ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

གཟའ་འཁོར་གསུམ་གྱི་མཛད་འཕྲིན།

སྤྱི་ལོ་༢༠༢༡-༡-༩་ཉིན་ནས་སྒོ་མང་དགོན་མདོ་སྔགས་བཤད་སྒྲུབ་གླིང་གི་སྟོད་རྒྱུད་གཤར་སྦྱང་འཛིན་གྲྭའི་དགེ་སློབ་ཡོངས་ཀྱིས་ནན་ཞུས་ངོར། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས། བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས་དང་། དེའི་ཟུར་འདེབས་སྟོང་ཐུན་ངག་གི་ལྡེ་མིག་གཉིས་སྦྲགས་ཏེ་དོན་གཉེར་ཅན་བདུན་ཅུ་ལྷག་ལ་དཔེ་ཁྲིད་གནང་བར་མ་ཟད། མཇུག་ཏུ་རྒྱུད་སྟོད་གཤར་སྦྱང་འཛིན་གྲྭར་སུམ་ཅུ་བའི་རྩ་སྡོམ་གཉིས་ཀྱི་བློ་རྒྱུགས་དང་བྲིས་རྒྱུགས་བླངས། དགེ་རྒན་ཁོང་རང་ཉིད་ནས་བྱ་དགའ་བསྩལ།

སྤྱི་ལོ་༢༠༢༡–༡–༢༡ཉིན། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་ཡན་ལག་རྔ་བའི་ཐོན་མིའི་སློབ་ཚོགས་ཀྱི་དགུན་གནང་ཟབ་སྦྱོང་སྐབས་ལྔ་བའི་མཇུག་བསྡུའི་མཛད་སྒོའི་སྟེང་ཕེབས་ཏེ། ཐོན་མིའི་སློབ་གསོའི་ཁ་ཕྱོགས་དང་།ཟབ་སྦྱོང་གི་དམིགས་ཡུལ། བོད་རང་གི་རིག་གནས་ལ་དགའ་ཞེན་ཡོད་པ། རང་གི་ས་གནས་ལ་ཞབས་ཞུ་སྒྲུབ་དགོས་ཚུལ་སོགས་ཀྱི་སྐོར་ནས་གསུང་བཤད་གནང་བར་མ་ཟད། དགེ་རྒན་དང་སློབ་མ་སྐོར་ཞིག་ལ་བྱ་དགའ་བསྩལ།

སྤྱི་ལོ་༢༠༢༡-༡-༡༨་ནས་བཟུང་སྒོ་མང་དགོན་བརྡ་སྤྲོད་ལས་སྒྲུབ་ཁང་གིས་གཙོ་སྒྲུབ་མཛད་པའི་རིག་གནས་ཆེད་སྦྱོང་འཛིན་གྲྭ་ཐེངས་ལྔ་བའམ་ནག་རྩིས་ཆེད་སྦྱོང་འཛིན་གྲྭ་ཞིག་བསྒྲུབས་ཏེ་རང་དགོན་གྱི་དོན་གཉེར་ཅན་རྩིས་པ་ལྔ་བཅུར་ཉེ་བ་ཞིག་ལ་དགེ་རྒན་ཁོང་གིས་མཛད་པའི་༧རྗེ་ལྷ་མོའི་ཚུལ་ཁྲིམས་ཚང་གི་ནག་རྩིས་དཔྱོད་ལྡན་སྤྱི་ནོར་གྱི་ཡལ་འདབ་གཉིས་པ་སྔོན་འགྲོའི་རྒྱས་འགྲེལ་རིག་པའི་མེ་ལོང་གི་དཔེ་ཁྲིད་ཞིབ་རྒྱས་སུ་ལེགས་པར་གནང་བའི་བཀའ་དྲིན་བསྐྱངས།

༢༠༢༡-༡-༢༦ཉིན་རྔ་ཡུལ་གནམ་ལྕགས་དགོན་དུ་ཕེབས་ཏེ། དགོན་དེའི་དུས་ཀྱི་སྒྲོན་མེ་དུས་དེབ་སྐབས་ལྔ་བའི་བགྲོ་གླེང་ཚོགས་འདུའི་གཙོ་སྐྱོང་བ་གནང་ཞིང་། སྒེར་གཉེར་དུས་དེབ་ཀྱི་བྱུང་འཕེལ་དང་ཁ་ཕྱོགས། ཁྱད་ཆོས་དང་དམིགས་ཡུལ་སོགས་ཞིབ་རྒྱས་སུ་གསུངས།

2021.1.28.ཉིན་སྒོ་མང་དགོན་བརྡ་སྤྲོད་ལས་སྒྲུབ་ཁང་ནས།