕྲུལ་རྟ་ཞོན་པ།  སྣ་ཐ་འཐེན་པ་དང་དབྱར་རྩྭ་དགུན་འབུ་བརྐོ་བ་སོགས་མང་བོ་ཞིག་འདུལ་བར་མ་བཀག་པས་གྲྭ་བ་ཡིན་ཡང་འཛེམ་མེད་དུ་སྤྱོད་ཆོག་པར་བརྗོད་མོད།   ཁོ་ཚོས་ཆོས་འདུལ་བའི་བཅས་ཁྲིམས་ལས་གཞན་དགེ་འདུན་པའི་ནང་ཁྲིམས་དང་།   ཁྱིམ་པ་སུན་འབྱིན་གྱི་ཉེས་བྱས་ཞེས་པ་ཞིག་ཡོད་པར་བསམ་གཞིགས་གནང་མི་འདུག

མཉམ་མེད་ཤཱཀྱའི་རྒྱལ་བོའི་དགོངས་པ་ཡང་དག་པ་དེ་ཉིད་གྲ་མ་ཉམས་ཤིང་གྲུ་མ་ཞིག་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ནི་འཛམ་བུའི་གླིང་གི་སྤྱི་ནོར་ཞིག་རེད་ཅེས་ཤེས་ལྡན་པ་མང་བོས་གླེང་གིན་ཡོད་ལ།  གླེང་བ་ཙམ་མ་ཡིན་པར་ཕྱོགས་སྣ་ཚོགས་ནས་སྲུང་སྐྱོབ་དང་དར་སྤེལ་ལ་བྲེལ་བའི་སྣང་ཚུལ་འདིས་ང་ཚོ་བོད་མི་ཚོས་ཡང་སྙིང་ཅི་ཞིག་ཤེས་དགོས་པར་འདུག    ད་ལྟ་འཛམ་གླིང་རྒྱལ་ཁབ་མང་བོའི་གཞུང་དང་གྲོས་ཚོགས་ཁག    གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་བློ་གཟུ་བོར་གནས་པའི་ཆོས་ལུགས་པ་གཞན་དག    ཆབ་སྲིད་པ་དང་སྤྱི་ཚོགས་ཞབས་ཞུ་བ།  ཤེས་ཡོན་ཅན་གྱི་མི་སྣ་དང་ཁྲིམས་དོན་མཁས་པ།   ལོ་རྒྱུས་སྨྲ་བ་དང་རྩོམ་པ་བོ།  ཐ་ན་ཆེས་སྤྱིར་བཏང་གི་མི་སྒེར་མང་བོས་ཀྱང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཡུན་གནས་དང་འཕེལ་རྒྱས་ཀྱི་ཆེད་དུ་རྒྱུ་ཚེགས་གཉིས་ཀ་ཕངས་མེད་དུ་གཏོང་བཞིན་པ་འདིས་ང་ཚོ་ང་རྒྱལ་སྐྱེ་ཆོག་པ་ཞིག་ཡོད་ལ་ངོ་གནོང་བ་དགོས་པ་ཞིག་ཀྱང་འདུག   རྒྱུ་མཚན་ནི་ཕྱོགས་གཅིག་ནས་ཁོ་ཚོའི་བླ་མེད་ཀྱི་རོགས་རམ་དང་ཚད་མེད་ཀྱི་ཐུགས་ཁུར་དེས་ང་ཚོའི་རང་ནོར་གྱི་གཞལ་མཐའ་བྲལ་བའི་རིན་ཐང་རྟོགས་པར་བྱས་ཤིང་།   ཕྱོགས་གཞན་ཞིག་ནས་ང་ཚོ་ཕ་མེས་ཀྱི་ཤུལ་བཞག་ནོར་བུ་གཞན་ལ་བཙོང་མཁན་གྱི་སྡར་མ་ཤ་སྟག་ཏུ་འགྱུར་ཉེན་ཆེ་བ་དེ་རེད།    ང་ཚོས་གསལ་བོར་ཤེས་དགོས་པ་ཞིག་ནི།   གཞན་དག་གིས་བོད་བརྒྱུད་ནང་བསྟན་ལ་འབད་ཅིང་བརྩོན་པ་ནི་ལེགས་ཕྱོགས་ནས་བརྗོད་ན་འཛམ་གླིང་སྤྱི་ནོར་གྱི་ཆེད་དུ་ཡིན་པ་ལས་བོད་མི་གཅིག་བུའི་ཁེ་ཕན་གྱི་དོན་དུ་གཏན་ནས་ཡིན་མི་སྲིད།   བསམ་ཚུལ་འདིར་གུ་དོག་གི་སྐྱོན་དང་མི་ལྡནཏེ།   ང་ཚོས་ཟད་མེད་ཀྱི་གཏེར་སྒོ་ཕྱེས་ན་འོས་པ་ལས་རང་ཉིད་ཀྱི་ཨམ་ཕྲག་སྟོང་བར་བཏང་ན་ག་ལ་འགྲིག

