ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

གསལ་ལེར་འཛུམ་པའི་སེམས།

བསམ་པ་བཟང་བོ་གསེར་དང་འདྲ་བ་སྟེ། །
གསེར་གྱི་རང་མདངས་ནམ་ཡང་འགྱུར་བ་མེད། །
གཞན་ཕན་ལས་དག་དཔག་བསམ་ལྗོན་བཟང་ཉིད། །
འདི་ཕྱིའི་དགོས་འདོད་འབྲས་བུ་གཡུར་དུ་ཟ། །

 

རྐང་གཉིས་མི་རུ་སྐྱེས་པ་འདྲ་འདྲ་ལ། །
མི་ཚེའི་སྙིང་བོ་ལོན་པར་ཁྱད་པར་ཆེ། །
ཇི་སྲིད་ཡ་རབས་བྱ་བར་གང་བརྩོན་པ། །
དེ་སྲིད་སྙན་དང་གྲགས་པས་ས་ཆེན་གཡོ། །

 

མི་མངོན་ཐལ་བས་གཡོག་པའི་མེ་མདག་གིས། །
རུས་པའི་རྐང་ན་མི་བཟོད་ན་ཟུག་སློང་། །
རང་འདོད་ཕུགས་སུ་འཆང་བའི་ཕན་གཏམ་གྱིས།།
དྲང་བོའི་མི་ལ་འཁྱོག་པོའི་གཤིས་ལུགས་སྩོལ། །

 

གྱ་གྱུར་འགྱུ་བའི་ཆུ་བོའི་རླབས་སྒྲ་དང་། །
འདེགས་འཇོག་མང་བའི་སྨྱུག་གླིང་ཕྲ་མོའི་སྒྲ། །
སྙན་སྙན་འདྲ་ཡང་དོན་གྱི་སྙིང་བོས་དབེན། །
ཁ་བཤད་དོན་ལ་གནས་པའི་ལས་འདི་བཟང་། །

 

མེ་སྟག་ཕྲ་མོས་ཡངས་པའི་འཇིག་རྟེན་བསྲེག །
སྒྲོན་འོད་གཉོམ་པོས་སྤྱིལ་བུའི་མཐའ་དབུས་གསལ། །
ཅི་ནུས་གཞན་ལ་ཕན་པའི་བྱ་བཞག་གིས། །
མཐོ་སྒང་གཞིས་ཁྱིམ་གོར་མོར་དྲོད་ཁོལ་འཁྱིལ། །

 

ཉིན་མཚན་ཁོར་མོར་ཙག་ཙིག་བྱ་བས་བྲེལ། །
ཡིད་ལ་གང་དྲན་སྒེར་གཅོད་འཕྱོན་མས་བསླུས། །
ལས་བརྒྱར་འབད་ཀྱང་མཐའ་འཁྱོལ་མེད་པའི་མི། །
དུས་རབས་གསར་བའི་ཀླུད་དུ་དོན་གྱིསའཚམ། །

 

མི་ཡི་རྒྱལ་ཁམས་རིག་པས་མ་བསྐོར་ཀྱང་། །
གནའ་དེང་གཞུང་ལུགས་འབུམ་སྡེ་མི་མཁྱེན་ཡང་། །
ལྷག་བསམ་བཟང་བོའི་རྩི་དང་མ་བྲལ་བའི། །
མི་གཤིས་དྲང་མོའི་མདའ་ལ་འགྲོ་ཀུན་དགའ། །

 

གསར་བཏོད་སྔོན་ཐོན་ཁ་ཕོ་མ་བསྒྲགས་ཀྱང་། །
རིགས་ཞེན་ལ་རྒྱའི་མེ་རུ་མ་བསྒྲོན་ཡང་། །
སྒོ་གསུམ་ཡར་ལྡན་བགྱི་བའི་གདོང་དམར་བུ། །
ལོ་རྒྱུས་ཤོག་དཀར་ངོས་ན་གསལ་ལེར་འཛུམ། །

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།