ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

གདོང་དམར་བའི་ཕྱི་ནང་བར་གསུམ།

སྤྱི་ལོ་༢༠༡༠ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ལྷ་སར་ཕེབས་ཚེ་པོ་ཏ་ལའི་ཆོས་གྲོགས་དྲྭ་ཚིགས་ཀྱི་འབྲེལ་ཡོད་དོ་དམ་མི་སྣ་ཁག་དང་། གཞན་བོད་སྐད་བོད་ཡིག་ལ་དགའ་ཞེན་ཡོད་པའི་གཞོན་ནུ་འགར་གནང་བའི་གཏམ་བཤད།

པོ་ཏ་ལའི་ཆོས་གྲོགས་དྲྭ་ཚིགས་ཀྱི་རྩོམ་སྒྲིག་པས་འོད་འཁོར་ལས་བཤུས།

(ཚིག་སྦྱོར་དང་ཡིག་ནོར་སོགས་ལ་འཆད་ཁྲིད་པས་བཟོ་བཅོས་བྱས་ཡོད །)

ཡ་ལགས། ད་ཚང་མ་འཛོམས་ཚར་ཡོད་ན་བགྲོ་གླེང་གི་འགོ་འཛིན་རྒྱུ་བྱེད།  ཐོག་མར་ངས་རང་ཉིད་ངོ་སྤྲོད་ཅིག་བྱས་ན་འགྲིག་རྒྱུ་རེད། རྒྱུ་མཚན་འབྲེལ་ཡོད་མི་སྣ་རེ་འགའ་མ་གཏོགས་ཁྱེད་རྣམ་པའི་ནང་

ནས་མང་བོ་ཞིག་གིས་ང་ངོ་ཤེས་རྒྱུ་མ་རེད། ཨ་མདོ་ནས་ཡོང་བའི་གྲྭ་བ་ཆ་མེད་རྒྱུས་མེད་ཅིག་གིས་ཕོ་བྲང་པོ་ཏ་ལ་ནས་གང་བྱུང་དུ་གཏམ་གླེང་བྱས་ན་དེ་འདྲའི་འོས་འཚམས་ཤིག་ཡིན་མིན་མི་ཤེས་ཀྱང་། ཆོས་གྲོགས་དྲྭ་ཚིགས་ཀྱི་དོ་དམ་པ་ཚོས་ནན་བསྐུལ་ངོ་བཟློག་མ་ནུས་པ་ཡིན། ཡང་གཅིག་བཤད་ན་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྨང་བཏིང་ཞིང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱ་བསྐྱེད་པའི་གངས་ཅན་བོད་པའི་ཆོས་རིག་སྲིད་གསུམ་གྱི་ལྟེ་གནས་ཆེན་པོ་འདི་ནས་མདོ་དབུས་གཉིས་འཛོམས་ཀྱི་སར་གྲྭ་རྐྱང་ངའི་སེམས་ཀྱི་རང་མདངས་སྟོན་པའི་གོ་སྐབས་ཤིག་བྱུང་བ་ལ་གནོན་མི་ཐུབ་པའི་དགའ་ཚོར་ཆེན་པོ་སྐྱེས་ནས་ཡོད། (ཐལ་མོ་སྡེབ་སྒྲ)

ང་ནི་ཨ་མདོ་རྔ་ཡུལ་སྒོ་མང་དགོན་ཆེན་གྱི་གྲྭ་བཙུན་དཀྱུས་མ་ཞིག་ལས་བླ་སྤྲུལ་དང་དགེ་བཤེས་གྲགས་ཅན་སོགས་དེ་འདྲ་གང་ཡང་མིན། ངའི་དགོན་པ་དེ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྐུ་འཕྲེང་གཉིས་པ་རྗེ་བཙུན་འཇིགས་མེད་དབང་བོས་ཕྱག་འདེབས་གནང་བ་ཞིག་སྟེ་ད་བར་དུ་ལོ་ཉིས་བརྒྱ་ལྷག་གི་ལོ་རྒྱུས་ཡོད། གྲུབ་མཐའ་རི་བོ་དགེ་ལུགས་པ་ཡིན། ད་ལྟ་གྲྭ་བཙུན་སྟོང་ལ་ཉེ་བ་ཞིག་ཡོད་ཅིང་རྒྱུད་སྟོད་གྲྭ་ཚང་དང་མཚན་ཉིད་གྲྭ་ཚང་གཉིས་སུ་ཕྱེས་ཡོད། རྒྱུད་སྟོད་གྲྭ་ཚང་གི་ཕྱག་ལེན་ནི་པོ་ཏ་ལའི་རྣམ་རྒྱལ་གྲྭ་ཚང་གི་ཕྱག་ལེན་དང་གཅིག་ཡིན་ཞེས་བཤེས་གཉེན་རིན་པོ་ཆེའི་ཞལ་ནས་ཐོས་པས་གཏམ་གླེང་འདི་ཚར་རྗེས་ཕྲན་ལའང་རྣམ་པ་ཚོར་ཕྱག་ལེན་སོགས་ཀྱི་སྐོར་ནས་དྲི་བ་རེ་འགའ་ཞུ་རྒྱུ་ཡོད།    རྒྱུད་སྟོད་གྲྭ་ཚང་ལ་སྔགས་ཀྱི་འཆད་ཉན་ཡང་ལེགས་པོ་ཚུགས་མྱོང་།  མཚན་ཉིད་གྲྭ་ཚང་ལ་བཀའ་པོད་ལྔའི་འཆད་ཉན་ཧ་ཅང་ལེགས་པོ་ཡོད།

མདོ་སྔགས་ཟུང་འབྲེལ་གྱི་ཆོས་སྡེ་ཆེན་པོ་འདི་ནས་ངས་རང་བློས་ལྕོགས་ཚོད་ཀྱིས་སློབ་གཉེར་ཕྲན་བུ་ཞིག་བྱས་རྗེས་མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་སོང་སྟེ་སྒྲ་རྩིས་སོགས་ཐ་སྙད་རིག་གནས་ཀྱི་སྐོར་དང་བློ་རྟགས་སོགས་གཞུང་གི་སྐོར་ལ་བག་ཆགས་ཅུང་ཙམ་བཞག  སྤྱི་ལོ་༡༩༩༥ལོར་བླ་མ་དང་སློབ་དཔོན་རྣམ་པའི་བཀའ་ལྟར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་དུ་འགྲོ་དགོས་བྱུང་། སྐབས་དེར་ང་ལ་དགེ་རྒན་བྱེད་པའི་ཡོན་ཚད་དང་སེམས་འདུན་གཉིས་ཀ་མེད་མོད། སྔོན་གྱི་ལས་དབང་ཟེར་བ་དེ་ངོ་མ་ཡ་མཚར་བ་དང་ལྡོག་ཏུ་མེད་པ་ཞིག་རེད།  ད་བར་དུ་སློབ་གླིང་དེ་དང་ཁ་འབྲལ་མ་མྱོང་ལ་འབྲལ་འདོད་ཡང་མེད་པ་ཞིག་ཆགས་སོང་།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གྲགས་སྙན་ད་ལྟ་གང་སར་ཁྱབ་བཞིན་ཡོད་པས་ངས་ངོ་སྤྲོད་མ་བྱས་ཀྱང་ཕལ་ཆེར་ཁྱེད་རྣམ་པས་གནས་ཚུལ་གསལ་བོ་མཁྱེན་ཚོད་རེད།

གཞན་ཆེད་དུ་ངོ་སྤྲོད་ཞུ་རྒྱུ་ཞིག་ལ།   སྤྱི་ལོ་༡༩༩༥ལོ་ནས་སི་ཁྲོན་མཛོད་དགེ་སྟག་ཚ་དགོན་གྱི་རྩོམ་པ་བོ་གྲགས་ཅན་ཨར་མའི་དགའ་བ་རྒྱ་མཚོ་ཚང་དང་ངེད་གཉིས་ཀྱིས་བོད་ཀྱི་སྒེར་གཉེར་དུས་དེབ་ཐོག་མའི་གྲས་གུར་ཀུམ་ཆུན་པོ་ཞེས་པ་ཞིག་གསར་སྤེལ་བྱས་ཏེ་ད་བར་དུ་རྒྱུན་སྐྱོང་བཞིན་ཡོད།  དུས་དེབ་ཀྱི་ཁ་ཕྱོགས་དང་ཁྱེད་ཆོས་གྲོགས་དྲྭ་ཚིགས་ཁང་གི་ཁ་ཕྱོགས་གཉིས་ཕལ་ཆེར་གཅིག་པ་རེད།    དེའི་ཕྱིར་ང་ཚོ་ལ་ཐུན་མོང་གི་ལྟ་ཚུལ་དང་བསམ་བློ་བརྗེ་རེས་བྱེད་སའང་མང་བོ་ཞིག་འདུག      དུས་དེབ་འདི་ནི་བོད་ཁམས་ཡོངས་ལ་ཁ་ཕྱོགས་པ་ཞིག་ཡིན་ཡང་དབུས་གཙང་ཕྱོགས་ནས་རྩོམ་སྐུར་མཁན་ཅུང་ཉུང་བས་རྗེས་ཕྱོགས་བསམ་བློ་དང་རྩོམ་ཡིག་གཉིས་ཆ་ནས་རྒྱབ་སྐྱོར་རེ་གནང་རོགས་གནང་། གོང་དུ་ཞུས་པ་ནི་རང་གི་གནས་ཚུལ་མདོར་བསྡུས་ཙམ་ཡིན་ལགས།

ད་དེ་རིང་གངས་ཅན་བོད་པའི་ཆོས་དང་རིག་གནས། ཆབ་སྲིད་དཔལ་འབྱོར་ཐམས་ཅད་ཀྱི་ལྟེ་གནས།      རྒྱལ་རབས་རིམ་བྱོན་མང་བོ་ཞིག་གི་བཞུགས་གནས་འདིར།   ང་ཚོ་ཚང་མ་སྤྲེལ་སྲིན་གྱི་གདུང་རྒྱུད་ལས་མཆེད་པ་ཞིག་ཡིན་པའི་ཆ་ནས་མཉམ་འཛོམས་བྱུང་ཡོད། ང་མདོ་སྨད་ནས་སྐྱེས་ཤིང་། ཁྱེད་རྣམ་པ་ཚང་མ་དབུས་གཙང་བ་ཤ་སྟག་ཡིན་པས་སྐྱེ་ཡུལ་མི་གཅིག་ཁ་ཁ་རེད།འོན་ཀྱང་ང་ཚོ་ཚང་མ་ལས་དང་དབང་ཐང་གཅིག་པ་རེད། སྐད་དང་ཡི་གེ་གཅིག་པ་རེད། ཆོས་ལུགས་དད་མོས་གཅིག་པ་རེད། ཡུལ་སྲོལ་གོམས་གཤིས་གཅིག་པ་རེད།  ཁྱད་པར་དུ་ང་ཚོའི་རྩ་ལམ་ན་རྒྱུ་བཞིན་པའི་ཟུངས་ཁྲག་འདི་ཡང་བོད་ཀྱི་ཟུངས་ཁྲག་ཡིན་པའི་གལ་གནད་དེ་ཤེས་རྒྱུ་གལ་ཆེན་པོ་རེད་སྙམ།

གྲྭ་བ་དང་བཙུན་མ་ཡིན་ན་འདྲ། འབྲོག་པ་ཡིན་ན་ཡང་ཆོག ཞིང་བ་ཡིན་ནའང་རུང་། དེ་བཞིན་དུ་ལས་བྱེད་པ་དང་སློབ་གྲྭ་བ། ཚོང་བ་དང་དཔོན་པོ་སོགས་སུ་ཡིན་ཡང་། ང་ཚོར་ཐུན་མོང་གི་འགན་འཁྲི་ཞིག་ཡོད་པ་ནི། བོད་མི་རིགས་ཀྱི་མདུན་ལམ་དེ་ཕྱོགས་གང་ཐད་ནས་ཡག་པོ་ཞིག་ཏུ་གཏོང་རྒྱུ་དེ་རེད།  བོད་མི་རིགས་ཀྱི་འདས་པའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན། ཧ་ཅང་གིས་ང་རྒྱལ་སྐྱེ་འོས་པ་དེ་འདྲ་ཞིག་རེད་མ་གཏོགས། ངོ་གནོང་དགོས་ས་དང་ཁ་སྐྱེངས་དགོས་ས་དེ་འདྲ་ཞིག་རྩ་བ་ནས་མ་རེད།  ངས་ནམ་ཡང་ང་བོད་པ་ཞིག་ཡིན་པ་དང་། མདོ་སྔགས་ཟུང་འབྲེལ་གྱི་ནང་ཆོས་ལ་སློབ་གཉེར་བ་ཞིག་ཡིན་པའི་ཆ་ནས་ལས་སྐལ་བཟང་བོ་ཅན་ཞིག་རེད་སྙམ་བཞིན་སྤོབས་པ་སྐྱེས་ནས་ཡོད། སྤོབས་པ་སྐྱེ་དགོས་པའི་རྒྱུ་མཚན་གསལ་ཙམ་བརྗོད་ན།

བོད་གདོད་མའི་སྤྱི་ཚོགས་དང་རྒྱལ་ཕྲན་སིལ་མ་ཉེར་ལྔ་སོགས་ཀྱི་གནས་ཚུལ་གསལ་ཞིབ་ཅིག་ང་ཚོས་ཤེས་དཀའ་ཡང་། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་རྒྱལ་རབས་ཉེར་བདུན་གྱི་རིང་བོན་སྲིད་ཟུང་འབྲེལ་བྱས་ཏེ་རང་རྐྱ་ཐུབ་པར་གནས་ཤིང་ཞིང་འབྲོག་དང་བཟོ་ལས་འཕེལ་རྒྱས་སོགས་ཀྱང་དགའ་རབ་བྱུང་འདུག་ལ། བོད་རང་ས་ནས་ས་སྐྱེས་རྡོ་སྐྱེས་ཀྱི་ཚུལ་དུ་དར་བའི་བོན་ཆོས་ལ་མི་རིགས་རང་བཞིན་དང་སྐབས་དེའི་གསར་བཏོད་རང་བཞིན།    བོད་པའི་ཤེས་རབ་རང་བཞིན་གྱི་ཆ་སོགས་འཛམ་གླིང་ཡོངས་ལ་ངོམ་ཆོག་ཆོག་གི་དགེ་མཚན་ཤིན་ཏུ་མང་། རྒྱལ་རབས་ཉེར་བདུན་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་རིང་ལ་ངེས་དོན་འཛམ་གླིང་ལ་ཞི་བདེ་བསྐྲུན་བྱེད། ཆོས་ལུགས་དང་ཚན་རིག་ཕལ་བ་བརྒྱ་སྟོང་གིས་བསྒྲུན་མི་བཟོད་པའི་ལུང་རྟོགས་གཉིས་ལྡན་གྱི་ནང་བསྟན་ཆོས་ལུགས་དེ་སྒང་བ་བོད་ཀྱི་ཡུལ་འདིར་དར་བའི་དབུ་བརྙེས་ཤིང་རྒྱལ་རབས་སོ་གསུམ་པ་སྲོང་བཙན་སྒམ་པོའི་རིང་ལ་དངོས་སུ་ལག་ལེན་གནང་། རྒྱལ་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་སོགས་ཀྱི་སྐུ་རིང་ལ་རྒྱ་གར་འཕགས་པའི་ཡུལ་ལས་ཀྱང་ཆེས་ཆེར་དར་རྒྱས་གོང་འཕེལ་དུ་སོང་།    དུས་རབས་འཕོ་འགྱུར་སོགས་ཀྱིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་ཉམས་རྒུད་མི་ཉུང་བ་ཞིག་བྱུང་མྱོང་ཡང་།   ཐོས་བསམ་སྒོམ་གསུམ་སོགས་ཕྱོགས་གང་ནས་བསམ་ཡང་ད་ལྟ་ས་སྒང་རིལ་མོ་འདིའི་ཁྲོད་ན་བོད་ལས་ལྷག་པའི་ནང་ཆོས་དར་ས་ཞིག་བཙལ་དུ་མེད་ཅིང་མི་མཐུད་དུ་རྒྱུན་འཛིན་བྱེད་ཐུབ་པའི་མཐུན་རྐྱེན་ཡང་ཡོངས་སུ་འཛོམས་ཡོད་པས་ང་བོད་པར་སྐྱེས་པ་འདིས་ནང་སེམས་ལ་སྤྲོ་དགའ་མི་འཕྱུར་རང་འཕྱུར་རེད།