དུས་ཚོད་ཆུ་བཞིན་བཞུར་ལ་འཇིག་རྟེན་སོས་སྤྲིན་ལྟར་འགྱུར་གྱིན་ཡོད་པས།  ད་ལྟ་སྔོན་རབས་རྣལ་འབྱོར་བ་དག་གི་རྣམ་ཐར་བཞིན་དབེན་པའི་རི་ཁྲོད་དང་མཛེས་པའི་ནགས་ཀློང་ནས་ཐོས་བསམ་སྒོམ་གསུམ་གྱིས་བཞུགས་རྐྱང་བྱས་ཏེ་དུས་རབས་དང་སྤྱི་ཚོགས་ལ་ཁ་མ་གྲག་པ་ཡིན་ན། དུས་རབས་འཕེལ་ཕྱོགས་དང་འཚམ་པའི་ནང་བསྟན་ཆོས་ལུགས་ཤིག་འབྱུང་མི་ཐུབ་ལ། སྤྱི་ཚོགས་རང་ངོས་ནས་ཁས་ལེན་པའི་ནང་ཆོས་དེ་ཡང་ཉམས་དམས་སུ་འགྱུར་འགྲོ།  སངས་རྒྱས་ཆོས་ལུགས་ནི་བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་གཞི་རྩར་བྱས་པ་ཞིག་ཡིན་པས།  ནང་བ་བ་ཚོས་འདིའི་དགེ་མཚན་ཁྱབ་སྒྲོག་དང་དར་སྤེལ་བྱེད་རྒྱུ་ནི་དུས་སུ་བབས་པའི་འོས་འགན་གཙོ་བོ་ཞིག་ཏུ་མཐོང་།  དམ་པའི་ཆོས་ལུགས་གཟེངས་བསྟོད་དེ་རྒྱ་ཁྱབ་ཏུ་སྤེལ་བ་ནི་དེང་སང་གི་ཚོང་རྫས་འུད་སྒྲོག་བྱས་པ་དང་མི་མཚུངས་པར།   རིག་གཞུང་འདིས་ནང་ཆོས་ལ་དད་པ་ཡོད་མཁན་ཚོར་ཕན་ཐོགས་ཡོང་བར་མ་ཟད་མེད་མཁན་ཚོར་ཡང་ཕན་ངེས།   མདོར་ན་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པའི་དབུགས་ལྡན་ཡོངས་ལ་དངོས་ཤུགས་ཅི་རིགས་ནས་ཕན་བསྐྱེད་འབྱུང་བར་ཐེ་ཚོམ་མི་དགོས་པ་ཞིག་རེད།   དེ་ལྟར་སངས་རྒྱས་ཆོས་ལུགས་ཁ་གསལ་གོ་བདེ་དང་ཚིག་ཉུང་དོན་འདུས་ཀྱི་ལམ་ནས་རྒྱ་ཁྱབ་ཏུ་སྤེལ་རྒྱུ་ནི་ལུང་རྟོགས་གཉིས་ལྡན་གྱི་བསྟན་པ་ཡུན་གནས་དང་སེམས་ཅན་གྱི་བདེ་སྐྱིད་ལ་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན་པས།  ཧ་ཅང་སྒམ་མདོག་གིས་ཆོག་ཤེས་བསྟེན་དགོས་པའི་གནས་ཤིག་མ་རེད།  ད་ལྟ་དགོན་པའི་ཆོས་ལུགས་དང་སྤྱི་ཚོགས་ཁྲོད་ཀྱི་ཆོས་ལུགས་གཉིས་ལ་ཤར་ནུབ་ལྟ་བུའི་ཁྱད་པར་ཡོད་པའང་གཙོ་བོ་ཆོས་ཤེས་མཁན་ཚོས་ཆོས་དོན་ངོ་མ་གཞན་ལ་འཆད་སྤེལ་མ་བྱས་པས་ལན་པར་སྙམ།   སེམས་ཅན་ཐམས་ཅད་ཀྱི་བདེ་དོན་ལ་དམིགས་པའིཆོས་ལུགས་པ་ཞིག་གིས་ངོས་ནས་བཤད་ན།   གང་ནུས་ཅི་ཐུབ་ཀྱིས་ཆོས་མི་ཤེས་པའི་སེམས་ཅན་ཉམ་ཐག་མང་བོ་སངས་བསྟན་པའི་ཆོས་སྒོར་ཚུད་ཐབས་ལ་བརྩོན་རྒྱུ་ནི་རང་ཉིད་ཀྱི་བྱང་ཆུབ་སྒྲུབ་པའི་ལམ་བཟང་དང་། ཆོས་སྲིད་ཟུང་དུ་སྦྲེལ་ནས་སེམས་ཅན་གྱི་དོན་དུ་ལས་ཀ་བྱ་རྒྱུ་འདི་བྱང་ཆུབ་སེམས་དཔའི་སྤྱོད་པར་ཆགས་ཡོད་ཅེས་སྐྱབས་མགོན་དམ་པས་ཀྱང་ཡང་ཡང་གདམས་ཡོད་པ་མ་ཡིན་ནམ།

འཛམ་གླིང་གི་ས་གནས་གང་ཞིག་ཏུ་རང་དབང་གི་དད་མོས་དང་ཆོས་ལུགས་གྲིབ་བསིལ་མེད་ཚེ་དེར་ཞི་བདེ་དང་འགྲོ་བ་མིའི་ཐོབ་ཐང་ངོ་མ་ཞིག་ཡོད་པར་གླེང་བ་ནི་རྫུན་གཏམ་ཁོ་ན་རེད།   རང་གི་ཁེ་ཕན་བསྒྲུབ་པའི་ཆེད་དུ་གཞན་གྱི་ཁམས་མོས་ཡོད་ཚད་ཁྱུར་མིད་དུ་གཏོང་བ་ནི་ཆོས་ལུགས་པ་ཡིན་ནའང་འདྲ།  རྒྱལ་ཁབ་དང་ཚོགས་པ།   མི་སྒེར་བཅས་སུ་ཞིག་ཡིན་ཡང་ཆེས་སྐྱུག་བྲོ་བའི་ལས་སུ་ཤེས་དགོས་ཏེ།  རང་བདེ་ཙམ་གྱི་བྱ་བ་གཅན་གཟན་དང་དུད་འགྲོས་ཀྱང་ཡར་ལྡན་དུ་བསྒྲུབ་ཐུབ་པ་མ་ཡིན་ནམ།   ལྷག་པར་ཆོས་ལུགས་པ་ནི་གཞན་ལ་བརྩེ་བ་ཟབ་ཅིང་གཞན་གྱི་སྡུག་བསྔལ་སེལ་རོགས་བྱེད་མཁན་ཞིག་དགོས་པ་ནི་རྩ་བའི་ཆ་རྐྱེན་ཡིན་པར་སེམས།  ཆ་རྐྱེན་འདི་དང་བྲལ་ཚེ་ཆོས་ལུགས་པ་ཞིག་ལྟ་ཅི་འགྲོ་བ་མིའི་རིགས་སུ་སྐྱེས་པའི་དགོས་དོན་ཡང་གཞི་ནས་བོར་ཚར།   དངོས་ཡོད་གནས་ཚུལ་ཁས་མི་ལེན་མཁན་ལ་བདེན་པའི་གཟི་བརྗིད་ཀྱི་འོད་སྣང་འཕྲོ་ཐབས་མེད།

