ང་ཁྱེད་ཀྱི་ཆེད་དུ་དགའ་ཡང་མྱོང་ལ་ངུ་ཡང་མྱོང་།
ང་ཁྱེད་ཀྱི་ཆེད་དུ་འདུར་ཡང་མྱོང་ལ་ཐང་ཆད་ཀྱང་མྱོང་།
ང་ཁྱེད་ཀྱི་ཆེད་དུ་ན་ཡང་མྱོང་ལ་རྒས་ཀྱང་མྱོང་།
ང་ཁྱེད་ཀྱི་ཆེད་དུ་བསྲེས་ཀྱང་མྱོང་ལ་བཀྱེད་ཀྱང་མྱོང་།
ངས་ཁྱེད་རང་བསམ་སྟེ་སྤོབས་པ་རྒྱས་མྱོང་ལ་ཞུམ་ཡང་མྱོང་།
ངས་ཁྱེད་རང་བསམ་སྟེ་བརྩེ་བ་འབུམ་ཕྲག་ལ་ཀུ་རེ་བརྩེས་མྱོང་ལ་དཀའ་བ་བརྒྱ་སྟོང་གདོང་གིས་ཀྱང་བསུས་མྱོང་།
ངས་ཁྱེད་རང་བསམ་སྟེ་རྒྱལ་ཁམས་འགྲིམ་མྱོང་ལ་ཁེར་རྐྱང་གི་འཚོ་བའང་རོལ་མྱོང་།
ངས་ཁྱེད་རང་བསམ་སྟེ་མང་བོ་བཤད་མྱོང་ལ་ཕོག་ཐུག་ཀྱང་བཟོས་མྱོང་།
ཁྱོད་ཁོ་ནའི་ཆེད་དུ་ངས་རང་གི་མགྲིན་པ་གཟེངས་སུ་བསྟོད་མྱོང་།
ཁྱོད་ཁོ་ནའི་ཆེད་དུ་ངས་རང་གི་ཕྱི་ནང་གསལ་རྗེན་དུ་བསྟན་མྱོང་།
ཁྱེད་ཁོ་ནའི་ཆེད་དུ་ངས་བཙན་པོ་གཉན་པོ་དག་ཀྱང་སྣང་མེད་དུ་བསྐྱུར་མྱོང་།
ཁྱེད་ཁོ་ནའི་ཆེད་དུ་ངས་ཡོད་ཚད་བློས་གཏོང་བའི་ཆོད་སེམས་བཞག་མྱོང་།
དེའི་ཕྱིར། ང་ལ་ནོངས་འགྱོད་མེད། ཕྱི་ནུར་མེད།
སྔར་བཞིན་དུ། སྔར་ལས་ལྷག་པར།
རྡུལ་དམར་གྱིས་མཛེས་པའི་ལུང་གཤམ་འདི་ནས།
ངས་ཁྱོད་ཁོ་ན་གླེང་སྟེ།ཁྱོད་ཀྱི་ཆེད་དུ་བརྩོན་ངེས།
ང་ནི་ཁྱོད་ནི་དུས་གསུམ་གྱི་སྲུང་མ་མྱུར་མགྱོགས་ཅན་དེ་ཡིན།
ལྡོང་ཡོན་ཏན་རྒྱ་མཚོ།
༢༠༡༧-༡༠-༡༦