གཞན་ཡང་བོད་ཀྱི་རྒྱལ་རབས་སོ་གཅིག་པ་སྟག་རི་གཉན་གཟིགས་དང་སོ་གཉིས་པ་གནམ་རི་སྲོང་བཙན་གཉིས་ཀྱི་སྐུ་རིང་ལ་བན་པ་དང་། འ་ཞ། ཞང་ཞུང་། ཟིང་བོ།    གཙང་སྟོད།  འཕན་ཡུལ།  དྭགས་པོ།  གྲུ་གུ་སོགས་རིགས་རུས་བོད་དུ་གཏོགས་ཀྱང་རྒྱལ་ཕྲན་གྱི་རྣམ་པར་གནས་པ་མང་བོ་དབང་འོག་ཏུ་བསྡུས་ཏེ་བོད་ཆེན་པོའི་རྨང་གཞི་ལེགས་པར་བཏིང་བའི་སྟེང་། འཕགས་མཆོག་ཐུགས་རྗེ་ཆེན་པོ་བསམ་བཞིན་གདོང་དམར་བའི་མགོན་སྐྱོབས་དང་དཔུང་གཉེན་དུ་བྱོན་པ།  རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཞེས་སྐུ་གཞོན་ནུའི་དུས་ནས་བཟོ་རྩིས་ལ་མཁས་ཤིང་སྒྱུ་རྩལ་སྣ་ཚོགས་ལ་བྱང་ཆུབ་པ་ཁོང་གིས། སྔར་བོད་བཙན་པོའི་འབངས་རིས་སུ་གཏོགས་ཀྱང་སྔ་ཕྱིར་ངོ་ལོག་པའི་དྭགས་ཀོང་མྱང་གསུམ་དང་།   ཞང་ཞུང་།  སུམ་པ། འ་ཞ་སོགས་དབང་འོག་ཏུ་བསྡུས་ནས་བོད་ཁམས་གཅིག་གྱུར་བྱས་རྗེས། བལ་བོ་དང་། འབྲུག་ཡུལ།   འབྲས་ལྗོངས།  རྒྱ་གར་ནག་གི་ཡུལ་ཁམས་མང་བོ་སྟོབས་ཀྱིས་བླངས། བོད་ཁམས་ཡོངས་རྫོགས་དབུ་རུ་དང་། གཡོ་རུ། གཡས་སུ།   རུ་ལག  སུམ་པའི་རུ་བཅས་རུ་ཆེན་ལྔ་རུ་བགོས།  དམག་ཁག་རེ་རེར་དམག་དཔོན་ཆེ་འབྲིང་ཆུང་གསུམ། ཁྲི་དཔོན། སྟོང་དཔོན། བརྒྱ་དཔོན་སོགས་ཀྱི་གོ་གནས་རིམ་པར་བསྒྲིགས། དམག་རུ་སོ་སོའི་རུ་དར་གྱི་ཁ་དོག་དང་དབྱིབས་གཟུགས།     དམག་རྟའི་ཁ་དོག་དང་གོ་མཚོན་སོགས་ཀྱང་ལེགས་པར་གཏན་ལ་ཕབ།   ཡུལ་གྱི་དབང་རིས་བཅོ་བརྒྱད། སྟོང་སྟེ་དྲུག་ཅུ་རེ་གཅིག  དཔའ་བའི་སྡེ་གསུམ།   རྩེ་བཅུ་སོགས་སྒྲིག་གཞི་སྣ་ཚོགས་ཚགས་དམ་ལ་གོ་རིམ་ཡོད་པ་བྱ་སྤུ་ནོན་གྱི་ཚུལ་དུ་གཏན་ལ་ཕབ་པར་མ་ཟད། དགུང་བློན་དང་ནང་བློན། བཀའ་བློན། ཁབ་ཀྱི་དཔོན་བདུན་སོགས་ཞི་དྲག་བློན་པོ་རབ་འབྲིང་ཐ་གསུམ་བསྐོ་བཞག་མཛད།དགེ་བ་བཅུའི་ཁྲིམས་དང་། མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས། ཁྲིམས་ཆེན་བདུན། ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས།  གསེར་ཐོག་ཤ་བ་ཅན་གྱི་ཁྲིམས།   རྒྱལ་ཁམས་དཔེར་བླངས་ཀྱི་ཁྲིམས། མདོ་ལོན་ཞུ་བཅད་ཀྱི་ཁྲིམས། དབང་ཆེན་བཅད་ཀྱི་ཁྲིམས། ནང་སོ་ཁབ་ཀྱི་ཁྲིམས། བོད་ཁྲིམས་ཉི་ཤུ་སོགས་གཏན་ལ་ཕབ་སྟེ་ཆོས་སྲིད་ལུགས་གཉིས་ཀྱི་སྒོ་ནས་ཡངས་པའི་རྒྱལ་ཁམས་ཆེན་པོ་ཆོས་བཞིན་བསྐྱངས།  ཚོང་ལས་འཕེལ་རྒྱས་སུ་བཏང་ཞིང་ཁྲལ་རིགས་ཉུང་ངུར་མཛད།  བློན་ཆེན་ཐོན་མིར་བཀའ་གནང་བ་བཞིན་དབྱངས་གསལ་སོ་བཞིའི་བདག་ཉིད་ཅན་གྱི་བོད་ཡིག་གསར་བཏོད་མཛད་ཅིང་མདོ་རྒྱུད་ཀྱི་གཞུང་ལུགས་མང་བོ་བོད་སྐད་དུ་བསྒྱུར།   རྒྱ་བལ་གཉེན་དུ་བསྡེབས་ཏེ་ཤེས་རིག་ནོར་གྱི་ཕྱྭ་གཡང་བོད་ལ་དྲངས།     མཐའ་འདུལ་ཡང་འདུལ་རུ་གནོན་གྱི་ལྷ་ཁང་སོགས་གྲངས་མང་བོ་བཞེངས། སྟོབས་འབྱོར་མངའ་ཐང་དབྱར་མཚོ་བཞིན་རྒྱས་ཏེ་ཡ་གླིང་ཤར་རྒྱུད་ན་འགྲན་ཟླ་དང་བྲལ་བར་གྱུར་གཤིས། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་།  གཡོ་མེད་སྙིང་རྗེའི་དབང་ཕྱུག་སྤྱན་རས་གཟིགས།   །ཡུད་ཙམ་ཁྲོས་པའི་སྤྱན་གྱི་སྡང་མིག་གིས།   །གསེར་འབྲུག་སྡེར་ལྔའི་ཁྲི་ལ་འགྱིང་བ་ཡི། །མཐུ་ལྡན་གནམ་གྱི་བུ་ཡང་འདར་བར་བྱས།  ། ཞེས་དང་།  སྙིང་སྟོབས་དགུ་འགྱུར་སྲོག་གི་དབྱུག་པ་ལ།  །རྟ་མཆོག་ཁྲོས་པའི་བཀའ་ཡིས་རྗེས་བཏབ་པའི།   ། སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་དཔུང་གིས།    །སུམ་གཉིས་ས་ཡི་དཀྱིལ་འཁོར་བཟུང་རྗེས་གྲགས། །ཞེས་དོན་ལ་གནས་པའི་བསྟོད་ཚིག་གི་མེ་ཏོག་འདི་ཕུལ་བ་རེད།

གཞན་ཡང་མང་སྲོང་མང་བཙན་གྱི་སྐབས་འཇང་དང་འ་ཞ་སླར་ཡང་དབང་འོག་ཏུ་བཅུག་ཅིང་རྒྱ་ཡུལ་མང་བོ་བཅོམ་པ།  འདུས་སྲོང་མང་བོ་རྗེའི་སྐབས་དྲུ་གུ་སླར་ཡང་ཚར་བཅད་ཅིང་རྒྱའི་མཁར་གྲོང་དུ་མ་སྟོབས་ཀྱིས་བླངས་པ། ཁྲི་ལྡེ་གཙུག་བརྟན་གྱི་སྐབས་རྒྱ་བལ་གཉེན་དུ་བསྡེབས་ཏེ་འབྱུང་རྩིས་སོགས་ཤེས་རིག་གཏེར་མཛོད་བོད་ལ་དྲངས་ཤིང་མ་ཧཱ་ཙི་ནའི་ཨན་ཞི་སྡེ་བཞི་སོགས་བཙན་གྱིས་འཕྲོག་པ།ཁྱད་པར་དུ་བོད་རྒྱལ་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་ནམ་འཛམ་གླིང་རྒྱལ་བོར་ གྲགས་པ་ཁོང་གིས་མཁན་སློབ་རྣམ་གཉིས་གདན་དྲངས་ཤིང་བོད་ཀྱི་དགོན་པ་དང་སློབ་གྲྭའི་ཐོག་མ་བསམ་ཡས་གཙུག་ལག་ཁང་གསར་དུ་བཙུགས་པ།དགེ་འདུན་པའི་སྡེ་ཐོག་མར་སྤེལ་བ།     མདོ་རྒྱུད་རིག་གནས་མང་བོ་བོད་སྐད་དུ་བསྒྱུར་ཅིང་ཐོས་བསམ་གྱིས་གཏན་ལ་ཕབ་ཏུ་བཅུག་ནས་བོད་རིག་པ་འདི་འཛམ་གླིང་གི་གཙུག་ནོར་དུ་བཀོད་པ།  བོད་དང་རྒྱ་གར་ནག་གི་པཎ་གྲུབ་མང་བོ་རྩོད་པར་བསྡུས་ཏེ་བསྟན་པའི་དག་ཐེར་གནང་ཞིང་ཧྭ་ཤང་མ་ཧྭ་ཡ་ནའི་ལྟ་ངན་སུན་འབྱིན་པར་མཛད་པ། རྒྱ་ནག་གོང་མ་ཁྲི་ལས་ཕབ་ཅིང་དཔྱ་ཁྲལ་གྱི་གཏེར་སྒོ་ངང་གིས་ཕྱེས་པ་སོགས་སྐད་གསེང་མཐོན་པོ་དང་ང་རྒྱལ་ཆེན་པོས་གླེང་ཆོག་ཆོག་གི་ལོ་རྒྱུས་མང་དུ་ཡོད་པས། ལོ་ཙཱ་བ་དགེ་འདུན་ཆོས་འཕེལ་གྱིས་ཀྱང་།   གཏུམ་དྲག་དཔའ་བོའི་སྙིང་རྩ་རལ་བྱེད་པའི།  །གདོང་དམར་དམག་གི་ཀི་སྒྲ་གསན་པ་ན།    །གནམ་གྱིས་བསྐོས་པའི་ས་ཡི་ཚངས་པ་ཡང་། །གཡོ་མེད་གསེར་གྱི་ཁྲི་ལས་བཤོལ་ཏེ་བྲོས། །ཞེས་རང་ཅག་ཁེངས་སེམས་སྐྱེ་འོས་པའི་གསུང་དེ་འདྲ་གནང་འདུག་པ་ལྟར་རེད།

ཁ་ཅིག་གི་སྣང་ངོར་དེ་དག་ཐམས་ཅད་ནི་ལོ་རྒྱུས་སུ་གྱུར་ཟིན་པས་ད་ལྟ་གླེང་རིན་མེད་པའམ་གླེང་ཡང་དགོས་ཕན་མེད་པ་ལྟ་བུ་ཞིག་ཏུ་བསམ་སྲིད་ལ།  དེ་ལྟར་བརྗོད་མཁན་གྱི་གཞོན་སྐྱེས་རེ་འགའ་ལ་ང་ཐུག་ཀྱང་མྱོང་།   འོན་ཀྱང་ངས་བརྗོད་འདོད་པ་ནི་ང་ཚོ་སྔར་ནས་བཟུང་ནུས་མེད་ཉམ་ཆུང་གི་མི་རིགས་ཤིག་ཡེ་ནས་མ་ཡིན་ལ་མེས་པོ་གོང་མ་ཚོའི་ཕྱག་རྗེས་དང་ཐུགས་སྟོབས་ལ་བལྟས་ན་ནང་སེམས་སྤྲོ་དགའ་དང་ཁེངས་དྲེགས་སྐྱེ་འོས་པ་ཤ་སྟག་རེད་ཅེས་པ་དེ་ཡིན། དེ་མིན་འདས་པའི་ལོ་རྒྱུས་ཐོག་ང་ཚོའི་མི་རིགས་འདི་ཡ་མཚན་ཞིག་ཡིན་ཞེས་རང་དགར་གཉིད་བསྡད་པས་ཅི་ཡང་མི་འཁྱོངས་པ་ངས་མ་བཤད་ཀྱང་དངོས་ཡོད་གནས་ཚུལ་གྱིས་ང་ཚོར་གསལ་ཞིབ་ཏུ་ངོ་སྤྲོད་བཞིན་པ་ལྟར་རེད།

དགེ་འདུན་པ་དང་སློབ་ཆེན་པ་སོགས་འདིར་བཞུགས་ལྷན་རྒྱས་ཀྱིས་ཐུགས་བསམ་གཏོང་རོགས། མཐུན་སྒྲིལ་གནང་རོགས།  བརྩོན་པ་བསྐྱེད་རོགས།  དེ་ལྟར་རླབས་ཆེ་བའི་སྟོབས་ལྡན་མི་རིགས་ཤིག་ཅིའི་ཕྱིར་ཉམས་རྒུད་དུ་གྱུར་བ་རེད། ཅིའི་ཕྱིར་རང་གི་ཡུལ་སྲོལ་གོམས་གཤིས་དང་རང་གི་ཕ་སྐད་ཕ་ཡིག་ལ་བདག་པོའང་རྒྱག་མི་ཐུབ་པའི་མདོ་མེད་ཀྱི་མི་རིགས་ཤིག་ཏུ་གྱུར་བ་རེད། ལྷག་པར་དུ་དུས་རབས་ཉེར་གཅིག་པ་སྟེ་མི་རབས་ང་ཚོའི་རིང་འདིར་གངས་ཅན་བོད་པའི་ཡོད་ཚད་ཟླ་བ་མར་འགྲིབ་ཀྱི་ཕྱོགས་སུ་ཤོར་ཏེ།   ཚེ་སྲོག་འགག་ལ་ཁད་དང་དབུགས་རྒྱུན་ཆད་ལ་ཁད་དུ་གྱུར་ཡོད།     ཁོག་ན་སྙིང་དང་སྙིང་ལ་འཕར་ལྡིང་ཅན་ཞིག་ཡིན་ན་བལྟས་བལྟས་རིག་རིག་ལ་རང་རིགས་ཉམས་པར་གྱུར་ཀྱང་ཁ་ཡ་མི་བྱེད་མཁན་ཞིག་གང་ན་ཡོད། ཁ་ཡ་བྱེད་འདོད་ཡོད་པ་ཙམ་གྱིས་མི་ཆོག་པར་ཇི་ལྟར་ཉམས་རྒུད་ལས་སྐྱོབས་པའི་ཐབས་ཤེས་འཚོལ་དགོས། ཐབས་ཤེས་ཡག་ཤོས་ཤིག་ངོས་ཟིན་པས་ཀྱང་མི་ཆོག་པར་མྱུར་བ་མྱུར་བར་ལག་ལེན་དུ་བསྟར་ཐུབ་དགོས། ཐབས་དེ་ལག་བསྟར་བྱས་པ་ཙམ་མ་ཡིན་པར་དེའི་ལྡོག་ཕྱོགས་ཀྱི་འགལ་རྐྱེན་ཡོད་ཚད་ལ་ཁ་གཏད་གཅོག་ཐུབ་པའི་ཆོད་སེམས་དང་སྙིང་སྟོབས་ཡོད་དགོས།      དེ་ཡང་བླུན་པོའི་ཨུ་ཚུགས་ཀྱི་སྙིང་སྟོབས་སུ་མ་སོང་བར་གནས་ལུགས་དང་དྲང་བདེན་གྱི་དབུ་མའི་ལམ་ཆེན་ནས་བརྟན་པོར་འགྲེང་སྟེ།    མདོ་དབུས་ཁམས་གསུམ་གྱི་བསམ་བློའི་གོང་བུ་གཅིག་གྱུར། གནའ་དེང་རིག་པའི་གཞུང་ལུགས་ཟུང་དུ་སྦྲེལ་ཏེ་མི་རིགས་ཡར་རྒྱས་ཀྱི་སྒུལ་ཤུགས་སུ་བྱེད་སྤྱོད་གཏོང་ཤེས་པ།  སྤྱི་དོན་སྣང་མེད་དུ་མི་གཏོང་བར་རྒན་དར་གཞོན་གསུམ་དང་སྐྱ་སེར་རེས་མེད་ཀྱིས་ཁ་བ་བོད་པའི་བདེ་སྡུག་ཕྲག་ཏུ་ལེན་པའི་འགན་འཁྲིའི་འདུ་ཤེས་གཙང་མ་རེ་ཅིས་ཀྱང་ཡོད་དགོས་རྒྱུ་རེད་སྙམ།