ཆོས་ལུགས་མི་འདྲ་བ་རྣམས་ལྟ་ཅི་རང་སྡེའི་གྲུབ་མཐའ་ནང་ཕན་ཚུན་ལའང་ལྟ་བའི་ཐོག་ནས་ཁྱད་པར་ཆེན་པོ་ཡོད་པ་སྨྲོས་མེད་ཡིན་མོད།   རང་རང་གི་ལྟ་བ་ཡང་དག་ཡིན་མིན་དེ་སྔོན་བྱོན་མཁས་པ་ཚོས་རིགས་པ་བརྒྱ་ཕྲག་གི་སྒོ་ནས་དཔྱད་བསྡུར་དང་གཏན་འབེབ་བྱས་ཟིན་པས།   ད་ལྟ་རང་རང་གི་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་ལག་ལེན་བྱེད་རྒྱུ་གཙོ་བོ་ཡིན་པ་ལས་ཕན་ཚུན་བར་སྐྱོན་བརྗོད་དང་རྩོད་གླེང་བྱེད་རྒྱུ་གཙོ་བོ་མ་རེད།   ལྟ་གྲུབ་མི་འདྲ་བ་གང་ཞིག་ཡིན་ཡང་རང་རང་གི་གྲུབ་མཐའི་བྱེད་པོས་བསྟན་པའི་བསླབ་བྱ་རྣམས་ཡིག་ཐོག་གི་བསླབ་བྱར་མ་བཞག་པར་ལག་ལེན་དུ་འཁྱོལ་བ་བྱས་ན་གྲུབ་མཐའི་ལ་རྒྱ་བཟུང་བ་ཡིན་ལ་བསྟན་འགྲོའི་ཕན་རྐྱེན་ངོ་མ་ཡང་དེ་ཡིན་ངེས།  ཆོས་ཁས་ལེན་མཁན་ཞིག་ཡིན་ཕྱིན།  སོ་སོའི་ཕ་མེས་དུས་ནས་དར་བའི་ཆོས་ལུགས་དེ་རང་ལ་དད་པ་བྱས་ན་ཡག་ཤོས་དང་འཚམ་ཤོས་རེད།   དེའི་ཕྱིར་ཆོས་ལུགས་བསྒྱུར་བ་ཟེར་སྟངས་འདི་དགོས་མེད་ཀྱི་རྙོག་དྲ་ཚ་བོ་ཞིག་ཡིན་ཞེས་གསུངས་པ་ནི་ཇི་འདྲའི་དཀྱེལ་ཡངས་ཀྱི་ཐུགས་དགོངས་དང་ཀུན་ཕན་གྱི་ཐབས་མཆོག་ཅིག་རེད་ཨང་།

མི་གཅིག་ལ་དད་མོས་བྱེད་ཡུལ་གྱི་ཆོས་ལུགས་གཅིག་མ་གཏོགས་ཡོད་མི་རུང་ལ་ཡོད་ཐབས་ཀྱང་མེད།  ལ་ལས་ཧ་ཅང་གཟུར་གནས་དང་བློ་ཁོག་ཡངས་པོ་ཡིན་ཁུལ་གྱིས་ཆོས་ལུགས་གཉིས་སམ་གསུམ་ལྟ་བུར་ཆབས་གཅིག་ཏུ་ཉམས་ལེན་བྱེད་བཞིན་ཡོད་སྐད་བརྗོད།    དོན་གྱིས་མི་དེར་ཆོས་ལུགས་གཅིག་ཀྱང་མེད་དེ་ཁོར་ཆོས་ལུགས་པ་བྱེད་པའི་ཆ་རྐྱེན་དང་བོ་དེ་འཛོམས་མེད་པས་ཁོར་མཚོན་ན་ཉམས་ལེན་བྱེད་ཅེས་པའི་མིང་དེ་གླེང་ཐབས་ག་ལ་ཡོད།   ཆོས་ལུགས་ཤིག་ལ་དད་པ་བྱེད་པ་ནི་མི་ཞིག་ལ་གྲོགས་པོ་བསྒྲིགས་པ་དང་མི་མཚུངས་པས་སྐྱབས་ཉིས་འཛིན་དང་སུམ་འཛིན་བྱེད་ཚུལ་གཏན་ནས་མེད།   གལ་ཏེ་དེ་ལྟར་བྱེད་ཆོག་པའི་ཆོས་ལུགས་ཤིག་ཡོད་ན་དེ་ནི་མི་སེམས་ལ་བསླུ་བྲིད་གཏོང་ཞིང་འཁོར་ནོམ་བསྡུ་བྱེད་ཀྱི་གཡོ་འཕྲུལ་ལྟ་བུ་ཞིག་ལས་ཆོས་ལུགས་ཤིག་ཡིན་མི་སྲིད།   འོན་ཀྱང་མིའི་ཁམས་དང་མོས་པ་ནི་སྣ་ཚོགས་ཤིང་ཚད་གཟུང་དུ་མེད་པས།   སྔར་དད་པ་བྱེད་ཡུལ་གྱི་ཆོས་ལུགས་དེ་རང་བློར་མི་འཚམས་པའམ་མི་ཕན་ན།   དེ་དོར་ནས་ཆོས་ལུགས་གཞན་ཞིག་ལ་དད་པ་བྱས་པ་ཡིན་ན་དེ་ནི་གནས་ཚུལ་ཐ་དད་རེད།  མི་གཅིག་ལ་ཆོས་ལུགས་གཅིག་ལས་མེད་ཀྱང་ཁྱིམ་ཚང་གཅིག་ལ་ཆོས་ལུགས་སྣ་མང་ཡོད་ཆོག་ལ་ཡོད་སའང་འདུག  མི་རིགས་ཤིག་དང་རྒྱལ་ཁབ་ཅིག་ལ་མཚོན་ན་བཤད་མ་དགོས་པ་ཞིག་རེད།

