ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

གདམས་ངག་གི་གཏེར་ཁ།

                                                        ལྡོང་ཡོན་ཏན་རྒྱ་མཚོ།

མེ་ཏོག་མང་བོ་ནམ་མཁའི་འཇའ་ལྟར་ཡལ།།
སྡོང་ལོ་དག་ཀྱང་འཕུར་མ་ལྡིང་གིས་ཟགས།།
འདབ་ཆགས་ཕལ་ཆེར་ལྷོ་རོང་མོན་ལ་འཕུར།།
དགུན་གྱི་རྒྱལ་མོས་མི་རྟག་བསླབ་བྱ་སྩོལ།།

ཁ་བའི་འདབ་ལོ་རི་གཤོང་ཀུན་ལ་བབས།།
བུ་ཡུག་རྩུབ་མོ་ཤ་རུས་གསེང་ལ་འཛུལ།།
རྨ་ཀླུང་སྔོན་མོ་འཆག་རོམ་སྒྲོམ་དུ་ཚུད།།
དགུན་གྱི་རྒྱལ་མོས་ངེས་འབྱུང་གདམས་ངག་སྩོལ།།

རི་ལུང་ཤོད་གསུམ་མི་སྡུག་སྐྱ་སང་སང་།།
རི་ཆུ་ནགས་གསུམ་གྲོགས་མེད་གཅིག་བུར་འཚོ།།
རྐང་བཞི་རྐང་གཉིས་རང་རང་མལ་དུ་ཡིབ།།
དགུན་གྱི་རྒྱལ་མོས་སྙིགས་མའི་རང་གཤིས་ངོམ།།

ལྗོངས་རྒྱུ་བ་དག་བྲོས་པ་བཞིན་དུ་སོང་།།
སྤྲོ་བསང་བ་དག་སྐར་མདའ་བཞིན་དུ་ཡལ།།
གླིང་ཀ་མང་བོ་བཅོམ་པ་བཞིན་དུ་གྱུར།།
དགུན་གྱི་རྒྱལ་མོས་མི་རྟག་མཐའ་བཞི་སྟོན།།

                                      2020-10-26