ཧོལ་རྒྱུགས་དང་འུར་ཟིང་གི་ཀློང་དུ་ཚུད་པའི་ང་ཚོའི་མི་རབས་འདིས་བོད་ཡིག་མི་ཤེས་ཤིང་བོད་སྐད་མི་འཁྱོངས་པ།   མདོ་དབུས་ཁམས་གསུམ་པོ་རང་རང་ས་ན་རང་ལྟ་མཆོག་འཛིན་གྱིས་ཁེངས་ཤིང་རང་གི་ལྟོ་གོས་གཏམ་གསུམ་མ་གཏོགས་ཅི་ཡང་མི་དྲན་པའམ་དྲན་མི་འདོད་པ་སོགས་ནི་བཟོད་མི་ཐུབ་པའི་ངའི་སེམས་ཀྱི་ན་ཟུག་དང་སོས་མི་ཐུབ་པའི་རྨ་ཁ་ཡིན།  དེའི་ཕྱིར་ང་ཚོ་མཉམ་འཛོམས་ཀྱི་གོ་སྐབས་འདི་དང་འབྲེལ་ཏེ་ངས་གླེང་འདོད་པའང་དེ་དག་ཁོ་ན་ཡིན།

ང་ཚོ་འཛམ་གླིང་སྤྱིས་ཁས་ལེན་པའི་མི་རིགས་ཤིག་དང་ཁྱད་པར་དུ་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རིག་གནས་ཀྱི་གཏིང་ཟབ་པའི་མི་རིགས་ཤིག་ཡིན་པའི་ཆ་ནས་མི་རིགས་ཀྱི་ཁེ་དབང་གླེང་བ་དང་འཛིན་པའི་དབང་ཆ་ཅིས་ཀྱང་ཡོད་པ་རེད། ང་ཚོ་ལ་རང་སྐྱོང་གི་སྲིད་ཇུས་ཤིག་ཡོད།  ང་ཚོས་ཅི་ཞིག་རང་སྐྱོང་བྱེད་ཆོག་པ་རེད།    མི་རིགས་རང་གི་ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས། སྐད་དང་ཡི་གེ་སོགས་རང་སྐྱོང་དང་རང་བདག་བྱེད་ཆོག     དེ་ནི་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་རྩ་ཁྲིམས་རེད་ལ་ཐུན་མོང་གི་ཕྲག་ཏུ་བབས་པའི་འོས་འགན་འགན་ཡང་རེད།  དེ་དག་རྒྱུད་འཛིན་དང་དར་སྤེལ་བྱེད་ཐུབ་ན་མི་རིགས་ཀྱི་ལ་རྒྱ་ཡང་བཟུང་བ་རེད་སྙམ།

མཁས་དབང་དོར་ཞི་ཚང་གི་སྙན་རྩོམ་ཞིག་ཏུ།  མི་རིགས་ཞེས་པ་རིག་གནས་ཆ་ནས་འཇོག  །རིག་གནས་རྩ་བ་ཉམས་ན་མི་རིགས་ཀྱི།   །ལྗོན་ཤིང་སྐམས་ཕྱིར་རིག་གནས་ལ་སྡང་བ།    །མི་རིགས་རྩ་མེད་གཏོང་བའི་ངན་གཡོ་ཡིན།    །ཞེས་པ་ཞིག་གསུངས་འདུག   ངས་དེ་ནི་ཧ་ཅང་གིས་རྒྱུ་མཚན་ལྡན་པའི་གསུང་ཞིག་རེད་སྙམ། ང་ཚོ་གངས་རིའི་འདབས་ན་ཡོད་པས་བོད་རིགས་ཞེས་ལོགས་སུ་བཀར་བ་མིན་ལ་ཞིང་འདེབས་ཕྱུགས་སྐྱོང་བྱེད་མཁན་ཞིག་ཡིན་པས་བོད་རིགས་ཞེས་ལོགས་སུ་བཀར་བའང་མིན།   ང་ཚོ་ལ་གཞན་དང་མི་འདྲ་བའི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས།   ས་ཁོངས།  ཁྱད་པར་དུ་རྒྱ་ཆེན་གཏིང་ཟབ་ཀྱི་ཐུན་མིན་བོད་རིག་པ་ཞེས་པ་ཞིག་ཡོད་པས། འཛམ་གླིང་ན་སྐད་གྲགས་ཆེ་ཞིང་དཔྱོད་ལྡན་དག་འགྲམ་ཆུ་ལྡང་ཡུལ་གྱི་བོད་མི་རིགས་ཞེས་པ་ཞིག་ལོགས་སུ་གྲུབ་ཡོད་པ་དེ་རེད།    དེས་ན་མི་རིགས་ཤིག་གི་ངོ་བོ་དེ་གཙོ་བོ་རིག་གནས་ཀྱི་ཆ་ནས་འཇོག་དགོས་པ་ཡིན་ན།  བོད་པའི་སེམས་ཁམས་དང་ཤ་འདྲེས་བག་འདྲེས་སུ་གྱུར་བའི་བོད་བརྒྱུད་ནང་བསྟན་གྱིས་མཚོན་པའི་སྲོལ་རྒྱུན་རིག་གནས་དག་ཤར་ལ་གཡུག་དགོས་སྐད་ཀྱི་བོད་རིགས་གཞོན་སྐྱེས་རེ་དགའི་ལ་རྒྱ་དེ་ནི་དོན་དམ་མི་རིགས་འདི་རྩ་མེད་གཏོང་བའི་ངན་གཡོ་ཞིག་ཏུ་སོང་འདུག་པས་བསམ་བློ་ནང་དུ་བསྐོར་ཏེ་ཡང་བསྐྱར་བསམ་གཞིག་ཅིག་མི་གཏོང་རང་གཏོང་རེད།  མི་སུ་ལ་དྲིས་ཀྱང་རང་གི་མི་རིགས་རྩ་མེད་གཏོང་འདོད་ཅེས་ལན་འདེབས་མཁན་ཞིག་མེད་ལ་དེ་འདྲའི་ཐ་ཆད་ཀྱི་བསམ་བློ་ཡོད་ས་ཞིག་ཕལ་ཆེར་ཡོད་ཀྱང་མི་སྲིད།   འོན་ཀྱང་སྔོན་དཔག་རྗེས་དཔྱོད་ཀྱི་བློ་སྟོབས་མ་རྫོགས་པ་མང་བོ་ཞིག་གིས་རང་མི་རིགས་འཚོ་གནས་དང་སྒལ་ཚིགས་དྲང་མོའི་ཆེད་ཡིན་སྣང་གིས་མ་བསམ་ས་ནས་མི་རིགས་ཀྱི་ལྗོན་བཟང་རྩད་ནས་སྐམ་བྱེད་ཀྱི་སྦྱོར་བ་རྩོམ་བཞིན་པའང་དེང་གི་དུས་འདིར་ཉུང་ཉུང་མ་རེད། འོན་ཀྱང་ཁྱེད་རྣམ་པས་གོང་ནས་ངོ་སྤྲོད་དང་བགྲོ་གླེང་བྱེད་ཚུལ་ལ་བལྟས་ན་ཁྱེད་ཚོའི་ནང་དུ་དེ་འདྲའི་རིགས་ཧ་ཅང་ཉུང་ཉུང་ཡིན་ཚོད་རེད།   དེའི་ཕྱིར་མདུང་རྩེ་ནང་བསྐོར་ལ་ཟོན་བྱེད་དགོས་པའི་སྐོར་ནས་ངས་དེ་རིང་མང་བོ་མི་བཤད།

མི་རིགས་ཀྱི་ངོ་བོ་དེ་གཙོ་བོ་རིག་གནས་སེམས་ཁམས་ཀྱི་སྟེང་ནས་འཇོག་ན། དེ་དག་རྒྱུན་འཛིན་བྱེད་ཀྱི་རྩ་བའི་རྩ་བར་གྱུར་བ་རང་གི་སྐད་དང་ཡི་གེ་ཡིན་པ་སྨོས་མེད་རེད། དཔེར་ན། ང་ཚོ་མདོ་དབུས་ཁམས་གསུམ་གྱིས་བསྡུས་པའི་བོད་མི་རིགས་འདི་ཕྲེང་བ་ཞིག་ཡིན་པའི་དབང་དུ་བཏང་ན།  བོད་སྐད་དང་བོད་ཡིག་ནི་དེ་དག་ཕྱོགས་གཅིག་ཏུ་སྡུད་བྱེད་ཀྱི་ཕྲེང་ཐག་ལྟ་བུ་ཞིག་རེད་ཅེས་བཤད་ཆོག   ཕྲེང་ཐག་འདི་ཆད་སོང་ན་ང་ཚོ་ལ་གཅིག་གྱུར་གྱི་བསམ་བློ་དང་ཐུན་མོང་གི་རིགས་ཞེན་ཞིག་སྐྱེ་སར་མི་འགྲོ།  མཐུན་སྒྲིལ་ཞེས་པ་རྨི་ལམ་ཙམ་རེད།   མདུན་བསྐྱོད་ཅེས་པ་སྟོང་སྣང་ཙམ་རེད།  བོད་མདོ་དབུས་ཁམས་གསུམ་སོ་སོར་གྱེས་འགྲོ།  སྐད་ཡིག་ཉམས་རྒུད་ཀྱི་མཇུག་འབྲས་ནི་བསམ་མི་ཕོད་པ་ཞིག་རེད།

འཛམ་གླིང་གི་ལོ་རྒྱུས་ཐོག་མི་རིགས་ཉམས་རྒུད་དང་རྩ་མེད་དུ་སོང་བ་ཆེས་མང་བོ་ཞིག་ཡོད། འབྲེལ་ཡོད་ཡིག་ཆ་དག་ན། དུས་རབས་ཉི་ཤུ་བའི་ནང་དུ་འཛམ་གླིང་གི་སྐད་རིགས་སྟོང་ཕྲག་གཅིག་ནུབ་སྟེ་སའི་གོ་ལའི་སྟེང་ནས་མེད་པར་གྱུར་བ་དང་། ད་ལྟ་མ་མཐའ་ཡང་གཟའ་འཁོར་གཉིས་རེའི་ནང་ནས་སྐད་རིགས་རེ་ནུབ་པར་འགྱུར་བཞིན་ཡོད་པས། ལོ་བརྒྱ་ཙམ་གྱི་རྗེས་སུ་ད་ཡོད་ཀྱི་སྐད་རིགས་སྟོང་ཕྲག་དྲུག་ལས་སུམ་སྟོང་ཙམ་གཞི་མེད་དུ་འགྱུར་བའི་ཉེན་བརྡ་བཏང་འདུག་ཟེར།  འོན་ཀྱང་སྐད་རིགས་ཉམས་རྒུད་དུ་གྱུར་བའི་ལོ་རྒྱུས་གང་ལ་བལྟས་ཀྱང་མི་རིགས་ཤིག་གིས་མི་རིགས་གཞན་ཞིག་གི་སྐད་རིགས་དེ་མདའ་མཚོན་བཀོལ་ནས་མེད་པར་བྱས་པ་ཞིག་གཏན་ནས་མེད་པར། ཕྱི་ཡི་རྐྱེན་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས་ཀྱི་ཤུགས་རྐྱེན། ནང་གི་རྐྱེན་རང་གི་སྐད་རིགས་ལ་མོས་པ་མེད་པ། དེ་བཤད་པར་ངོ་ཚ་བ། རྗེས་ལུས་སུ་སྣང་བ།   རང་གི་མི་རིགས་དང་དེའི་རིག་གནས་གོམས་སྲོལ་སོགས་ལ་དུང་བ་ལྷོད་པ། གཞན་གྱི་སྐད་རིགས་སྔོན་ཐོན་ཅན་དུ་མཐོང་བ། དེ་བཤད་ན་རང་ཉིད་ཀྱི་གཟི་བརྗིད་དུ་སེམས་པ་སོགས་ཕྱི་ནང་གི་རྒྱུ་རྐྱེན་ཕྲ་རགས་མང་བོ་ཞིག་གིས་དམར་གསོད་བཏང་བའམ་རང་ཤི་བརྒྱབ་པ་སོགས་ཀྱི་སྐད་རིགས་ནི་བགྲང་གིས་མི་ལོངས་པ་ཞིག་ཡོད་འདུག  དཔེར་ན།   ལོ་རྒྱུས་ཐོག་གི་མན་ཇུ་མི་རིགས་ལྟ་བུ་ལ་མཚོན་ན།  སྤྱི་ལོ་༡༦༤༤ལོར་རྒྱ་ནག་གྱི་བྱང་ཤར་ནས་མགོ་བརྩམས་ཏེ་མན་རིགས་ཀྱིས་དབང་བསྒྱུར་ཞིང་རིམ་གྱིས་ཕལ་ཆེར་རྒྱ་ནག་གི་ས་གནད་གཙོ་ཆེ་བ་ཐམས་ཅད་དུ་མན་རིགས་ཀྱི་དཔོན་རིགས་དང་དེ་དག་གི་ཁྱིམ་མི་གཡོག་ འཁོར་དམག་དཔུང་དང་བཅས་པ་གཏན་སྡོད་བྱས་པ་སོགས་དབང་ཤུགས་ཤིན་ཏུ་རྒྱས་ཀྱང་།   གནས་སྐབས་ཀྱི་དགོས་མཁོ་ཙམ་ལ་དམིགས་ཏེ་མན་རིགས་དཔོན་པོ་རྣམས་ཀྱིས་སྣེ་ཁྲིད་ཅིང་སྤྱི་དམངས་ཡོངས་ཀྱིས་གཞུག་དེད་ནས་རྒྱ་ཡིག་དང་རྒྱ་སྐད་ཁོ་ན་བསླབས་པས་གོང་མ་ཆན་ལོང་གི་ཁྲི་ལོའི་སྟོད་དེ་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ཙམ་ལ་སླེབས་པ་ན་རྒྱ་ནག་གི་ཤར་ཕྱོགས་སོགས་ན་ཡོད་པའི་མན་རིགས་པ་རྣམས་ཀྱིས་རང་གི་སྐད་རིགས་ཡོངས་སུ་དོར་བ་མ་ཟད་ཡུལ་སྲོལ་གོམས་གཤིས་ཕལ་ཆེར་ཡང་རྒྱ་དང་དབྱེར་མེད་དུ་གྱུར། ཁང་ཤུའི་སྲིད་ལོའི་སྨད་ཙམ་ནས་ལོ་བརྒྱ་ཙམ་སོང་བ་ན་པེ་ཅིང་གྲོང་ཁྱེར་ན་ཡོད་པའི་མན་རིགས་ཐམས་ཅད་ཀྱིས་མན་སྐད་དོར་ནས་རྒྱ་སྐད་རྐྱང་རྐྱང་བཤད། ད་ནས་ལོ་ལྔ་དྲུག་ཙམ་གྱི་ཡར་སྔོན་དེར་ལོ་དྲུག་ཅུ་ཡན་ལ་སོན་པའི་རྒན་པོ་བརྒྱད་ཙམ་གྱིས་ཟ་འཐུང་སྐོར་གྱི་མན་སྐད་ཐར་ཐོར་རེ་བཤད་ཤེས་ཟེར་ཏེ། སྟོབས་ལྡན་གྱི་མི་རིགས་ཤིག་དེ་ལྟར་རྒྱ་མཚོར་ཁ་བ་ཐིམ་པ་བཞིན་གཞི་མེད་དུ་གྱུར་འདུག  དངོས་བྱུང་ལོ་རྒྱུས་འདིས་ང་ཚོ་ལའང་བསམ་མི་འདོད་པའི་ཉེན་བརྡ་གཏོང་བཞིན་ཡོད།