དེང་སྐབས་བོད་ཕྲུག་རྟོག་གེ་བ་འགའ་རེས་བླ་གྲྭ་རྣམས་ཀྱིས་སློབ་གྲྭ་བཙུགས་པ་དང་སློབ་གསོ་སྤེལ་བ།  སྙན་ངག་འབྲི་བ་དང་གློག་ཀླད་སྦྱོང་བ་སོགས་ནི་འཇིག་རྟེན་པའི་སྤྱི་ཚོགས་སུ་འདྲེ་ལག་བསྲེངས་པ་ཡིན་སྣང་གིས་ཤིན་ཏུ་མི་འཐད་པའི་ཉམས་འགྱུར་དང་མི་འགྲིག་པའི་སྐད་ཆ་མང་བོ་མང་བོ་ཞིག་བཤད་ཀྱིན་འདུག་མོད།  དེ་ནི་ས་རྩོད་དང་ཆུ་རྩོད་བྱེད་པ་ལྟར་འཇིག་རྟེན་པའི་བགོ་སྐལ་འཕྲོག་འདོད་ཀྱིས་ཡེ་ནས་མ་ཡིན་པར།  རང་རང་གི་བྱེད་ནུས་ལས་ཐོན་པའི་ཞབས་ཕྱི་ཅི་རིགས་རེ་གཞན་ལ་འབུལ་བ་ནི་ཤེས་ལྡན་པ་སྤྱིའི་རང་གཤིས་ཡིན་ཞིང་།  ཆོས་ལུགས་པ་ཞིག་ལ་མཚོན་ན་ཅི་ཙམ་གྱིས་གཞན་དོན་བསྒྲུབས་ཐུབ་པ་དེ་ཙམ་གྱིས་མཆོག་ཏུ་བརྩི།  སྙན་ངག་ལ་ངོ་བོའི་ཆ་ནས་སྐྱ་སེར་གྱི་ཁྱད་པར་མེད་ཅིང་གློག་ཀླད་ནི་མིས་བྱ་བ་སྒྲུབ་པའི་ལག་རོགས་ཙམ་ཡིན་གཤིས་རང་རང་གི་བྱ་བའི་དགོས་མཁོ་ལྟར་སྤྱོད་བྱེད་ཙམ་རེད།  དེའི་ཕྱིར་འཇིག་རྟེན་པའི་སྤྱི་ཚོགས་སུ་གཞན་ཞིག་འཚང་སྣང་གི་གུ་དོག་བསམ་བློ་དེ་འདྲ་སྐྱེ་དགོས་དོན་ཡེ་ནས་མེད།  ཀུ་རེའི་ཚུལ་དུ་ཕྱོགས་གཞན་ཞིག་ནས་གླེང་ན།  བུས་འཁོར་བ་མ་ཟིན་ཚེ་ཕ་རྒན་གྱིས་མ་མཐོང་ཁུལ་དང་མ་ཤེས་ཁུལ་བྱས་ནས་འདུག་སྲོལ་ག་ལ་ཡོད།  ཞིབ་ཏུ་བསམ་ན་དེ་འདྲ་ཞིག་ཨེ་རེད།  འོན་ཀྱང་བླ་གྲྭ་སུ་ཡིན་ཡང་རང་གི་ཐོབ་གོ་ས་དང་རྒྱུ་འབྱོར་བ།   སྟོབས་མངའ་ཐང་དང་འཕྲལ་ཡུན་གྱི་སྙན་གྲགས་ཙམ་ལ་དམིགས་ཏེ་སྲིད་དོན་ནང་དུ་ཞུགས་པ་ཡིན་ན་ཆོས་ལུགས་པ་ཚོས་ཀྱང་མཐའ་གཅིག་ཏུ་རྒོལ་བ་བྱེད་ངེས་ལ་བྱེད་ཀྱང་དགོས།

 

སྐབས་རེར་ཆོས་ཀྱི་མིང་ཐོག་ནས་སྤྱི་ཚོགས་ནང་བདེ་འཇགས་མེད་པའི་ཟང་ཟིང་གི་དཀའ་ངལ་འཕར་མ་རེ་ཡོང་གི་ཡོད་པ་ནི་དོན་དངོས་ཤིག་རེད།   འོན་ཀྱང་དེ་ནི་ཆོས་རང་ངོས་ནས་སྐྱོན་ཡོད་པ་མ་ཡིན་པར་ཆོས་བྱེད་པ་བོའི་ཀུན་སློང་མ་དག་པའམ་བསམ་སྤྱོད་དང་ཆོས་གཉིས་ཐ་དད་དུ་གྱུར་བ།   ཆོས་དད་བྱེད་པར་སྤྲོ་སྣང་ཡོད་ཀྱང་ཆོས་དོན་ངོ་མ་ཤེས་མཁན་ཉུང་དྲགས་པ་སོགས་ཀྱི་སྐྱོན་ལས་བྱུང་བ་ཡིན་པས། ཆོས་སྤེལ་བ་དང་ཆོས་དད་པ་སུ་ཡིན་ཡང་གནད་འགག་རྩད་ཞིབ་དང་སྐྱོན་ཆ་རྣམས་སེལ་ཐབས་ལ་བརྩོན་དགོས་པ་ནི་ཕྲག་ཏུ་བབསཔའི་འོས་འགན་དང་ཆོས་ལུགས་པ་ངོ་མ་ཡིན་མིན་གྱི་ཚད་ཤིང་གཙོ་གྲས་ཤིག་ཏུ་ངོས་བཟུང་ན་འགྲིག

