ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

 གཏན་དུ་མི་ནུབ་པའི་དུང་ཟླ་དཀར་བོ།

 ཀུན་གཟིགས་བཅུ་བ་ཆེན་མོ་སྐུ་ཞི་བར་གཤེཊ་ཚུལ་བསྟན་ཏེ་བགྲང་བྱ་ཉེར་དྲུག་འཁོར་བའི་རྗེས་དྲན།

རབ་རྒྱལ་ས་སྟག་ལོའི་མཆུ་ཟླའི་རྒྱལ་བ་དང་བོར། མདོ་སྨད་རྟའི་ཆོལ་ཁའི་ལྷོ་རྒྱུད་དུ་གཏོགས་པའི་བིས་མདོ་གཡང་གི་རི་རྩེར། དྲི་མས་མ་གོས་པའི་དཀར་གསལ་དུང་ཟླ་ཞིག་ཤར་སོང་། རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྐུ་ཡོན་དང་།      དཀར་ཕྱོགས་ལྷ་ཚོགས་དགྱེས་པའི་རྟེན་འབྲེལ་གཉིས་ལྷན་དུ་འཛོམས་པས། དགུན་གྱི་གཡུ་འབྲུག་ཚང་ནས་ལྡིར་ཞིང་། དབང་གཞུའི་གུར་གྱིས་བླ་རེ་འཐེན་ཚེ། སྤུ་སྡུག་འདབ་ཆགས་ཚོགས་ཀྱང་གར་ལ་ཆས་ཤིང་མགྲིན་གླུ་འཁྲོལ་མོད། ཁོར་ཡུག་གི་མི་ཚོགས་དལ་ཅག་གེར། རྒྱུན་ལྡན་ཟླ་བའི་སྤྱི་འགྲོས་ཤིག་ལས་ཅི་ཡང་མ་མཐོང་།      སྐབས་ལ་རེར། མིའི་རྣམ་དཔྱོད་དང་བློ་

གྲོས་ཟེར་བའང་ཇི་འདྲའི་ཐབས་ཆག་ཅིག་རེད་ཨང་།

པཎ་ཆེན་ནང་མ་སྒང་གི་འོས་སྤྲུལ་འཚོལ་བསྡུ་ཚོགས་པ། སྐྱེ་དགུའི་བསོད་ནམས་མཐོན་པོའི་ཤུགས་ཀྱིས་བཀུག་པས། བས་མཐའི་གུད་ན་གབ་པའི། ཁྱེའུ་མགོན་པོ་ཚེ་བརྟན་གྱི་མཚན་ཐོ་སྐུ་འབུམ་དུ་གདན་དྲངས་ཀྱང་། ཡབ་མགོན་པོ་ཚེ་བརྟན་དང་ཡུམ་བསོད་ནམས་སྒྲོལ་མ་སོགས། ནང་མི་དང་རུ་སྡེ་སུ་ཞིག་གི་བློ་ངོར་ ཡང་། ཆེས་སྤྱིར་བཏང་བའི་གཞིས་ཀ་དང་རི་གཤམ་དེར་། གླིང་བཞིའི་མུན་པ་སེལ་བའི་ཟླ་བ་ཞིག་བལྟམས་ནས་ཡོད་སྣང་ག་ལ་འཆར།

སྐུ་ཡོན་མཐོ་བའི་སྐྱེས་ཆེན་མང་བོ་ཚར་དུ་དངར་བའི་མདུན་སར། དགེ་འདུན་འདུས་ཚོགས་ཀྱི་རྒྱ་མཚོ་སྐྱོམ་པའི་དབུས་སུ། ཕལ་བའི་སྣང་ངོ་ཡི་ཁྱེའུ་ཁྱོད་ཀྱིས། ཕལ་བའི་མཛད་སྤྱོད་དག་རྒྱང་དུ་དོར་ནས། ཆེས་སྒམ་བརླིང་དང་སྤོབས་པའི་ངོགས་ནས། ལྐོག་གྱུར་དང་གསང་གནད་གང་མང་ཞིག་འཁྲུལ་མེད་དུ་ངོས་འཛིན་ གནང་བས། ཐམས་ཅད་ཡིད་ཆེས་དང་དད་པའི་དཔལ་ལ་བཀོད། གཞན་ཡང་།    ཕལ་བའི་ཚོད་བགམ་ལས་འདས་པའི་ངོ་མཚར་ཁྱད་རྟགས་དུ་མས་ཀྱང་། སྐུ་གོང་མའི་ཡང་སྲིད་དུ་ངེས་པ་རྙེད་སོང་སྐད།