ངས་གོང་དུ་བཤད་པ་ནི་དཔེ་མཚོན་ཙམ་སྟེ་མི་རིགས་ཉམས་རྒུད་དུ་སོང་བའི་ལོ་རྒྱུས་གཞན་ཤིན་ཏུ་མང་བོ་ཡོད།   ཡ་ང་བའི་གཏམ་རྒྱུད་འདི་གསན་རྗེས་ང་ཚོས་རང་མི་རིགས་ཀྱི་གནས་བབས་ལ་བསམ་གཞིག་ཅིག་ཅིས་ཀྱང་གནང་དགོས།   རང་རེ་བོད་མི་རིགས་ནི་མི་གྲངས་ཁྲི་ཚོ་དྲུག་བརྒྱར་ལོངས་མི་ལོངས་ཀྱི་གྲངས་ཉུང་མི་རིགས་ཤིག་རེད།    མང་ཚོགས་བཅོས་བསྒྱུར་ཟེར་བ་བྱས་རྗེས་ཀྱི་མི་ལོ་ལྔ་བཅུ་དྲུག་ཅུའི་རིང་འདིར་བོད་མདོ་ཁམས་གསུམ་གྱི་ལས་བྱེད་པ་དང་གྲོང་ཁྱེར་བ། སློབ་གྲྭ་བ་དང་བྱིས་པ།   ཐ་ན་ཞིང་འབྲོག་མང་ཚོགས་དང་བཅས་པའི་ཁྲོད་ན་བོད་སྐད་གཞི་ནས་བརྗེད་པའམ།  བརྗེད་ལ་ཉེ་བ།  བརྗེད་བཞིན་པ།   བརྗེད་པར་ངེས་པ་སོགས་མི་རིགས་ཉམས་རྒུད་ཀྱི་ཐན་ལྟས་ཕྱོགས་སྣ་ཚོགས་ནས་ཚང་བཞིན་ཡོད་པར་མ་ཟདདུས་རབས་ཀྱི་འགྲོས་དང་བསྟུན་ཏེ་བྱ་དངོས་གསར་བ་མང་དུ་འབྱུང་བཞིན་པ་དག་ལའང་བོད་སྐད་ཀྱིས་མང་བཏགས་པ་མཐུས་ཚང་མ་རེད།  མིང་རེ་འགའ་བཏགས་ཡོད་པ་རྣམས་ཀྱང་ཡོན་ཏན་པའི་སྡེ་ཁོ་ན་ཙམ་མ་གཏོགས་ཞིང་འབྲོག་མང་ཚོགས་ཀྱིས་བཀོལ་སྤྱོད་བྱེད་མི་ཤེས་པར་དག་ལ་མ་དག་པའི་རྒྱ་སྐད་ཀྱིས་འབོད་བཞིན་ཡོད།

ཁྱད་པར་དུ་ངས་དེ་རིང་ཁྱེད་རྣམ་པར་བརྗོད་འདོད་པ་ཞིག་ལ། ཨ་མདོ་བ་དང་ཁམས་པ། གཙང་ས་སྐྱ། མངའ་རིས་པ་སོགས་ཀྱི་སེམས་ཁོང་ན་ཉི་མ་ལྷ་ས་ནམ་ཡང་ཉི་མ་བཞིན་དུ་འོད་ཀྱི་གོང་བུར་སྒོམ་ནས་ཡོད།  ཆོས་དང་རིག་གནས།  ཡུལ་སྲོལ་གོམས་གཤིས།     ལ་རྒྱ་དང་རིགས་ཞེན་བཅས་ཕྱོགས་གང་ནས་བསམ་ཡང་རེ་བ་འཆང་ས་གཅིག་བུ་ཡིན།    ལོ་རྒྱུས་ཀྱི་ངོས་ནས་བསམ་ན་དེ་ལྟར་ཡིན་ཡང་དགོས་པ་རེད།འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་ད་ལྟའི་ཉི་མ་ལྷ་ས་ནི་ང་ཚོའི་སེམས་ཁོང་ན་གཟི་བརྗིད་ཀྱིས་འགྱིང་བའི་ཉི་མ་ལྷ་ས་དེ་མ་རེད།  སེ་འབྲས་དགེ་གསུམ་གྱི་འཆད་ཉན་དང་། ཇོ་ཤཱག་རྣམ་གཉིས་ཀྱི་བྱིན་རླབས། གནའ་མཁར་པོ་ཏ་ལའི་ཁྱད་ཆོས་སོགས་ད་དུང་ཡང་ངོམ་ཆོག་ཆོག་དུ་ཡོད་པ་ལས།   གཞན་ལྷ་ས་ན་སེམས་འཛིན་དུ་བྱེད་ཆོག་པ་ཞིག་ཕལ་ཆེར་མི་འདུག་ཅེས་བཤད་ཀྱང་ཐལ་མི་ཆེ་བ་ལྟ་བུར་གྱུར་འདུག  ཕྱི་གླིང་ཡུལ་སྐོར་བ་ཚོས་ཀྱང་། ལོ་བཅུ་ཕྲག་ཁ་ཤས་ཀྱི་ཡར་སྔོན་དུ་ལྷ་སར་མ་སླེབས་ན་བོད་དུ་སླེབས་སྣང་མི་སྐྱེ་ཞིང་། ད་སྐབས་ལྷ་སར་སླེབས་པས་བོད་དུ་སླེབས་གོ་མི་ཆོད་ཅེས་བཤད་སྐད་ལ་བདེན་པའི་ཆ་ཞིག་མི་འདུག་གམ།

ང་ད་སྔོན་ལྷ་སར་ཐེངས་བཞི་ལ་ཡོང་མྱོང་། སྔོན་ཡིན་ན་ལྷ་སའི་ཁོར་ཡུག་དེ་ཙམ་མི་གཙང་ཞིང་འཛུགས་བསྐྲུན་རྒྱས་རྒྱུ་མེད་པ་ཙམ་གཏོགས་ཡུལ་སྲོལ་གོམས་གཤིས་དང་བོད་སྐད་བཤད་པ་སོགས་ཕྱོགས་གང་ཐད་ནས་མི་ཆོག་རྒྱུ་མེད།    ང་ཐེངས་གསུམ་པར་ཡོང་དུས་རང་དབང་མེད་པར་མིག་ཆུ་ཤོར་སོང་། མིག་ཆུ་ཤོར་བའི་རྒྱུ་མཚན་གང་ཡིན་ཟེར་ན། བོད་ཀྱི་ཆོས་སྲིད་རིག་དཔལ་གྱི་ལྟེ་གནས་སུ་གྱུར་བའི་ལྷ་སའི་གྲོང་ཁྱེར་གྱི་སྲང་ལམ་དང་།   ཚོང་ཁང་།  ཟ་ཁང་།  མགྲོན་ཁང་སོགས་རེ་རེ་བརྒྱུད་ནས་འགྲོ་སྐབས།  བོད་རིགས་ཕལ་ཆེར་གྱིས་རྒྱ་སྐད་དམ་ཡང་ན་རྒྱ་བོད་ཀྱི་སྐད་རིགས་སྦྲགས་མས་ཁ་བརྡ་བྱེད་ལ།     རྒན་བཀུར་གཞོན་བྱམས་ཀྱི་ལམ་སྲོལ་བཟང་བོ་དེ་ཕལ་ཆེར་དོར་ཚར།   སྲང་བར་རེ་རེ་ལ་པེ་ཅིན་ལམ་དང་།  ཧྲང་ཧེའི་ལམ་སོགས་བཏགས་ཏེ་མ་ཧཱ་ཙི་ནའི་ཡུལ་ཁམས་ཤིག་ཏུ་སླེབས་པའི་སྣང་བ་སྟེར།  གྲོང་གསེབ་པ་རེ་འགའ་མ་གཏོགས་བོད་ལྭ་གྱོན་མཁན་ཉུང་ཉུང་ཡིན་ལ།  ཐ་ན་ལྷ་སའི་གནས་མོ་(བུད་མེད)ཚོའི་ཐུན་མིན་ཁྱད་ཆོས་ལྟ་བུར་གྱུར་བའི་པང་གདན་ཁྲ་བོ་ཅན་ཞིག་ཀྱང་མཐོང་དཀོན་པའི་ཚོད་དུ་ཡོད།  རྒྱལ་ལྐུག་ཤོ་རྒྱག་ལ་དགའ་ཞིང་རྒྱ་བོད་མི་རིགས་གཉིས་ཀ་ཕ་མ་གཅིག་གི་བུ་ཕྲུག་ཡིན་ཞེས་པའི་གཞས་དེ་གཏོང་བར་གོམས་ནས་ཡོད།  སྐབས་དེར་ང་ལ་ཁོ་ཚོས་མི་རིགས་ཤིག་གི་བླ་སྲོག་དོར་ཟིན་པའམ་འདོར་ལ་ཉེ་བའི་ཚོར་སྣང་སྐྱིར་བོ་ཞིག་བྱུང་བས།   ཁ་བྱང་ལ་ཉི་མའི་གྲོང་ཁྱེར་ན་དུད་སྤྲིན་འཁྲིག་གིན་འདུག་ཅེས་པའི་ལྷུག་རྩོམ་ཞིག་འབྲི་དགོས་བྱུང་། ལྷུག་རྩོམ་དེ་ངས་བློ་ཐོག་ན་གསལ་བོ་ཞིག་མེད་པ་མ་གཏོགས་དེ་རིང་འདི་ནས་ང་ཚོ་ཚང་མས་མཉམ་གཅིག་ཏུ་ཀློག་འདོན་ཐེངས་གཅིག་བྱས་ན་ཨ་མདོའི་མཇལ་སྐོར་བ་ཞིག་གི་སེམས་ཀྱི་ན་ཟུག་དེ་གསལ་བོར་མྱོང་ཐུབ་ན་ཐང་།  ལ་ལས་ལྷ་སའི་ལ་རྒྱ་བཟུང་ནས་ང་ལ་སྡང་མིག་གིས་མི་ལྟ་བའི་ངེས་པའང་མེད། (དགོད་སྒྲ)ཨ་ལ་ཀུ་རེ་ཡིན། ལྷ་སའི་ལ་རྒྱ་ཡོད་ན་བོད་པའི་ལ་རྒྱ་ཡོད་སོང་བ་རེད།  བོད་པའི་ལ་རྒྱ་ཡོད་ན་རང་གི་བླ་སྲོག་ལ་བདག་པོ་རྒྱག་ཐུབ་དགོས།   འདི་ནི་གནད་འགག་ཅིག་ཡིན།   ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་བ་ཆེན་མོའི་བཀའ་སློབ་ཅིག་ཏུ།    ས་ཁུལ་འདིར་གནས་ཀྱི་བོད་མི་ཕལ་ཆེ་བས་བོད་ཡིག་མི་ཤེས་པར་མ་ཟད། བོད་སྐད་ཀྱང་བརྗེད་དེ་རྒྱ་སྐད་འབའ་ཞིག་ལས་བོད་ཡིག་མི་ཤེས་པའི་ཕྱོགས་སུ་འགྱུར་བཞིན་འདུག    ལྷག་པར་དུ་ལས་བྱེད་པའི་ནང་གནས་ཚུལ་འདི་ཚབས་ཆེན་དུ་འདུག  དེ་ནི་ཤིན་ཏུ་མི་ལེགས་པའི་གནས་ཚུལ་ཞིག་ཡིན།  མི་རིགས་ཤིག་གིས་རང་ཉིད་ཀྱི་སྐད་ཡིག་མ་ཤེས་པ་དེ་ནི་ཞབས་འདྲེན་ཡིན། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། མི་རིགས་ས་གནས་རང་སྐྱོང་གི་ཐད་ནས་བལྟས་ནའང་འགྲིགས་ཐབས་མེད་པ་ཞིག་ཡིན།   དེར་བརྟེན། ཚང་མས་མི་རིགས་རང་ཉིད་ཀྱི་སྐད་ཡིག་ལ་སློབ་སྦྱོང་དང་དར་སྤེལ་བྱེད་པར་ཧུར་བརྩོན་བྱེད་དགོས། ཞེས་པ་ཞིག་གསུངས་ཡོད།      བཀའ་སློབ་དེ་མདོ་སྨད་ས་ཁུལ་ཞིག་ཏུ་དམིགས་ཏེ་གསུངས་པ་ཡིན་མོད།  ད་སྐབས་ལྷ་ས་ན་ཡོད་པའི་བོད་རིགས་ཚང་མས་ཀྱང་ངེས་པར་བཀའ་སློབ་དེ་ལ་སློབ་སྦྱོང་བྱེད་དགོས་པར་འདུག

གཞན་འདི་ནས་ཆེད་དུ་གླེང་འདོད་པ་ཞིག་ནི། ལྷ་སའི་སྒོ་བྱང་སྟེང་གི་བོད་ཡིག་ཕལ་ཆེར་བ་ཞིག་ཡིག་ནོར་བྲིས་འདུག  རྒྱ་ཡིག་ནོར་སོང་ན་ངོ་ཚར་བརྩི་ལ།   བོད་ཡིག་ནོར་སོང་ཡང་སྣང་མེད་དུ་བཞག་འདུག  འདིས་ལྷ་ས་བའི་རང་མདངས་སྟོན་གྱིན་ཡོད། སྟོབས་ལྡན་གྱི་མི་རིགས་ཤིག་ཉམས་རྒྱུའི་ཉེན་བརྡ་གཏོང་བཞིན་ཡོད།   ངའི་སློབ་མ་ཞིག་གིས་ད་ལྟ་ལྷ་ས་ན་ཚོང་ལས་གཉེར་བཞིན་འདུག  ཁ་སང་ཁོ་ང་ལ་འཚམས་འདྲི་བྱེད་དུ་ཡོང་། ཁོས་སྔོན་ཡིན་ན་ལྷ་ས་ཆོས་ཀྱི་གྲོང་ཁྱེར་ཟེར་ཡང་ད་ལྟ་མང་བོ་ཞིག་གིས་ལྷ་ས་ལ་ཡིག་ནོར་གྱི་གྲོང་ཁྱེར་ཞེས་མིང་གསར་བ་ཞིག་བཏགས་འདུག་ཟེར། རྣམ་པ་ཚོས་ཐུགས་བསམ་ཞིག་བཞེས་དང་།    མིང་འདིས་ཅི་ཞིག་ལ་བསྡོམས་རྩིས་བརྒྱབ་འདུག      ཡང་ཨ་མདོའི་སློབ་མ་ཁག་ཅིག་ལྷ་ས་ཡོང་སྟེ་ཡིག་རྒྱུགས་སྤྲོད་སྐབས་རྒྱུགས་ཤོག་སྟེང་ལ་བོད་ཡིག་གིས་རང་མིང་བྲིས་པར། ལྟ་རྟོགས་བྱེད་མཁན་དག་གིས་ཁྱེད་ཚོས་ཡི་གེ་མི་ཤེས་སམ་ཞེས་མཚར་མཚར་གྱིས་དྲིས། སློབ་མ་ཚོ་ཅུང་མ་དགའ་བར་ཡི་གེ་ཤེས་ནས་མིང་བྲིས་ཡོད་པ་འདི་རེད་ཅེས་ལན་བཏབ་པར། དེ་དག་གིས་མིན་མིན་རྒྱ་ཡིག་མི་ཤེས་སམ་ཞེས་བསྐྱར་འདྲི་བྱས་སོང་ཟེར། གློ་བུར་བའི་དྲི་བ་འདིས་ཁོང་ཚོས་བོད་ཡིག་དེ་ཡི་གེ་ཞིག་གི་གྲས་སུའང་འཇོག་གྱིན་མེད་པའི་སྣང་ཚུལ་ཡ་ང་བ་ཞིག་ར་སྤྲོད་བྱས་འདུག     གནས་ཚུལ་འདི་འདྲ་ལོ་ངོ་མང་བོའི་སྔ་རོལ་ནས་ཀྱང་ལྷ་སར་བྱུང་ཡོད་ཚོད་རེད་དེ།  ཀུན་གཟིགས་པཎ་ཆེན་བཅུ་བ་ཆེན་མོའི་བཀའ་སློབ་ཅིག་ལས། བོད་ལྗོངས་སུ་སྔོན་ཆད་བོད་ཡིག་བྲིས་པ་ཧ་ཅང་བཟང་མོད།     ཡིན་ནའང་ད་ལྟ་བོད་ལྗོངས་སུ་བོད་ཡིག་ཡག་པོ་འབྲི་མཁན་བཙལ་ན་མི་རྙེད་པ་རེད། དེར་བརྟེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་སུ།  ངས་བོད་ཡིག་གི་དབུགས་ཆད་ལ་ཁད་དམ་ཤི་ལ་ཁད་དུ་གྱུར་ཡོད་ཅེས་བཤད་ཡོད། ཅེས་དང་།བོད་ཡིག་ཧ་ཅང་བཟང་བའི་མི་ཡང་ཡིག་རྨོངས་སུ་བརྩིས་པ་རེད།  བོད་ཡིག་ཡི་གེ་ཞིག་ལའང་མི་བརྩི་བ་ནི་ཅི་འདྲའི་རྩིས་མེད་དུ་བཏང་བ་དང་།མི་རིགས་ཀྱི་ཁེ་དབང་ཅི་འདྲའི་རྩིས་མེད་དུ་བཏང་བ་ཞིག་རེད་ཨང་།    ཞེས་ཐུགས་ཤིན་ཏུ་མ་རངས་པར་གསུངས་འདུག   འོན་ཀྱང་གལ་འགང་ཆེ་བའི་གནད་དོན་འདི་ད་རུང་སེལ་ཡོད་ས་མ་རེད།  དོན་དག་འདི་འདྲའི་རིགས་ལ་ང་ཚོས་སྤོབས་པ་ཆེན་པོས་ངོ་རྒོལ་བྱེད་འོས། དེ་ལ་ཐེ་ཚོམ་སྤུ་ཙམ་ཡང་སྐྱེ་དགོས་དོན་མེད།