དེང་རབས་ཀྱི་ཚན་རིག་པ་དང་མཁས་དབང་མང་བོས་ནང་ཆོས་ནི་སེམས་ཀྱི་ཚན་རིག་ངོ་མ་ཞིག་རེད་ཅེས་དཔྱད་བརྗོད་དང་བསྒྲགས་གཏམ་གང་མང་སྤེལ་འདུག   ནང་ཆོས་ཀྱི་ངོ་བོ་ཇི་བཞིན་མཁྱེན་ཞིང་དེར་མྱོང་བ་ཐོབ་མཁན་ཞིག་ལ་མཚོན་ན་ནང་སེམས་ཀྱི་ཚན་རིག་ཡིན་པར་བརྗོད་པའམ་ནང་ཆོས་ཚན་རིག་དང་མཐུན་པར་གླེང་བ་ཙམ་ལ་སྔོན་མེད་ཀྱི་ཧ་ལས་རྒྱུ་དང་གཞོམ་མེད་ཀྱི་ཁེངས་པ་ཅི་ཡང་སྐྱེ་མི་སྲིད།   རྒྱུ་མཚན། ནང་ཆོས་ནི་དེང་དུས་བརྗོད་བཞིན་པའི་ཚན་རིག་གི་དགེ་མཚན་དང་ངོ་བོ་ལས་བརྒྱ་འགྱུར་འབུམ་འགྱུར་གྱིས་ཁྱད་དུ་འཕགས་ཡོད་པ་ཁོང་ཚོས་སྔ་མོ་ནས་སྔ་མོ་ནས་གསལ་ཞིབ་ཏུ་ཤེས་པས་སོ།  །འོན་ཀྱང་། ནང་བསྟན་ཆོས་གཞུང་དུ་དད་པ་དང་ཡིད་ཆེས་གཙོ་བོར་མ་བསྟན་པར་རྒྱུ་མཚན་དང་ཉམས་མྱོང་ཚད་མ་གཞིར་བཞག་སྟེ་མཐར་ཐུག་གི་གནས་ལུགས་རྟོགས་པར་རྩལ་འདོན་བྱེད་པ་དང་།   དངོས་ཡོད་གནས་ཚུལ་དང་མཐུན་ཞིང་རིག་པ་ཡང་དག་གིས་བརྟག་དཔྱད་བྱེད་པ་ལྟ་བུས་མཚོན་ཚན་རིག་དང་ནང་ཆོས་གཉིས་ལ་ཕྱོགས་མང་བོ་ཞིག་ནས་མཐུན་ས་དང་འདྲ་སའང་ཡོད་ཚོད་དུ་འདུག་པས།  སྐབས་བབས་གདུལ་བྱའི་རྒྱུད་ཚོད་དང་འཚམ་པར་ནང་ཆོས་དང་ཚན་རིག་གི་འགལ་འབྲེལ་གླེང་ན་ཧ་ཅང་བཟང་མོད།   མིག་སྔར་རང་རེའི་ཁྲོད་ཀྱི་ནང་ཆོས་ཚན་རིག་དང་མཐུན་པར་གླེང་མཁན་ཕལ་མོ་ཆེས་ཇི་ལྟར་མཐུན་ཚུལ་ཤེས་མེད་ལ།  ནང་ཆོས་ཚན་རིག་དང་མི་མཐུན་པར་གླེང་མཁན་ཚོས་མི་མཐུན་པའི་ཚུལ་ཡང་ཤེས་མེད་ཚོད་རེད།  རྒྱུ་མཚན་སླ་སྟེ།   ཁོང་ཚོ་ནི་རྒྱ་བོད་བརྡ་སྤྲོད་ལ་བྱང་བ་ཙམ་དང་སྙན་ཚིག་དམ་དུམ་སྤེལ་ཤེས་མིན་གྱི་ས་མཚམས་ན་རབ་དང་ཕུལ་དང་གྱ་ནོམ་པར་ཁེངས་ནས་ཡོད་པ་ཙམ་མོ། །

ནང་བའི་ཆོས་གཞུང་ལས་མྱ་ངན་ལས་འདས་པ་ཆེན་པོ་ཞེས་པར།  ཞིང་རྨོ་བ་ཐམས་ཅད་ཀྱི་ནང་ན་སྟོན་གྱི་ལོག་མཆོག་གོ།  །རྗེས་ཐམས་ཅད་ཀྱི་ནང་བ་ལང་གི་རྗེས་མཆོག་གོ། །འདུ་ཤེས་ཐམས་ཅད་ཀྱི་ནང་ནའང་མི་རྟག་པའི་འདུ་ཤེས་མཆོག་ཡིན་ཏེ།  འདི་དག་གིས་ནི་ཁམས་གསུམ་གྱི་འདོད་པ་དང་མ་རིག་པ་དང་ང་རྒྱལ་ཐ མས་ཅད་སེལ་ལོ། །གསུངས་པ་ལྟར་ནང་བ་བ་རྣམས་ཀྱིས་འཆི་བ་མི་རྟག་པ་དྲན་པར་བྱས་ན་ཉོན་མོངས་པ་དང་ཉེས་པར་སྤྱོད་པ་ཐམས་ཅད་ཅིག་ཅར་དུ་འཇོམས་པའི་ཐོ་བ་ལྟ་བུ་དང་།  དགེ་ལེགས་ཐམས་ཅད་ཅིག་ཅར་དུ་སྒྲུབ་པ་ལ་འཇུག་པའི་སྒོ་ཆེན་པོ་ལྟ་བུར་ངོས་འཛིན་ཅིང་བསྔགས་པར་བྱེད་པ་ལ།  ཆོས་དད་མེད་པའམ་ཆོས་དོན་མི་ཤེས་པའི་རྟོག་གེ་བ་ཁ་ཅིག་གིས།  ནང་བའི་འཆི་བ་མི་རྟག་པ་སྒོམ་ཚུལ་དེས་ང་ཚོའི་འཇིག་རྟེན་ལ་སྤྲོ་སྣང་དང་ཡིད་ཆེས་མེད་པར་བྱས་ཤིང་།  དེ་ནི་བྱ་བཞག་རླབས་ཆེན་ལ་འཇུག་མི་འདོད་པའི་གུ་ཐུག་བསམ་བློ་ཞིག་རེད་ཅེས་སྨྲའོ། །བཤད་ཚུལ་འདི་ནི་འཆི་བ་མི་རྟག་པ་སྒོམ་པའི་དམིགས་ཡུལ་དང་དགོས་པའི་ཕྱོགས་འགྲོ་ཙམ་ཡང་མ་ཤེས་པའི་གུ་དོག་བསམ་བློའི་བུ་ག་ལས་བརྡོལ་བའི་གཏམ་ཞིག་སྟེ། ནང་ཆོས་ཀྱི་འཆི་བ་མི་རྟག་པ་སྒོམ་ཚུལ་ནི།   ང་ཅིས་ཀྱང་འཆི་འགྲོ་རྒྱུ་རེད་སྙམ་དུ་ འཇིགས་སྣང་དང་འོ་དོད་ཀྱི་ཀློང་ནས་ཅི་ནར་འཁུམ་སྟེ་སྡོད་པ་མ་ཡིན་པར། འདོད་མི་འདོད་གང་ཡིན་ཡང་རང་རེ་ཚང་མ་ངེས་པར་འཆི་དགོས་ལ། ནམ་འཆི་ལའང་རང་དབང་དང་ཚད་བཟུང་མེད་པས་སྦྲིད་སྨན་འཐུང་བ་ལྟར་དོན་མེད་དུ་འཐོམ་ནས་འདུག་མི་རུང་ལ།   བྱིས་པ་རྩེད་མོར་གཡེང་བ་བཞིན་འུར་ཟིང་དང་ལབ་རྡོལ་གྱི་ངང་དུའང་མི་ཚེ་གཟོད་ནས་མི་འདུག་པར།   ཇི་སྲིད་སྲོག་གི་རྒྱུ་བ་མ་འགག་པ་དེ་སྲིད་དུ་ལོ་དང་ཟླ་བ།   ཉིན་དང་མཚན་མོ།   ཐ་ན་དུས་ཚོད་སྐར་ཆ་རེ་རེར་ཡང་དོན་ལྡན་གྱི་བགྱི་བ་འབའ་ཞིག་ལ་བརྩོན་པར་དྲན་སྐུལ་གྱི་ཅོང་སྒྲ་ཞིག་ཏུ་སྒོམ་བཞིན་པ་དེ་རེད།  དེ་ཡང་ཚེ་འདི་སྣང་གི་བདེ་སྐྱིད་ཙམ་དང་ཕྱི་དངོས་པོ་ཡར་རྒྱས་ཙམ་གྱི་ཆེད་དུ་འཆི་བ་མི་རྟག་པ་སྒོམ་ཚུལ་ཡོད་ལ།   འགྱུར་མེད་རྟག་བརྟན་གྱི་བདེ་སྐྱིད་དང་ནང་སེམས་ཀྱི་མཛེས་པ་འཚོལ་ཕྱིར་འཆི་བ་མི་རྟག་པ་སྒོམ་ཚུལ་ཡང་ཡོད།  འདི་ལྟར་དོན་དངོས་ཀྱི་མེ་ལོང་ནང་ལ་ཞིབ་ཏུ་བལྟས་ཚེ་འཆི་བ་མི་རྟག་པར་ངེས་པ་མ་རྙེད་པའི་མི་དེའི་མི་ཚེ་དོན་ལྡན་ཞིག་འབྱུང་ཚུལ་མེད་པ་ཁ་གསལ་མཐིལ་རྟོགས་མ་རེད་དམ།

མི་ལ་ལས་ང་ཁྱོད་ཚོའི་ནང་བསྟན་ཆོས་ལུགས་ལ་ཞུགས་ན་དགོས་སམ་ཞེས་དྲི་བ་འདོན་པར་བྱེད།   ནང་ཆོས་ལ་དགོས་མིན་དེ་ཁྱོད་རང་ཉིད་ལ་རག་ལས་པ་མ་གཏོགས་བཟོ་གྲྭའི་ནང་དུ་ལས་བཟོ་བ་བསྡུ་བསྡུ་བྱེད་རྒྱུ་མེད།   ཆོས་ལུགས་པ་བྱེད་མི་འདོད་ནའང་རིགས་མཚུངས་ཡིན།   སྤྱིར་ནང་ཆོས་ནི་གཡོ་འཕྲུལ་དང་རྒྱུ་ཤུགས་ལ་བརྟེན་ཏེ་གཞན་སྐྱབས་འོག་ཏུ་འཇུག་པའི་ཆོས་ལུགས་ཤིག་གཏན་ནས་མིན།   གལ་ཏེ་དེ་ལྟར་ཡིན་སྐད་ཀྱི་ཆོས་ལུགས་པ་ཞིག་འདུག་ན་དེ་ནི་ནང་བ་བ་ཞིག་མིན་ལ་དེས་སྒྲུབ་བཞིན་པའི་ཆོས་དེའང་ནང་ཆོས་མིན་པར་ཐག་གཅོད་བྱེད་ཆོག