ངའི་རེ་བ་ཡིན་ན་ཆོས་གྲོགས་དྲྭ་ཚིགས་ཀྱི་སྟེང་དུའང་བོད་སྐད་བོད་ཡིག་གི་དགེ་མཚན་དང་དེ་དམ་འཛིན་དང་ཁྱབ་སྤེལ་དུ་གཏོང་ཐབས་ཀྱི་ལེ་ཚན་ཞིག་ཡོད་ན་བཟང་།   ཆོས་གྲོགས་དྲྭ་ཚིགས་ཀྱི་ཀློག་པ་བོ་ནི་དབུས་གཙང་བ་ཙམ་མ་ཡིན་པར་གངས་རིའི་ཕྱི་ནང་བར་གསུམ་ན་གྲངས་མེད་པ་ཞིག་ཡོད། དྲྭ་ཚིགས་སུ་བཀོད་པའི་རྩོམ་ཡིག་གང་ཡིན་ཡང་ཡི་གེར་དག་ཆ་ལྡན་ཞིང་ཚིག་སྦྱོར་བོད་སྤྱིའི་སྐད་ངོ་མ་ཞིག་ཡིན་ན་བཟང་།   ད་ལྟ་ལྷ་ས་བའི་རྩོམ་པ་བོ་རེ་འགས་ཡུལ་སྐད་མང་བོ་བཀོལ་སྤྱོད་བྱས་ཏེ་སྤྱི་སྐད་ལ་གནོད་པ་གཏོང་བཞིན་ཡོད།     ཨ་མདོ་བ་དང་ཁམས་པའི་ནང་ནའང་དེ་འདྲ་མེད་པ་མ་རེད།  དེ་ནི་མི་རིགས་སྤྱིའི་གནས་བབས་ལ་འགན་མ་ཁུར་བའི་ནོར་འཁྲུལ་རིགས་ཤིག་རེད་སྙམ། བོད་མི་རིགས་ལ་སྤྱི་སྐད་ཅིག་ཡོད་དམ་ཞེ་ན་དེ་ནི་ངེས་པར་དུ་ཡོད། འོན་ཀྱང་སྤྱི་སྐད་དེ་ལྷ་ས་བ་ཁོ་ནའི་སྐད་མིན་ལ། ཨ་མདོ་བ་དང་ཁམས་པ་རྐྱང་རྐྱང་གི་སྐད་དེ་ལས་ཀྱང་ག་ལ་ཡིན།   བོད་ཀྱི་སྤྱི་སྐད་ངོ་མ་དེ་ནི་སློབ་དཔོན་ཐོན་མིས་ལེགས་པར་གཏན་ལ་ཕབ་པའི་སུམ་རྟགས་དག་གསུམ་གྱི་དགོངས་དོན་དང་མཐུན་པར་བཤད་ཅིང་བྲིས་པ་དེ་ཁོ་ན་རེད་ཅེས་བདག་གིས་འདོད། འགྲིག་མིན་རྣམ་པ་ཚོས་ཐུགས་གཞིག་གནང་རོགས།

ངས་དེ་རིང་འདི་ནས་ཁྱེད་ཚོ་བཟང་རྒྱན་རབ་བཤད་རྒྱུ་དེ་ལས་སླ་མོ་ཞིག་རེད། འོན་ཀྱང་ངས་བསམ་ན་དེ་རིང་ང་ཚོས་དངོས་ཡོད་ཀྱི་ཞན་ཆ་དག་ངེས་པར་དུ་གླེང་དགོས། བཟང་ཆ་ནི་བཟང་ཆ་རང་ཡིན་པས་དེ་རིང་མ་གླེང་ཡང་སྐྱོན་མེད།

གཞན་ཆོས་གྲོགས་དྲྭ་ཚིགས་འདིར་ནང་ཆོས་ཀྱི་ལེ་ཚན་ཞིག་བཀོད་སྒྲིག་བྱས་འདུག་པ་ནི་ཧ་ཅང་དགོས་མཁོ་ཆེ་བ་ཞིག་རེད་སྙམ།    ང་ཚོ་ཆོས་ལྡན་བོད་ཀྱི་ཞིང་ཁམས་ན་ཡོད། ང་ཚོར་གཞན་ལ་ངོམ་རྒྱུ་དང་སེམས་ལ་འཛིན་རྒྱུའི་ནོར་བུ་ཞིག་ཡོད་པ་དེ་ཡང་མདོ་སྔགས་གཉིས་ཀྱིས་བསྡུས་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཡིན།   ངས་སློབ་གྲྭ་རེ་འགར་གཏམ་བཤད་རེ་སྤེལ་ཁུལ་བྱས་ཚེ་དོན་འདི་ནན་ཏན་གྱིས་ཡང་ཡང་གླེང་བ་ཡིན།     དེ་ནི་ང་ནང་བསྟན་ཆོས་ལུགས་ལ་སློབ་གཉེར་དང་དད་པ་བྱེད་མཁན་ཞིག་ཡིན་པའི་ཆ་ནས་ནང་ཆོས་ཀྱི་ལ་རྒྱ་བཟུང་སྟེ་བཤད་པ་མིན། སྤྱིར་ནང་ཆོས་ནི་ད་ལྟ་འཛམ་གླིང་གི་ཆོས་ལུགས་ཆེན་པོ་གསུམ་གྱི་ཡ་གྱལ་དུ་སླེབས་ཡོད་ཅིང་།    ཚན་རིག་རིག་གནས་ཅི་ཙམ་དར་བ་དེ་ཙམ་གྱིས་འཕེལ་རྒྱས་སུ་འགྲོ་ཐུབ་པའི་མཐུན་རྐྱེན་ཕྱོགས་ཡོངས་ནས་འཛོམས་ཡོད་ཚུལ་ཤེས་ནས་སྨྲ་བ་མང་བོས་སྐད་གསེང་མཐོན་པོས་སྒྲོག་གིན་ཡོད་པ་རྣམ་པ་ཚོས་ཀྱང་མཁྱེན་གསལ་ལྟར་རེད། བདག་གིས་ཉེ་སྔོན་རྒྱ་ནག་གི་རྩོམ་པ་བོ་ཧོང་བེ་ཀྲུང་གིས་བྲིས་པའི་སྙན་ཞུ་ཞེས་པའི་རྩོམ་ཡིག་ཅིག་བཀླགས་པ་ཡིན།  ཁོས་རྩོམ་ཡིག་དེར་བཤད་རྒྱུར།   ལོ་རབས་བརྒྱད་ཅུ་བའི་འགོར་ཆ་མི་ཚང་བའི་སྡོམ་རྩིས་བྱས་པ་ལྟར་ན། ནུབ་ཕྱོགས་ཨ་རིའི་རྒྱལ་ཁབ་ཏུ་ནང་བའི་དགོན་པ་དང་སྒོམ་གྲྭ།   ནང་བསྟན་སློབ་གླིང་སོགས་ལྔ་བཅུ་ལྷག་དང་། སུའེ་ཙེར་གསུམ། ཀེ་སུ་སིར་གཉིས། ཨོ་སི་ཁྲུ་རི་ཡར་གཉིས། དབྱི་ཊ་ལིར་གཅིག  ཧྥ་རན་སིར་བཅུ་གསུམ། པི་ལི་ཧྲེ་ལར་དྲུག  ནོ་ཝེར་གཅིག  སེའི་ཧེན་དུ་གཅིག  ཧྥིན་ལན་ན་གཅིག  འཇར་མན་ནུབ་མར་བཞི།    དེ་ལས་གཞན་དུའང་ནང་བའི་ལྷན་ཚོགས་སོགས་སུམ་ཅུ་ཙམ་ཡོད་ལ།     ལོ་རབས་བརྒྱད་ཅུ་བའི་མཇུག་ཏུ་ཧྥ་རན་སི་གཅིག་བུར་ཡང་ནང་བའི་སྒོམ་གྲྭ་བཞི་བཅུ་དང་གྲྭ་བཙུན་ཁྲི་ལྷག་ཏུ་སོན།   འཕེལ་ཚད་འདི་ལ་ཧ་མི་ལས་ག་མེད་ཡིན་ཏེ།    ཨོ་མེ་ས་ཁུལ་ཏུ་དགེ་ལུགས་པའི་བླ་སྤྲུལ་ཁོ་ནས་སྒོམ་གྲྭ་བདུན་ཅུ་བཙུགས་པ་ནི་དེའི་བདེན་དཔང་ཞིག་ཡིན།      ཞེས་འཁོད་འདུག་པས་ཀྱང་ངེས་པ་རྙེད་ཐུབ།

གཞན་ཡང་ཉེ་ལམ་ཕྱི་ནང་གཟུར་གནས་དྲན་དབང་དུ་མའི་ཆེས་དོ་སྣང་དང་མཐོང་ཆེན་བྱེད་ཡུལ་དུ་གྱུར་ཡོད་པའི་ཚན་རིག་དང་སེམས་དོན་རིག་པ་མཉམ་སྦྲགས་ལས་གྲུབ་པའི་ལེགས་བཤད་ངོ་མཚར་བ་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ཞེས་པ་ལ་གཟིགས་ན།  ནང་བསྟན་གྱི་མཚན་ཉིད་རིག་པ་དང་ཚན་རིག་གཉིས་ཀའི་གཞི་རྩའི་ལྟ་བ་དང་། རྣམ་བཞག  བརྟག་ཐབས།     ཕན་ཚུན་གཅིག་གྲོགས་གཅིག་ཕན་དང་དགེ་མཚན་མཉམ་གནས།     འགྲོ་བ་མིའི་རིགས་ཀྱི་ཕྱི་ནང་གི་དགོས་མཁོ་སྐོང་བར་མེད་ཐབས་མེད་ཚུལ་དེ་གསལ་རྗེན་དུ་བསྟན་ཡོད་པ་ལྟར་ལགས་པས་ནང་ཆོས་ཡུན་རིང་དུ་གནས་ཐུབ་མིན་གྱི་སེམས་ཁྲལ་གནང་དགོས་དོན་མི་འདུག་པའི་ཚོད་དུ་ཡོད།    འོན་ཀྱང་ནང་ཆོས་ནི་འཛམ་བུ་གླིང་བ་ཡོངས་ཀྱི་སྤྱི་ནོར་དང་ཁྱད་པར་དུ་ད་ལྟའི་དུས་འདིར་ནུབ་ཕྱོགས་དཔྱོད་ལྡན་པ་ཚོའི་འགྲམ་ཆུ་ལྡང་ཡུལ་གཙོ་བོར་གྱུར་ཡོད་པས།      ང་ཚོས་བདག་པོ་རྒྱག་མ་ཐུབ་པ་ཡིན་ན་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་རང་གི་ཕ་ས་ཕ་ཡུལ་དང་ཁ་བྲལ་ནས་མི་འགྲོ་བའི་ངེས་པ་མེད་པ་རེད།  ངས་ནང་ཆོས་སྤྱི་དང་ལྷག་པར་དུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཡུལ་གྲུ་གཞན་དག་ཏུ་དར་བར་མི་འདོད་པའི་རྣམ་འགྱུར་སྟོན་གྱིན་མེད་པ་མ་ཟད་འགྲོ་བ་མིའི་རིགས་ཡོངས་ཀྱི་སེམས་ཀྱི་ལོངས་སྤྱོད་ཅིག་ཏུ་འགྱུར་བར་སྨོན་ལམ་རྒྱག་གིན་ཡོད།    འོན་ཀྱང་བོད་རང་ས་ནས་ནོར་བུའི་ནོར་ངོ་མ་ཟིན་པར་ནང་སེམས་དྭངས་གཙང་གི་དད་པ་ཉམས་ལ་ཁད་དང་བོད་ཞིང་འབྲོག་མང་ཚོགས་ཕལ་མོ་ཆེས་ནང་ཆོས་ཀྱི་རྩ་བའི་རྒྱུན་ཤེས་ཙམ་ཡང་མི་ཤེས་པ་ནི་བསམ་མི་ཐུབ་པའི་སེམས་ཀྱི་ན་ཟུག་ཅིག་རེད།

དགོན་སྡེའི་ཁྲོད་ཀྱི་དགེ་བའི་བཤེས་གཉེན་རེ་འགས་བོད་མང་ཚོགས་ལ་སྐྱབས་འགྲོ་དང་ལམ་རིམ་སོགས་ཁྲིད་ན་མི་འོས་ཤིང་མི་འཚམ་པའི་རྣམ་འགྱུར་སྟོན་ལ།   རོང་འབྲོག་མང་ཚོགས་ཁྲོད་བཀའ་པོད་ལྔའི་དཔེ་ཁྲིད་ལ་འགྲོ་མཁན་དང་སྒོམ་རྒྱག་མཁན། མཚམས་ལ་འདུག་མཁན་སོགས་ཡོད་ན་ཆེས་ཡ་མཚར་དུ་འཛིན།   དོན་ངོ་མར་དེ་ནི་ཡ་མཚན་ཞིག་དགོས་པ་ཞིག་གཏན་ནས་མ་ཡིན་པར་ཆོས་ལྡན་གྱི་ཞིང་ཁམས་སུ་གྲགས་པའི་བོད་མི་ཕལ་མོ་ཆེས་སྐྱབས་གསུམ་གྱི་ངོ་བོ་དང་དགེ་བ་བཅུའི་ངོ་བགྲང་ཙམ་ཡང་མི་ཤེས་པ་དེ་ཧ་ཅང་ཡ་མཚར་དགོས་པ་དང་ངོ་གནོང་དགོས་པ་ཞིག་རེད་སྙམ།  ནང་ཆོས་ལ་སློབ་གཉེར་བྱེད་པ་བོ་གྲྭ་བ་ཁོ་ན་ཡིན་མི་དགོས་ལ།    གྲོང་བས་ཆོས་ལ་སློབ་མི་དགོས་ཚུལ་ཞིག་མདོ་རྒྱུད་ཀྱི་གཞུང་གང་དུའང་གསུངས་མེད་པ་ངས་དེ་རིང་འདི་ནས་ཚིག་ཐག་བཅད་དེ་བཤད་སྤོབས།

ཁྱད་པར་དུ་ད་སྐབས་ཁོང་ཐམས་ཅད་མཁྱེན་པ་སོགས་སྔོན་དཔག་རྗེས་དཔྱོད་ཀྱི་བློ་མིག་བཀྲ་བའི་སྐྱེས་ཆེན་མང་བོ་ཞིག་གིས་ནང་ཆོས་སྤྱི་ཚོགས་ཅན་དུ་བསྒྱུར་དགོས་པའི་འབོད་སྐུལ་ཡང་ཡང་གནང་གིན་ཡོད།      ནང་ཆོས་སྤྱི་ཚོགས་ཅན་དུ་བསྒྱུར་ཞེས་པ་ནི་ཆོས་འཇིག་རྟེན་གྱི་ངོ་བོར་བསྒྱུར་བའམ་འཇིག་རྟེན་དང་ཆོས་གཉིས་འགལ་མེད་དུ་བསྒྲུབ་པ།   ཡང་ན་སྤྱི་ཚོགས་ལ་བསྟུན་ནས་ནང་ཆོས་ཀྱི་ངོ་བོ་བསྒྱུར་བ་སོགས་གང་ཡང་མ་རེད།   དེ་ལྟར་བསྒྱུར་ཚུལ་ཡང་མེད་པས་ཧ་མ་གོ་གོང་ནས་ངོ་མདངས་དམར་བོར་གྱུར་ཏེ།     ཡང་གན་ཚོས་ཆོས་ལུགས་ལ་བསྒྱུར་བཅོས་གཏོང་རྒྱུ་རེད་ཅེས་དགག་པ་གཏོང་མི་རུང་། འོ་ན་ནང་ཆོས་སྤྱི་ཚོགས་ཅན་དུ་བསྒྱུར་ཞེས་པ་དེ་ཇི་འདྲ་ཞིག་རེད་ཅེ་ན། སྐྱ་སེར་ཕོ་མོ་དང་རྒན་དར་གཞོན་གསུམ་ལ་དབྱེ་བ་མེད་པར་ཐམས་ཅད་ཀྱིས་ནང་ཆོས་ཀྱི་ངོ་བོ་རྟོགས་ཤིང་དགེ་མཚན་ཤེས་པ་ཞིག་གི་ཚད་ཐིག་ཏུ་སླེབས་པར་བྱས་པ་ལ་ཟེར།  དེའི་ཕྱིར་ང་ཚོས་ཐབས་བརྒྱ་ཇུས་སྟོང་གིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་བོད་སྤྱི་ཚོགས་ཅན་དུ་བསྒྱུར་བ་ལ་འབད་བརྩོན་གནང་འོས།

ནང་ཆོས་སྤྱི་ཚོགས་ཅན་དུ་བསྒྱུར་བ་ལའང་ཐོག་མར་དུས་རབས་ཀྱི་འགྲོས་དང་མཐུན་པའི་བྱེད་ཐབས་མང་བོ་བེད་སྤྱོད་དགོས་པ་ལས། དབང་བསྐུར་བ་དང་མན་ངག་གནང་བ། བཀའ་པོད་ལྔའི་དཀའ་གནད་དང་རྒྱུད་སྡེ་བཞིའི་ཉམས་ལེན། གྲུབ་མཐའ་སོ་སོའི་འགལ་མཚམས་སོགས་ལྷུག་ལྷུག་གིས་ཁྲིད་ཅིང་ཞིབ་རྒྱས་སུ་ངོ་སྤྲད་ན་ང་ཚོའི་ཆེད་དུ་བྱ་བའི་གདུལ་བྱ་དག་མགྱོགས་པོར་སྒྱིད་ལུག་འགྲོ། དེ་འདྲའི་ནང་ཆོས་ཀྱི་ཞིབ་ཕྲ་མང་བོ་ནི་ཁྱིམ་ལས་ཁྱིམམེད་པར་རབ་ཏུ་བྱུང་བའི་དགེ་འདུན་པ་དག་གི་ཆེད་ལས་ཤིག་ལས་རྟ་རྒྱུགས་ཞོར་ལ་མེ་ཏོག་འཐུ་བའི་ཁྱིམ་པ་ཕལ་ཆེར་གྱིས་འཁྱོངས་མི་སྲིད། དེས་ན་ཚིག་ཉུང་ལ་གོ་བདེ་བ།  ལུང་དང་རིགས་པས་བསྒྲུབ་མི་དགོས་པར་སྤྱི་ཚོགས་འཚོ་བའི་ཁྲོད་དངོས་སུ་བྱུང་བའི་གནས་ཚུལ་དག་གཞིར་བཞག་སྟེ་ནང་ཆོས་ངོ་སྤྲོད་བྱས་ན་འཚམ་པོ་ཡིན།  དཔེར་ན། ལས་རྒྱུ་འབྲས་དང་ཚེ་སྔ་ཕྱིའི་སྐོར་ངོ་སྤྲོད་བྱེད་ཚེ།   གནས་འདི་དང་འདི་ལྟ་བུ་ཞིག་ནས་མི་ག་གེ་མོ་ཞིག་གིས་དུས་འདི་འདྲ་ཞིག་ལ་སྐྱེ་བ་སྔོན་མ་དྲན་པ་རི་སྡེ་དང་ཁྱིམ་ཚང་གཞན་ལ་དྲིས་པ་ཇི་བཞིན་ཐོད་ཐུག་ཚུལ་དང་།  སྔོན་དེ་འདྲའི་གནས་ཚུལ་ཞིག་བྱུང་མྱོང་བ་མི་མང་བོས་ཤེས་ཚུལ་བཅར་འདྲིའི་རྣམ་པ་བརྒྱུད་དེ་ངོ་སྤྲོད་པ། དལ་འབྱོར་རྙེད་དཀའ་ད་ལྟའི་འཛམ་གླིང་གི་མི་གྲངས་དང་བསྡུར་ཏེ་བཤད་པ། འཆི་བ་མི་རྟག་པ་ས་གཡོ་མཚོ་སྐྱོམ་དང་མེ་རི་འབར་གས།  རླུང་ཐན།   འགྲིམ་འགྲུལ་གོད་ཆག་སོགས་བྱུང་སྟེ་ཚེ་སྲོག་ཁྲི་འབུམ་དུས་གཅིག་ཏུ་བཀུམ་པའི་དངོས་བྱུང་གནས་ཚུལ་སོགས་དང་སྦྲགས་ཏེ་བཤད་པ།   ཆོས་ལུགས་སོ་སོས་ཞི་བདེ་དང་གཞན་ཕན་ངོས་འཛིན་དེ་ནང་ཆོས་ནས་གསུངས་པའི་ཞི་བདེ་དང་གཞན་ཕན་སོགས་ལ་རྒྱ་ཆེ་ཆུང་ཅི་ཙམ་ཡོད་པ།  མི་ཚེའི་སྙིང་བོ་ཟེར་བ་དོན་དམ་གང་ལ་ངོས་འཛིན་པ། དང་བོ་ནས་འགྱུར་མེད་ཚུགས་ཐུབ་ཀྱི་དེད་དཔོན་དེ་ནམ་ཡང་དེད་དཔོན་ཡིན་ལ།   ཉམ་ཆུང་ནུས་མེད་ཀྱི་སྐྱབས་འཚོལ་བ་དེ་ནམ་ཡང་སྐྱབས་འཚོལ་བ་ཡིན་པའི་ལྟ་བ་དང་།  བདག་ཉིད་བདག་གི་མགོན་ཡིན་པས་འབད་བརྩོན་ཀྱིས་ནུས་ན་སུང་ཀྱང་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་རྫོགས་ཀྱི་གོ་འཕང་དེ་ཐོབ་ཆོག་ཆོག་ཡིན་ཞིང་དེ་ལྟར་ཐོབ་པར་གསུངས་པའི་ནང་ཆོས་ཀྱི་འདྲ་མཉམ་ལྟ་བ་གཉིས་དཔྱད་བསྡུར་གྱིས་ནང་ཆོས་ཀྱི་དགེ་མཚན་ངོ་སྤྲོད་པ་སོགས་ཀྱི་ཁ་ཕྱོགས་ཤིག་འཚོལ་ཐུབ་ན་ཕན་བསྐྱེད་བླ་ན་མེད་པ་ཡོད་ངེས།  ལྷག་པར་དུ་ནང་བའི་འཆི་བ་མི་རྟག་པ་སྒོམ་ཚུལ་འདི་མི་ལ་སྐྲག་སློང་བྱེད་ཅིག་རེད་ཅེས་བརྗོད་མཁན་ཡང་ཡོད།     ངོ་མ་འཆི་བ་མི་རྟག་པའི་ངང་ཚུལ་མ་བསམ་པར་བསྡད་ན་འཆི་བ་མི་འོང་བ་ཞིག་ཡིན་ན་ང་ཚོར་དེ་ལས་དགའ་བ་དང་སྤྲོ་བ་ཞིག་གང་ན་ཡོད་མོད་དེ།  མདོ་རྒྱ་ཆེར་རོལ་བ་ལས།  སྲིད་གསུམ་མི་རྟག་སྟོན་ཁའི་སྤྲིན་དང་འདྲ།  །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དངམཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། ། རི་གཟར་རྦབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།  །གསུངས་པ་ལྟར་ལས་དང་ཉོན་མོངས་ཀྱི་དབང་གིས་སྐྱེ་བ་ཞིག་བླངས་ཕྱིན་ཆད་མི་འཆི་མི་རྒས་པ་ཞིག་གཏན་ནས་མེད།    འཆི་བ་མི་རྟག་པ་སྒོམ་མ་སྒོམ་གང་ཡིན་ཡང་འཆི་བར་ངེས་པ་ལ་ཁྱད་པར་མེད་ཀྱང་འཆི་ཚུལ་མི་འདྲ།  འཆི་བ་མི་རྟག་པ་སྒོམ་པའི་མི་དེས་དུས་ཚོད་སྐར་ཆ་རེ་རེ་ཡང་དོན་མེད་ཆུད་ཟོས་སུ་མི་གཏོང་བར་མི་ཚེའི་སྙིང་བོ་རྣལ་མ་ཞིག་ལ་བརྩོན་ལེན་བྱས་ཡོད་པ་རེད།   དེའི་ཕྱིར་ཁ་གསལ་གོ་བདེའི་སྒོ་ནས་གཟུར་གནས་ཀློག་པ་བོ་དག་ལ་འདི་འདྲའི་རིགས་ངོ་སྤྲོད་བྱེད་དགོས།

ད་སྐབས་རྒྱ་གར་གྱི་ཆོས་ལུགས་གཙོ་བོ་དེ་ཧིན་དྷཱུ་ཆོས་ལུགས་རེད།    མང་ཚོགས་སྤྱི་ཡོངས་ནས་ཆོས་ལུགས་དེའི་ངོ་བོ་མདོར་བསྡུས་ཙམ་ཁོང་དུ་ཆུད་དགོས་སྐད་འདུག   དེ་ལྟ་བུ་ཞིག་ལ་ཆོས་ལུགས་སྤྱི་ཚོགས་ཅན་དུ་བསྒྱུར་བ་ཞེས་ཟེར་གྱིན་འདུག   ཧིན་དྷཱུ་ཆོས་ལུགས་སྤྱི་ཚོགས་ཅན་དུ་གྱུར་བའི་དགེ་མཚན་གྱིས་རྒྱ་གར་ན་གཡུལ་འཁྲུག་ཆེ་ཆུང་ཅི་ཙམ་བྱུང་ཡང་ཧིན་དྷཱུ་ཆོས་ལུགས་ད་དུང་མ་ནུབ་པར་དར་ཞིང་རྒྱས་པར་གནས་ཡོད་ལ།    དཔལ་ནཱ་ལེན་དྲ་སོགས་སུ་པཎ་ཌི་ཏ་ལྔ་བརྒྱ་ཕྲག་བཞི་སོགས་གནམ་གྱིས་ས་བཀབ་པ་ལྟ་བུའི་དྲན་དབང་དུ་མ་བྱོན་མྱོང་ཡང་། བཟོད་མེད་གཡུལ་འཁྲུག་གི་མེ་ཞགས་རྣོན་པོས་དགོན་སྡེ་དང་མཁས་པའི་སྡེ་དག་ཁྱུར་མུད་དུ་བཏང་རྗེས།  ཕྱག་སྐོར་ཙམ་ལས་ནང་ཆོས་ཀྱི་ངོ་བོ་ཅི་ཡང་མི་ཤེས་པའི་དམངས་ཁྲོད་ནས་ནང་ཆོས་གནས་ཐུབ་པའི་རྐྱེན་ཡོངས་སུ་ཉམས་ཏེ་ད་ལྟ་རྒྱ་གར་རང་ན་ནང་ཆོས་གཞི་ནུབ་ལྟ་བུར་གྱུར་ཡོད་པ་དེ་རེད།  འདི་ནི་ང་ཚོར་གནས་ལུགས་ཀྱིས་བཞག་པའི་སྡོམ་ཚིག་ཅིག་རེད། ལོ་རྒྱུས་ཀྱིས་བརྡུངས་པའི་ཅོང་སྒྲ་ཞིག་རེད།

དེས་ན་དྲྭ་ཚིགས་འདིའི་ཁ་གཏོད་ཡུལ་ལམ་ཀློག་པ་བོ་ནི་གཙོ་བོ་བོད་ཤེས་ལྡན་པའི་སྡེ་དང་། དེ་ལས་ཀྱང་སློབ་མ་དང་ལས་བྱེད་པའི་རིགས་ཡིན་ངེས་པས། ཁོ་ཚོའི་རྣམ་དཔྱོད་དང་འཚམ་ལ་བློ་ཁ་དང་མཐུན་པའི་ནང་ཆོས་ཀྱི་སྐོར་གང་མང་ཞིག་ངོ་སྤྲོད་རྒྱུ་ནི་དུས་སུ་བབས་པའི་མི་རིགས་རང་བཞིན་གྱི་དགོས་མཁོ་ཉག་ གཅིག་རེད་སྙམ།   འདི་འདྲའི་འགན་འཁྲི་དེ་བོད་ཤེས་ལྡན་པ་ཡོངས་ལ་ཡོད་ཅིང་།ལྷག་པར་དུ་བོད་ཀྱི་གནའ་བོའི་ལྷ་མཁར་པོ་ཏ་ལ་རུ་བཞུགས་པའི་ཁྱེད་ཅག་གཞོན་སྐྱེས་ཚོར་འགན་འཁྲི་ལྕི་མོ་ཞིག་ཡོད།    རྒྱུ་མཚན་ནི་བོད་ཀྱི་ལོ་རྒྱུས་སྟེང་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཐོག་མར་སྒྲུབ་ཕུག་ཆུང་ཆུང་ཞིག་བཏབ་པ་དེ་རྨང་གཞི་བྱས་ནས་རིམ་བཞིན་ཆོས་དང་རིག་གཞུང་གི་ལྟེ་གནས་སམ་ཆོས་སྲིད་གཉིས་མཉམ་དུ་བསྐྱངས་ས་དེ་ཕོ་བྲང་པོ་ཏ་ལ་འདི་ཡིན་པ་རེད།

དེ་ནས་ཆོས་གྲོགས་དྲྭ་ཚིགས་འདིར་རྩོམ་རིག་གི་ལེ་ཚན་ཞིག་བཀོད་འདུག་པ་དེ་ཧ་ཅང་ཡག་པོ་རེད།    ད་སྐབས་བོད་ལ་མཚོན་ན་རྩོམ་རིག་གི་ཚ་རླབས་ཧ་ཅང་ཤུགས་ཆེན་གྱིས་འཕྱུར་བཞིན་པའི་སྒང་ཡིན། ཧ་ཧ།  ད་སྐབས་བོད་ཀྱི་རྩོམ་པ་བོའི་ནང་རྩོམ་རིག་སྒྱུ་རྩལ་གྱི་ཚད་གཞི་མཐོན་པོ་ཅན་ཡོད་ལ།   བཙན་ཚུགས་ཀྱིས་རྩོམ་པ་བོ་བྱས་དང་བྱེད་བཞིན་པའང་ཡོད། དེའི་ཕྱིར་ཀློག་པ་བོར་དེ་དག་དབྱེ་འབྱེད་ཀྱི་བློ་མིག་གསལ་བོ་ཞིག་ཅིས་ཀྱང་མཁོ་སྒང་ཡིན།  ཁྱད་པར་དུ་ཉེ་བའི་ལོ་ཤས་རིང་དྲྭ་ཚིགས་རིག་གནས་ཞེས་པ་འདི་གསར་དུ་དར་བས། རྩོམ་པ་བོ་རྣམས་ལ་རང་གི་རྩོམ་ཡིག་འགོད་སའི་ཞིང་ས་གཤིན་པོ་ཞིག་འཁྲུངས་སོང་།   འོན་ཀྱང་ཁྱེད་རྩོམ་སྒྲིག་པ་རྣམ་པས་མཁྱེན་གསལ་ལྟར།  ད་སྐབས་བོད་ཀྱི་དྲྭ་ཚིགས་ཕལ་མོ་ཆེ་ཞིག་གི་སྟེང་དུ་མཐུན་སྒྲིལ་རྨང་ནས་གཏོར་ཞིང་ཆོས་དང་རིག་གཞུང་རྩེད་ཆས་སུ་བྱེད་པ།   རང་རིགས་ཀྱི་མཁས་པ་དང་བསམ་བློ་བ་ཆེན་པོ་ས་སྐྱ་པཎ་ཆེན་དང་རྗེ་ཡབ་སྲས་སོགས་ཀྱང་མཁས་གྲལ་ནས་ཕུད་དེ་ཁྱི་གྲལ་དུ་འཇོག་རྒྱུ་ཡིན་སྐད་ཀྱི་རྩོམ་ཉོག་གང་སར་ཐོན་བཞིན་ཡོད། འདི་ལ་རྩོམ་པ་བོ་དང་དྲྭ་བདག་གཉིས་བར་ཁྱི་སྤྱང་ངན་འབྲེལ་གྱི་ཆ་ཞིག་ཀྱང་མེད་པ་མ་རེད།