ཡ་རབས་དང་དྲང་བདེན་དང་གཞན་ཕན་གྱི་བསམ་བློ་ནི་མིའི་རིགས་ཀྱི་ཁྱད་ནོར་ཡིན་ལ་ནང་བསྟན་ཆོས་ལུགས་ཀྱི་གཞུང་ཤིང་ལྟ་བུའང་ཡིན།  གལ་ཏེ་ཡ་རབས་དྲང་བདེན་དང་གཞན་ཕན་གྱི་བསམ་བློ་འདི་བརླགས་པ་ཡིན་ན་མི་དང་དུད་འགྲོའི་ཁྱད་པར་འབྱེད་བྱེད་གཙོ་བོ་དེ་མེད་པར་གྱུར་ཞིང་དམ་པའི་ཆོས་ལུགས་ཀྱི་སྙིང་བོ་ཡང་བོར་ཚར་བར་ངེས་ཏེ།   ཇི་སྐད་དུ།  མི་ཡི་ཤ་ཚུགས་ཕྱུགས་ཀྱི་འདུ་ཤེས་ཅན། ཞེས་དང་།  ཆོས་ཀྱི་རྩ་བ་བསམ་པའི་བཟང་ངན་ཡིན།  ཞེས་སོགས་མང་དུ་གསུངས་ཡོད་པ་ལྟར་རོ། །ཡ་རབས་དྲང་བདེན་དེ་ལུགས་སྲོལ་ཙམ་དུ་བརྩི་བ་དང་། གཞན་ཕན་བསམ་བློ་དེ་མཐོང་ཐོས་ཀྱི་ཡུལ་ཁོ་ནའི་སྐབས་མ་གཏོགས་མེད་ན། ངོ་སོ་དང་བཅོས་མ་ཙམ་ཡིན་པས་མི་ཚད་ལྡན་དང་ཆོས་པའི་གྲངས་སུའང་ཚུད་དཀའ།  ཁ་ཅིག་གིས། ཡ་རབས་དྲང་བདེན་ཟེར་བ་འདི་མིང་སྙན་ཡང་དོན་གྱིས་གླེན་རྟགས་ཤིག་སྟེ། གཞན་ཚོས་གཡོ་འཕྲུལ་སྣ་ཚོགས་ཀྱིས་རང་ཉིད་དང་རང་གི་ཁྱིམ་ཚང་།      རང་གི་མི་རིགས་དང་རང་གི་རྒྱལ་ཁབ་སྐྱོང་ཐུབ་ན་ང་ཚོས་ཅིའི་ཕྱིར་མི་ཐུབ།   སྔར་སྲོལ་གྱི་གླེན་པའི་ཕ་བོང་པང་ནས་འདུག་དགོས་དོན་མེད་པས། ང་ཚོ་ཡང་ལམ་དེར་ཞུགས་པ་ཁོ་ན་འཐད་པར་སྨྲའོ།  །དེ་ནི་གཞན་གྱིས་ཕ་བསད་དེ་ཕྱུག་པོར་གྱུར་འདུག་པས་ང་ཚོས་ཀྱང་ཕ་བསད་དེ་ཕྱུག་འགྱུར་ལ་བརྩོན་དགོས་སོ་ཞེས་བཤད་པ་དང་ཁྱད་པར་མི་འདུག་པས་ཤེས་ལྡན་སུ་ཞིག་གིས་དང་ལེན་བྱེད་དེ་མི་བྱེད་དོ།  །  སྤྱིར་ན་མིའི་སྤྱི་ཚོགས་ཀྱི་བྱེད་པོ་མི་རང་ཉིད་ཡིན་པས།   སྤྱི་ཚོགས་ཀྱི་དཀའ་ཁག་དང་ནོར་འཁྲུལ་ཡོད་ཚད་མིས་བཟོས་ཤིང་དེ་སེལ་བའི་འགན་ཁུར་ཡང་མི་ཁོ་ན་ལ་ཡོད།   ང་ཚོ་འཇིག་རྟེན་འཚོ་སྡོད་དང་བདེ་སྐྱིད་ལ་དགའ་བ་མ་ཡིན་ནམ།  ཡ་རབས་དྲང་བདེན་དང་གཞན་ཕན་གྱི་བསམ་བློ་འདི་མེད་པར་གྱུར་ཚེ། འཇིག་རྟེན་འཚོ་སྡོད་ཀྱི་སྙིང་བོ་བརླགས་ཤིང་དོན་དམ་གྱི་བདེ་སྐྱིད་ཅིག་ཇི་ལྟར་རོལ།   ང་ཚོ་འཕེལ་རྒྱས་དང་ཞི་བདེ་ལ་དགའ་བ་མ་ཡིན་ནམ།  ངོ་ཚ་དང་ཁྲེལ་ཡོད་ཀྱི་གོས་དང་བྲལ་ཞིང་གཞན་གནོད་ཀྱི་སྦྱོར་བ་རྐྱང་བས། ཕྱི་ནང་གི་དཔལ་ཡོན་རྒུད་པ་ནས་རྒུད་པར་ཕྱོགས་འགྲོ་ཞིང་། མཐར་ཐུག་གི་ཞི་བདེ་ལྟ་ཞོག་གནས་སྐབས་ཀྱི་འཚོ་བ་ལེགས་པོ་ཞིག་ཀྱང་རོལ་ཐབས་མེད།   མིའི་རིན་བྲལ་གྱི་ནོར་བུ་དེ་ཚན་རིག་པས་འཕྲུལ་ཤུགས་དང་གསོ་རིག་པས་སྨན་ཁང་ནས་བཟོ་རྒྱུ་མེད་ལ།   འབྱོར་ཕྱུག་ཅན་ལ་སློང་རྒྱུ་དང་ཉམ་ཆུང་ལག་ནས་འཕྲོག་རྒྱུ་མེད་པར།  ནང་བསྟན་ཆོས་ལུགས་ལྟ་བུའི་འཁྲུལ་བྲལ་གྱི་གཞུང་བཟང་ཞིག་དང་། མཚན་ལྡན་གྱི་དེད་དཔོན་ལ་བརྟེན་ནས་རང་སེམས་རང་གིས་འདུལ་ཐབས་འབའ་ཞིག་ལ་རག་ལས།   འདི་ནི་ཕྱོགས་སུ་མ་ལྷུང་བའི་བདེན་དོན་གྱི་སྡོམ་ཚིག་ཅིག་སྟེ།   མ་རབས་སྤྱོད་ངན་དང་གཡོ་རྫུན་སྒྱུ་འཕྲུལ་ལ་གོམས་ཐལ་ཆེ་ཞིང་གཞན་གྱི་སྟེང་ནས་རང་གི་བདེ་སྐྱིད་འཚོལ་འདོད་ཅན་ཚོ། འཇིག་རྟེན་ཁྲིམས་ལུགས་ཙམ་གྱིས་འདུལ་ཐབས་མེད་པར།   མངོན་ལྐོག་མེད་པའི་རང་གཤིས་ཤིག་དང་།   རང་ཉམས་ལ་དཔག་སྟེ་གཞན་གྱི་བདེ་སྐྱིད་ཤེས་པའི་བསམ་བློ་ཞིག   གཞན་གྱི་སྡུག་བསྔལ་ལས་རང་གི་བདེ་སྐྱིད་འཚོལ་མི་འདོད་པའི་ངེས་ཤེས་ཤིག    ཚོད་མེད་ཀྱི་འདོད་སྲེད་ལ་དུག་བཞིན་འཛེམ་ཞིང་ལུགས་མེད་ཀྱི་བྱ་སྤྱོད་ལ་མཛེ་བཞིན་དོགས་པའི་རང་རྟོགས་ཤིག་ཅིས་ཀྱང་མཁོ་བ་རེད།   དེ་ནི་ནང་བསྟན་ཆོས་ལུགས་ལྟ་བུའི་གཞུང་བཟང་ཞིག་དང་འགྲོག་དགོས་ཤིང།    ནང་བསྟན་ཆོས་ལུགས་ཀྱིས་བསྐྱེད་པའི་བསམ་སྤྱོད་ལྟ་བུ་ཁོ་ནར་རག་ལས་པར་སེམས།