བོད་མི་རིགས་ནི་ཁྲེལ་ཡོད་ཅིང་ངོ་ཚར་འཛེམས་མཁན་ཞིག་ཡིན་པ་གླིང་ཆེན་སོ་སོར་གྲགས་ཡོད་མོད། དྲྭ་ཚིགས་སྟེང་དུ་འཁྲིག་སྤྱོད་ཀྱི་རྣམ་པ་པར་དུ་བཀོད་ཅིང་འཁྲིག་ཚིག་གི་རྩོམ་ཡིག་འགྲན་བཞིན་སྤེལ། ཐ་ན་རང་ལུས་གཅེར་གཟུགས་སུ་བུད་དེ་འཛམ་གླིང་ལ་འགྲེམ་སྟོན་བྱེད་པ་སོགས་སྨྱོན་པའི་ཟློས་གར་འཁྲབ་མཁན་མང་སྐད་ཐོས།   སྣང་ཚུལ་འདི་དག་གཙོ་བོ་ང་རྩོམ་པ་བོ་ཡིན་ཞེས་རང་ཉིད་རང་བསྟོད་བྱེད་མཁན་གྱི་གཞོན་སྐྱེས་སློབ་སྦྱོང་ཡག་པོ་མ་བྱས་པའི་ཁྲོད་ནས་འབྱུང་བཞིན་ཡོད་ལ། ཕྱི་གཙང་ནང་གཙང་གི་གཞོན་རབས་པ་གང་མང་ཞིག་ཀྱང་རི་བོང་ཅལ་འགྲོག་གི་དཔེ་བཞིན་གཡང་སར་འཁྲིད་ཀྱིན་ཡོད།  འདི་ནི་བོད་པའི་དྲྭ་ཚིགས་རིག་གནས་འཕེལ་རྒྱས་མ་སོང་སྔོན་གྱི་ཉམས་རྒུད་དང་།   རྩོམ་པ་བོར་ཁས་འཆེ་བ་ཚོའི་བསམ་བློའི་ནོར་འཁྲུལ་རེད། ཁྱད་པར་དུ་རྩོམ་པ་བོ་ཡིན་ན་བསམ་བློ་བ་ཆེན་མོ་དང་སློབ་གསོ་བ་ཆེན་མོ་ཡིན་སྣང་དེ་ནི་ཧ་ཅང་ཁྱབ་པ་མ་ངེས་པའི་བསམ་བློ་ཡ་མ་བླ་ཞིག་རེད།

སྤྱིར་རྩོམ་རིག་མ་དར་བའི་རྒྱལ་ཁབ་དང་མི་རིགས་ཤིག་བགྲང་རྒྱུ་མེད་པས་རྩོམ་རིག་ནི་མཁའ་དབུགས་ཇི་བཞིན་མིའི་རིགས་ལ་མེད་ཐབས་མེད་པའི་སྒྱུ་རྩལ་ཡག་པོ་ཞིག་ཡིན་ཏེ།  རང་རེ་བོད་ལ་མཚོན་ནའང་རྩོམ་རིག་དམ་པའི་གཟི་འོད་ལ་བརྟེན་ཏེ་བསུབ་ཏུ་མེད་པའི་བྱས་རྗེས་རླབས་ཆེན་བཞག་མྱོང་བའི་སྐྱེས་བུ་དམ་པ་གང་མང་ཞིག་བྱོན་མྱོང་ཞིང་།    ཁམས་གསུམ་འགྲོ་བའི་བླ་མ་ཤར་ཙོང་ཁ་བ་ཆེན་པོས་རྩོམ་རིག་ནི་འཇིག་རྟེན་ཁམས་ཀྱི་རིན་པོ་ཆེ་གསུམ་གྱི་ཡ་གྱལ་དུ་བསྔགས་པ་སོགས་གདེངས་འཇོག་ཀྱང་ཧ་ཅང་ཚད་མཐོན་པོར་གནང་ཡོད་ལ་དེ་ལྟར་གནང་འོས་པ་ཞིག་ཡིན་ཏེ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་ཞལ་ནས། གང་ཞིག་བློ་ལྡན་མང་དུ་འདུས་པའི་ཚེ།      །མཁས་དང་རྨོངས་པའི་ཁྱད་འབྱེད་གཏན་ཚིགས་དང་། །སྒྲ་རིག་འཁོར་བཅས་ཡིན་ནོ་ཁྱད་པར་དུ།   །མཁས་པའི་ཞལ་མཛེས་སྙན་ངག་ཁོ་ན་ཡིན།    །ཞེས་མཁས་བླུན་གྱི་ཁྱད་པར་འབྱེད་པའི་རིག་ཚན་ཞིག་ཏུ་གསུངས་པ་དང་། བསྟན་དར་ལྷ་རམས་པའི་ཞལ་ནས།  རྩོད་ལ་མཁས་ཀྱང་རྩོམ་ལ་མི་མཁས་ན། །མཁས་པའི་གྲགས་པ་རང་དང་མཉམ་དུ་ཤི།   །ཞེས་དང་། ཡི་གེ་དག་ཀྱང་སྙན་ངག་མི་ལྡན་ན། །ཡིད་འོང་མཛེས་མས་གོས་ཧྲིལ་པ་བཞིན།   །ཞེས་སོགས་ཆེས་ཆེར་དོན་ལ་གནས་པའི་བསྔགས་བརྗོད་མཐའ་ཡས་པ་གནང་འདུག་པ་བཞིན་ཡིན་ནོ། །

དེ་ལྟར་སྙན་ངག་ནི་དགེ་མཚན་འབུམ་ལྡན་གྱི་ངག་གི་སྒྱུ་རྩལ་ཞིག་ཡིན་ཞིང་། སྒྱུ་རྩལ་དེས་ཀློག་མཁན་ཁྲི་སྟོང་གི་དྲན་འཛིན་བཀུག་མྱོང་ལ་མི་རིགས་དང་རྒྱལ་ཁབ་མང་བོ་རྨོངས་གཉིད་ལས་སད་པར་བྱས་མྱོང་།     རྩོམ་རིག་གིས་ལ་རྒྱའི་སྙིང་སྟོབས་སློང་ཞིང་མཐུན་སྒྲིལ་གྱི་རྡོ་རིང་འཛུགས་ཐུབ་ལ་མིའི་རིགས་ཀྱི་ཐུན་མོང་གི་སེམས་གཤིས་དང་འཚོལ་སྙེག་ཀྱང་གླེང་ཐུབ་མོད། འོན་ཀྱང་ད་སྐབས་རྩོམ་པ་བོའི་ཚད་ཐིག་ཏུ་མ་སླེབས་ཀྱང་རྩོམ་པ་བོ་དང་བསམ་བློ་བར་ཁས་འཆེ་བ་སྐོར་ཞིག་གིས། སྤྱི་ཚོགས་དང་མི་མཐུན་པའི་སྐད་ཆ་ཞིག་བཤད། མི་རིགས་ལ་མི་སྲིད་པའི་ཆས་གོས་རེ་གྱོན། ཡོན་ཏན་པའི་རིགས་ལ་མི་འོས་པའི་དམོད་ཚིག་འདེབས་ཤིང་དྲིན་ཅན་ལ་དྲིན་ལོག་གི་ཀུ་ཅོ་འདོན། ཡོད་ཚད་རྩ་མེད་དུ་གཏོང་དགོས་པའི་རིག་གསར་སྐབས་ཀྱི་ཁ་གཡང་ལྟ་བུ་ཞིག་གང་སར་བསྒྲགས་ཏེ་རྩོམ་རིག་དམ་པའི་གདན་ས་ཉག་ཉོག་དང་མག་མོག་ཅིག་ཏུ་བཏང་དང་གཏོང་བཞིན་ཡོད་པས། མང་བོ་ཞིག་གི་སྣང་ངོར་རྩོམ་པ་བོ་ཞེས་པ་གནས་ལུགས་དང་བདེན་དོན་མི་དགོས་པའི་མདོ་མེད་སྐོར་ཅིག་ཡིན་པའི་བག་ཆགས་ངན་པ་ཞིག་ཐེབས་འདུག  དེའི་ཕྱིར་བསམ་བློ་ནང་རུལ་དང་ཁ་ཕྱིར་ལྟས་སུ་སོང་བའི་བརྩམས་ཆོས་གང་ཡིན་ཡང་ལེ་ཚན་འདིར་མ་བཀོད་ན་ལེགས་སྙམ།   འདིའི་འགན་ཁུར་གཙོ་བོ་དེ་ཁྱེད་དྲྭ་བདག་པ་རྣམ་པའི་ཕྲག་སྟེང་ཏུ་བབ་ཡོད།

རྩོམ་རིག་སྐོར་ནས་ཞུ་བྱ་གཞན་ཞིག་ཡོད་པ་ནི། དེང་སྐབས་སྙན་རྩོམ་དང་། ལྷུག་རྩོམ་དང་། སྒྲུང་རྩོམ།   གློག་བརྙན་རྩོམ་རིག  ཟློས་གར་རྩོམ་རིག་བཅས་རྩོམ་ལུས་ལྔ་རུ་འབྱེད་བཞིན་ཡོད་པའི་དབང་དུ་བྱས་ན། སྒྲུང་རྩོམ་དང་གློག་བརྙན་རྩོམ་རིག  ཟློས་གར་རྩོམ་རིག་གསུམ་ནི་དྲྭ་ཚིགས་འདིར་དེ་འདྲའི་འོས་འཚམ་ཞིག་མིན་ལ།   སྙན་རྩོམ་དང་ལྷུག་རྩོམ་གཉིས་ལས་གང་ལེགས་འདམས་ཏེ་བཀོད་ན་ལེགས། སྙན་རྩོམ་ལ་དེང་གི་དུས་འདིར་ཚིགས་བཅད་སྙན་རྩོམ་དང་རང་མོས་སྙམ་རྩོམ་གཉིས་སུ་འབྱེད་བཞིན་པ་ལས།    ངས་བསམ་ཚུལ་ཡིན་ན་ཚིགས་བཅད་སྙན་རྩོམ་མང་ཙམ་བཀོད་ན་བཟང་། རྒྱུ་མཚན།  ཚིགས་བཅད་སྙན་རྩོམ་ནི་ད་སྐབས་བོད་མ་གཏོགས་མི་རིགས་གཞན་པར་འབྲི་མཁན་ཉུང་བར་སྣང་ལ། དེའི་ཕྱིར་རྩོམ་སྟངས་འདི་ལ་མི་རིགས་རང་བཞིན་གྱི་ཁྱད་ཆོས་དང་། ལོ་རྒྱུས་རང་བཞིན་གྱི་དགེ་མཚན། ཚིག་ཉུང་ལ་དོན་འདུས་པ། བློར་འཛིན་བདེ་ལ་མི་བརྗེད་པ་སོགས་ཀྱི་ཁྱད་ཆོས་མང་བོ་ཞིག་ཡོད། དེང་གི་འདུས་འདིར་མང་བོ་ཞིག་གིས་གཡམ་རྒྱུགས་བྱས་ཏེ་རང་མོས་སྙན་རྩོམ་མ་གཏོགས་ཚིགས་བཅད་སྙན་རྩོམ་འབྲི་བར་མི་དགའ་ལ།   སྒྱུ་རྩལ་ཀུན་འཛོམས་ཀྱི་ཚིགས་བཅད་སྙན་རྩོམ་འབྲི་ཤེས་མཁན་ཡང་ཤིན་ཏུ་ཉུང་།   སྦྲང་ཆར་དུས་དེབ་སོགས་རེ་འགར་ད་དུང་ཚིགས་བཅད་སྙན་རྩོམ་ས་བཅད་མ་སྟོང་བ་ཙམ་རེ་འགོད་བཞིན་ཡོད་མོད། དབྱངས་ཀྱི་འགྱུར་ཁུགས་གསལ་ལ་འདེགས་འཇོག་གི་གོ་རིམ་མ་ནོར་བ། བརྡ་སྤྲོད་ཀྱི་སྤྱི་འགྲོས་མ་ཤོར་ལ་ཚིག་གི་སྤྲོས་པ་མ་དོར་བའི་མར་དྲི་དང་རྩམ་དྲི་འཐུལ་བའི་ཚིགས་བཅད་སྙན་རྩོམ་ལེགས་པོ་ཤིན་ཏུ་དཀོན་པོར་མཐོང་། དེས་ན་ཁྱེད་ཅག་གིས་མྱུར་སྐྱོབས་དང་རྒྱུན་འཛིན་གྱི་དགོས་མཁོར་དམིགས་ཤིང་། མི་རིགས་རང་བཞིན་གྱི་རྩོམ་གཤིས་ལེགས་པོ་འདི་མི་འབོར་བའི་ཆེད་དུ་གཙོ་བོར་ཚིགས་བཅད་སྙན་རྩོམ་བཀོད་ན་དགེ་མཚན་ཆེ་བར་སྙམ།

འོ་ན་རང་མོས་སྙན་རྩོམ་དེ་མི་དགོས་པ་ཞིག་རེད་དམ་ཞེ་ན་ང་ལ་དེ་འདྲའི་བསམ་ཚུལ་གཏན་ནས་མེད།  དུས་རབས་རང་བཞིན་གྱི་རྩོམ་སྟངས་འདིས།  ཕན་ཚུན་བར་གྱི་དུང་སེམས་དང་།   དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་བརྗོད་པར་ཐུན་མིན་གྱི་ཁྱད་ཆོས་ཤིག་ཐོན་ཐུབ་ལ།   ཀུ་རེ་དང་གསང་གཏམ།    ལ་རྒྱའི་ངར་སྐད་སོགས་བརྗོད་པ་ལའང་མི་སེམས་སྒུལ་བའི་སྒྱུ་རྩལ་ཞིག་ཐོན་ཐུབ་པར་སྣང་།   དེ་ལྟ་བུའི་རྩོམ་སྟངས་འདི་ལ་སྔར་རང་མོས་སྙན་རྩོམ་ཞེས་མིང་བཏགས་མེད་མོད་བོད་རང་ལ་སྔར་ནས་འབྲི་སྲོལ་ཡོད་འདུག་པས་དགུ་རོང་དོན་འགྲུབ་རྒྱལ་གྱིས་གསར་དུ་འབྲི་སྲོལ་བཏོད་པ་ཞིག་མ་རེད།   འདིའི་སྐོར་ནས་བཤད་འདོད་པ་རེ་ཡོད་མོད་དེ་རིང་དུས་ཚོད་ཀྱི་དབང་གིས་རྒྱས་གླེང་བྱེད་ཁོམ་མི་འདུག

དེ་ནས་ལྷུག་རྩོམ་རེད། ལྷུག་མའི་རྩོམ་སྟངས་འདི་རང་རེར་ཆེས་སྔ་མོའི་དུས་ཡོད་པ་བློན་པོ་རི་ལས་སྐྱེས་ཀྱིས་རང་གི་མ་ཡུམ་ལ་བཏོན་པའི་དྲི་བ་དང་། མྱང་ཙང་ཀུ་སོགས་ཀྱིས་བོར་བའི་བྲོ་ཚིག་སོགས་སྔོན་གྱི་རྒྱལ་བློན་དག་གིས་གསུངས་པ་མང་བོ་ཞིག་ད་ལྟའི་ཏུན་ཧོང་གཏེར་ཡིག་ཏུའང་ཡོད་པ་དེ་འདྲ་རེད།  འོན་ཀྱང་ད་ལྟའི་མང་བོ་ཞིག་གིས་དོན་འགྲུབ་རྒྱལ་གྱིས་རྐང་ལམ་ཕྲ་མོ་བྲིས་པ་ནས་གསར་དུ་དར་བ་ཞིག་རེད་ཅེས་ཤེད་ཀྱིས་སྒྲོག་པ་ནི་བསྟོད་མ་ཤེས་པའི་བསྟོད་པ་ཞིག་དང་།  རང་གི་ལྟ་རྒྱ་ཆུང་བའི་མཚོན་རྟགས་ཤིག་རེད། དགུ་རོང་དོན་འགྲུབ་རྒྱལ་ལགས་སྤྱིར་ཤེས་རིག་ཡོན་ཏན་གྱི་ཕྱོགས་ལ་བློ་མིག་བཀྲ་ཞིང་།    ཁྱད་པར་དུ་རྩོམ་རིག་གི་ཕྱོགས་ལ་རྣམ་དཔྱོད་ཉི་མ་ཤར་ཤར་ཅན་ཞིག་ཡིན་ཚོད་རེད་མོད།     ཡོད་ཚད་ཁོས་གསར་བཏོད་བྱས་སྐད་དེ་ལ་ཁུངས་ལུང་མི་འདུག   ཇི་སྐད་དུ།     བདེ་བར་གཤེགས་པ་བདག་གི་ཕ་མིན་མི་སྟེགས་གཞན་གྱིས་ཅང་མ་འཕྲོག། ཅེས་གསུངས་པ་བཞིན། སྔོན་བྱོན་ཡབ་མེས་ཚོས་བདག་ལ་རྔམ་པ་སྤྲད་མེད་པས་གཞི་མེད་ཀྱི་བསྟོད་པ་བྱེད་དོན་མེད་ལ།       སྐུ་ཞབས་དོན་འགྲུབ་རྒྱལ་སོགས་ཀྱིས་བདག་ལ་མི་འདོད་པ་ཅི་ཡང་བསྒྲུབས་མ་མྱོང་བས། ཁོང་གི་ཕྱག་རྗེས་མངོན་སུམ་དུ་བསུབ་དགོས་དོན་ཅི་ཡང་མ་མཆིས་མོད། རྩོམ་ལུས་ཕལ་ཆེར་ཁོས་གསར་བཏོད་བྱས་སྐད་ཀྱི་ད་ལྟའི་གཅམ་ཚིག་དག་ལ་འཐད་པའི་མགོ་ལྕོག་ལྡེམ་རྒྱུ་དཀའ་མོ་རེད།   ཁོ་རང་གིས་བྲིས་པའི་མཉེན་འཇམ་རྩྭའི་གླུ་སྒྲ་བཀླགས་པའི་འཆར་སྒོ་ཞེས་པར་ལྟོས་དང་། ལྷུག་རྩོམ་འབྲི་སྲོལ་ནི་རང་རེ་ལ་གནའ་སྔ་མོ་ནས་ཡོད་མོད། འོན་ཀྱང་དེང་རབས་ཀྱི་དུས་དང་མཐུན་ལ། མི་རིགས་རང་གི་ཁྱད་ཆོས་ཀྱང་ཡོད་པའི་ལྷུག་རྩོམ་ནི་དཀོན་ཞེས་ཁ་གསལ་གྱིས་བཤད་ཡོད།   དེ་འདྲ་ཡིན་ཡང་ལྷུག་རྩོམ་འབྲི་སྲོལ་གྱི་སྲོལ་འབྱེད་པར་དོན་འགྲུབ་རྒྱལ་ངེས་པར་དུ་འཇོག་དགོས།  དེ་ནི་ང་ཚོའི་དགོས་མཁོ་ཡིན་ཟེར་ན་དེ་ག་རང་དུ་འཇོག་པ་ལས་རྩོད་པ་བྱེད་དོན་མེད།    ད་ལྟ་ལྷུག་རྩོམ་ལ་རྗོད་བྱེད་ཚིག་གི་ཆ་ནས་ལྷུག་རྩོམ་སྙན་ངག་དང་ལྷུག་བརྗོད་ལྷུག་རྩོམ་གཉིས། བརྗོད་བྱ་དོན་གྱི་ཆ་ནས་དོན་བརྗོད་ལྷུག་རྩོམ། ཡིད་བརྗོད་ལྷུག་རྩོམ། ལུགས་བརྗོད་ལྷུག་རྩོམ་གསུམ།  དེ་དག་ལ་ནང་གསེས་ཀྱིས་ཞོར་ཟིན་དང་སྙན་ཞུ། གླེང་གཞི་དང་མཇུག་གཏམ།   ཉིན་ཐོ་དང་ལྗོངས་རྒྱུའི་ཟིན་ཐོ་སོགས་མང་བོ་ཞིག་དབྱེ་བཞིན་ཡོད་ལ་དེ་ལྟར་དབྱེ་ཡང་ཆོག་ཆོག་རེད། འོན་ཀྱང་དེས་བོད་ལ་སྔར་ལྷུག་རྩོམ་འབྲི་སྲོལ་མེད་པ་གཏན་ནས་བསྒྲུབ་མི་ཐུབ།

ང་གྲྭ་བ་རྩོམ་དགའ་ཞིག་ཡིན་པས་རྩོམ་གྱི་སྐོར་ནས་ཉོག་བཤད་བྱེད་རྒྱུ་མང་སོང་། དགོངས་པ་མ་ཚོམས།

གང་ལྟར་ཁྱེད་ཅག་གི་དྲྭ་ཚིགས་འདིར་རྩོམ་ལུས་གང་གི་རྩོམ་ཡིག་བཀོད་ཀྱང་། བསམ་བློ་རྣམ་དག་ཅིག་དང་ཁ་ཕྱོགས་ཕན་ཁེ་ཅན་ཞིག    བོད་མདོ་དབུས་ཁམས་གསུམ་གྱི་བསམ་བློ་ཡར་སྐུལ་དང་མཐུན་སྒྲིལ་ལ་ཤུགས་སྣོན།    དུས་རབས་གསར་བའི་གངས་ལྗོངས་མིང་དོན་མཚུངས་པ་ཞིག་གི་ཕྱོགས་སུ་བསྐྱོད་པར་ཤུགས་རྐྱེན་ཐེབས་ཐུབ་པ་ཞིག་ཡིན་ན་ཤིན་ཏུ་ལེགས།     ཁྱེད་རྩོམ་སྒྲིག་པ་རྣམས་ཀྱིས་ཉམས་འཇོག་ནན་ཏན་བྱེད་དགོས་ས་གཙོ་བོ་ཞིག་ནི།     མཐུན་སྒྲིལ་ལ་གནོད་པའི་རྩོམ་ཡིག་འགོད་མི་རུང་། འདིས་མ་ཚོ་ཕོངས་ལ་སྦྱོར་ངེས། མདོ་དབུས་ཁམས་གསུམ་བར་ཕྱོགས་ཞེན་བརྗོད་གཞིར་བྱས་པའི་རྩོམ་ཡིག གྲུབ་མཐའ་གསར་རྙིང་བར་ལ་དགོས་མེད་རྩོད་པ་སློང་བྱེད་ཀྱི་རྩོམ་ཡིག  སྐྱ་སེར་ཕོ་མོའི་བར་ལ་འགལ་བ་འཇོག་བྱེད་ཀྱི་རྩོམ་ཡིག  གནའ་དེང་རིག་གནས་ཀྱི་འབྲེལ་བ་མེ་ཆུར་སྒྲུབ་བྱེད་ཀྱི་རྩོམ་ཡིག་སོགས་ལ་དུག་བཞིན་འཛེམས་ཤིང་འགོས་ནད་བཞིན་དོགས་དགོས་ཏེ།    འདིས་ང་ཚོའི་མཐུན་སྒྲིལ་གྱི་ལྷ་མཁར་རྨང་ནས་བཤིག་འགྲོ། ཡར་རྒྱས་ཀྱི་སྲོག་རྩ་དུམ་བུར་གཏུབ་འགྲོ། མདུན་སྐྱོད་ཀྱི་གོམ་སྣེ་ལྕགས་ཀྱིས་སྒྲོག་འགྲོ། དེང་སྐབས་མཁས་པ་མང་བོས། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ལ། སྟོབས་ཤུགས་ནི་འཕེལ་རྒྱས་ཀྱི་རྩ་བ་ཡིན་ཞེས་པའི་སྡོམ་ཚིག་ལ་སོམས་དང་།  མཐུན་སྒྲིལ་གྱི་དགེ་མཚན་དང་ཁྱད་ཆོས་གསལ་ལེར་རྟོགས་འོང་།

ད་ལྟ་ནི་དྲྭ་ཚིགས་རིག་གནས་ཀྱི་དུས་སྐབས་ལ་སླེབས་ནས་ཡོད།  ང་ཚོའི་མི་རབས་འདིའི་རིང་ལའང་སྒྲ་ཐག་རིག་གནས་ཀྱི་དུས་སྐབས་དང་།    འོད་སྡེར་རིག་གནས་ཀྱི་དུས་སྐབས་སོགས་མང་བོ་ཞིག་བྱུང་མྱོང་།     དྲྭ་ཚིགས་རིག་གནས་འདི་མགྱོགས་མྱུར་ལྡན་ལ་ཁྱབ་རྒྱ་ཆེ། ཀློག་མཁན་ཡང་མང་བོ་ཡོད།  དེའི་ཕྱིར་ཁྱེད་ཅག་གིས་ནམ་ཡང་མདོ་དབུས་ཁམས་གསུམ་མམ།   ས་སྒང་རིལ་མོ་འདིའི་ཐོག་གི་བོད་པའི་ཤེས་རིག་ལ་དོ་སྣང་ཡོད་མཁན་ཚང་མར་ཁ་ཕྱོགས་པ་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེ་ལྟར་བྱུང་ན་དྲྭ་ཚིགས་འདི་གསར་བཏོད་བྱས་པའི་ཉིང་དགོས་ཀྱང་གྲུབ་སོང་བ་རེད་སྙམ།

གཤམ་ནས་ཞོར་འཕྲོས་ཀྱིས་རེ་བ་ཞུ་རྒྱུ་ཞིག་ལ། དྲྭ་ཚིགས་འདིར་སློབ་གསོའི་སྐོར་གྱི་ལེ་ཚན་ཞིག་དང་།   ཁྲོམ་རའི་དཔལ་འབྱོར་སྐོར་གྱི་ལེ་ཚན་ཞིག    ཁྲིམས་ལུགས་དང་བཅའ་ཁྲིམས་རྒྱུན་ཤེས་ཀྱི་ལེ་ཚན་ཞིག    གནས་རི་དང་དགོན་རྙིང་ངོ་སྤྲོད་ཀྱི་ལེ་ཚན་ཞིག་བཅས་ཁ་སྣོན་བྱེད་རྒྱུ་ན་ཧ་ཅང་ཡག་པོ་རེད་སྙམ།    དཔེར་ན་སློབ་གསོའི་སྐོར་ནས། ད་ལྟའི་བོད་ཀྱི་སློབ་གསོའི་གནས་བབས་དང་།   སློབ་གསོའི་འཕེལ་ཕྱོགས། ཕུལ་བྱུང་དགེ་རྒན་དང་ཕུལ་བྱུང་སློབ་གྲྭ། ཕུལ་བྱུང་སློབ་མ་ངོ་སྤྲོད། གསར་ཚུགས་སློབ་གྲྭ་མཚམས་སྦྱོར།    དཔལ་འབྱོར་གྱི་སྐོར་ནས་འཛམ་གླིང་སྤྱིའི་དཔལ་འབྱོར་གྱི་འཕེལ་ཕྱོགས་དང་རིག་ལམ།  གསར་བྱུང་དངོས་རྫས་དང་གསར་ཚུགས་ཚོང་ར་བརྒྱུད་སྒྲོག རྩ་ཁྲིམས་ཀྱི་ཕྱོགས་ནས་རྩ་བའི་རྒྱུན་ཤེས་ངོ་སྤྲོད། ཁྲིམས་འགལ་གྱི་རིགས་ཆད་པ་བཅད་པའི་གསར་འགྱུར། ཁྲིམས་འགལ་ཡིན་མིན་གྱི་དཔྱད་གཏམ་ཐུང་ངུ་།  རྩ་ཁྲིམས་དང་བཅའ་ཁྲིམས་ཤེས་པའི་དགེ་མཚན།  ཁྲིམས་ལུགས་སྐོར་གྱི་སློབ་ཁྲིད།     གནས་རི་དང་དགོན་རྙིང་ངོ་སྤྲོད་སོགས་ང་ཚོར་ལག་ཐོག་མི་དགོས་ཤིང་མཚམས་སྦྱོར་བྱེད་རིན་ཡོད་པ་བགྲང་གིས་མི་ལོངས་པ་ཞིག་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས་པས་འདིར་མང་དུ་ཞུ་མི་དགོས།

ད་དེ་རིང་དེ་ཙམ་གྱིས་ཆོག་ནི་བྱེད། ངས་ལྷ་སའི་སྐད་ཡག་པོ་བཤད་མི་ཤེས་པས་འགའ་རེས་ཇི་བཞིན་གོ་མེད་ནའང་ཐང་། འོན་ཀྱང་ངའི་སེམས་སུ་ང་ཚོས་སྔོན་ཕན་ཚུན་ངོ་མི་ཤེས་མོད།   ཁྱེད་ཅག་གིས་ང་བོད་མི་ཞིག་ཡིན་པའི་དུང་ཞེན་གྱིས་དེ་རིང་འདིར་བསམ་བློ་བརྗེ་རེས་བྱེད་དུ་བོས་པ་རེད། དེས་ན་ངས་ཀྱང་ཨ་མདོ་དང་ལྷ་སའི་སྐད་མཉམ་བསྲེས་ཡིན་མོད། གཙོ་བོ་ཡིག་སྐད་ལ་གཞོལ་ཅི་ཐུབ་ཀྱིས། སེམས་ཁོང་གི་རེ་འདུན་ཡོད་ཚད་མ་གསང་ལྷུག་བརྗོད་བྱེད་ཁུལ་བྱས་པ་ཡིན།   སྐད་གདངས་ཀྱི་དབང་གིས་མི་གོ་ས་དང་། ངའི་ཡོན་ཏན་གྱི་དབང་གིས་མི་འགྲིག་ས་ཅི་ཡོད་ན་རྣམ་པ་ལྷན་རྒྱས་ཀྱིས་འདོར་ལེན་བྱེད་རོགས་གནང་།

ད་ཐེངས་ང་ཉི་མ་ལྷ་སའི་གྲོང་ཁྱེར་འདི་ནས་དགའ་ཕྱོགས་དང་དམིགས་འདུན་གཅིག་ལ་སྤོབས་པ་དང་རིགས་ཞེན་གྱི་ཁྲག་རྩ་དྲག་ཏུ་རྒྱས་བཞིན་པའི་ཁྱེད་ཚོ་དང་འཕྲད་དེ་གླེང་མོལ་བྱེད་པའི་གོ་སྐབས་བྱུང་བར་དགའ་སྤྲོ་ཆེན་པོ་རྒྱས་ཡོད། ཕྱིར་ཨ་མདོར་སོང་ནས་ཀྱང་ཉི་མ་ལྷ་སར་ཉི་མ་བཞིན་ལང་ཚོའི་ཁོ་ལག་རྒྱས་ཤིང་ཤེས་རིག་ཡོན་ཏན་འཛོམས་པའི་བོད་རིགས་གཞོན་སྐྱེས་མང་བོས་གངས་ཅན་བོད་པའི་ཆོས་སྲིད་རིག་གནས་འཕེལ་རྒྱས་ལ་འབད་ཅིང་བརྩོན་བཞིན་ཡོད་པའི་ཚུལ་འདི་ཡང་ཡང་གླེང་ངེས། མུ་མཐུད་དུ་བརྩོན་པ་གནང་རོགས། ཐུགས་རྗེ་ཆེ་ཞུ།

2010,3,10.ཉིན།

 

 

 

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།