ཆོས་ལུགས་པ་ཡིན་ནའང་ཆོག   ཆོས་དད་མེད་མཁན་ཡིནའང་ཆོག     ཇི་སྲིད་མིའི་སྤྱི་ཚོགས་ཁྲོད་དུ་སྡོད་དགོས་པ་དེ་སྲིད་དུ་གཅིག་གིས་གཅིག་ལ་བརྟེན་ཞིང་། གཅིག་ཕན་གཅིག་རོགས་ཀྱིས་འཚོ་དགོས་པ་ལས་རང་ཁེར་རྐྱང་གིས་འཚོ་བ་བསྐྱེལ་མི་ཐུབ།   རྩ་བའི་གནས་སྟངས་འདི་འདྲ་ཞིག་ཡིན་ཕྱིན་ཆོས་ཁས་ལེན་མཁན་ཡིན་མིན་ལ་མ་ལྟོས་པར། ཞི་བདེ་བག་ཕེབས་དང་འདྲ་མཉམ་དྲང་བདེན་གྱི་སྤྱི་ཚོགས་ཤིག་ལ་བརྩོན་དགོས་པ་རང་དོན་ཡིན་ལ་གཞན་དོན་ཡང་ཡིན།   ཚུལ་འདི་ཁ་ནས་བཤད་པ་ཙམ་གྱིས་མི་ཕན་ལ་ཡིག་འཇོག་བྱས་པ་ཙམ་ཀྱིས་ཀྱང་མངོན་གྱུར་བྱེད་དཀའ།  ཕྱིའི་རྣམ་པ་ཙམ་གྱིས་མི་འོང་ལ་འབྱོར་ཕྱུག་དང་དབང་ཐང་ཆེ་བས་ཀྱང་ཐོབ་པ་མིན། ཆེས་རྩ་བའི་རྩ་བ་ནི། དོན་དངོས་ཀྱི་ལག་ལེན་དང་བཅོས་མིན་གྱི་རང་རྟོགས་ཤིག་དགོས་པ་ཡིན་ཏེ།   སྤྱི་ཚོགས་འཚོ་བའི་ཉམས་མྱོང་ལས་ཀྱང་།   ཁ་བཤད་ཆུ་ཡི་ལྦུ་བ།  །ལག་ལེན་གསེར་གྱི་ཐིགས་པ། །ཞེས་འབྱུང་ལ།  ནང་བསྟན་ཆོས་གཞུང་རྣམས་ལས་ཀྱང་།   དམ་ཚིག་ལ་མངོན་ལྐོག་མེད་པ་ཞེས་ཡང་ཡང་གདམས་པར་མཛད་དོ།  །

 

 

 

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།