ཁྱབ་བདག་རྡོ་རྗེ་འཆང་གཅིག་དཔལ་བླ་གོ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་ཞལ་སྔར། གནག་སྣུམ་གྱི་གཙུག་ཕུད་ཕུལ་ཞིང་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་པར། རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོའི་མཚན་གྱི་ཅོད་པན་དང་བཅས།   འཇིགས་མེད་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་བས།   ཁ་བ་གངས་ཅན་པས་རེ་ཞིང་སྒུག་པའི།   ཀུན་གཟིགས་བཅུ་བ་ཆེན་པོའི་དགྱེས་འཛུམ། ཐུགས་རྗེ་དང་བྱམས་བརྩེའི་ཀློང་ནས་ཁད་ཀྱིས་གྲོལ་སོང་།

དགུང་ན་བརྒྱད་ལ་སོན་པའི་ཁྱེའུ་ཞིག་གིས་ལེགས་བཤད་ཟབ་མོའི་སྒོ་འཕར་ལྷོད་ཀྱིས་གྲོལ་ཚེ། དྲན་དབང་ཆེན་མོ་དག་ཀྱང་བརྗོད་དོན་ཇི་བཞིན་འགྲེལ་བ་ལ་ངལ་ཞིང་། བླ་བྲང་བཀྲ་ཤིས་འཁྱིལ་སོགས་དགེ་འདུན་འདུས་ཚོགས་རྒྱ་མཚོར།     དཔལ་དུས་ཀྱི་འཁོར་ལོའི་བཤད་པ་དང་བཅས་པའི་བཀའ་དབང་སོགས་ཀྱིས།    མཆོག་གི་གྲགས་དཀར་ནམ་མཁའི་མཐའ་རུ་འཕུར། གསང་གསུམ་མཛད་འཕྲིན་གྱི་འོད་དཀར་ཇེ་གསལ་ནས་ཇེ་གསལ་དུ་གྱུར། གདན་ས་བཀྲ་ཤིས་ལྷུན་པོའི་གསེར་ཁྲི་བརྗིད་རྔམ་དང་ལྡན་པར་བྱས།

བོད་པའི་བླ་སྤྲུལ་གྱི་ཚབ་མཚོན་དུ་འོས་པའི་སྐྱེས་མཆོག་ཁྱོད་ལ།  ཐུན་མིན་རང་གཤིས་དང་གཞོམ་མེད་ཐུགས་སྟོབས་འོད་དུ་འབར་བས། དགུང་ལོ་བཅུ་གཅིག་སྟེང་ནས། ངའི་དོན་དག་ང་དང་གྲོས་མི་བྱེད་པ་ཅི་ཡིན། ཁྱེད་ཚོར་ངའི་དོན་དག་ཐག་གཅོད་རྒྱུའི་དབང་ཆ་ཡོད་དམ།   ཞེས་གོ་མིན་ཏང་དང་པཎ་ཆེན་ནང་མ་སྒང་ལ། འཇིགས་མེད་གསུང་གི་གད་རྒྱངས་མཐོན་པོར་བསྒྲགས། མི་རིགས་ཤིག་གི་འཕེལ་རྒྱས་ལ་དགོངས་ནས། བོད་ཀྱི་ལག་རྩལ་སློབ་གྲྭ་ཐོག་མ་བཙུགས། རྐྱེན་འདིས། སྐུ་ཉིད་བསམ་མི་ཕོད་པའི་འོ་རྒྱལ་ལ་གཏད་ཀྱང་། འཇིགས་ཞུམ་དང་ཕྱི་ནུར་ལྟ་ཅི། རིགས་ཞེན་དང་བདེན་པའི་གསུང་སྐད་ཇེ་མཐོ་ནས་ཇེ་མཐོར་གྱུར།

ང་བརྒྱད་ལོ་ནས། ཞི་རྒྱས་དབང་དྲག་གིས་གཡུག་བྱུང་བའི་རླུང་འཚུབ་ཅིག་གིས། མདོ་དབུས་ཁམས་གསུམ་དུ། དྲང་བདེན་མ་ཡིན་པའི་གནས་ཚུལ་ང་ཡ་ང་བ་དག   ཆུ་ལས་ཆུ་བུར་བརྡོལ་འདྲའི་གནས་ཚུལ་མང་བོ་མཁྱེན་ཅིང་གཟིགས་པས། རང་གི་སྐུ་སྲོག་ལ་ལྟོས་པ་མེད་པར། ཡིག་འབྲུ་ཁྲི་བདུན་ལས་གྲུབ་པའི། བོད་པའི་བདེ་སྡུག་གི་སྙན་ཞུ་གྲགས་སྐད་ཅན་དེ། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྤོབས་པས་ཕུལ་ཚེ། ཐ་ན། གཙོ་འཛིན་མའོ་ཙེ་ཏུང་ཡང་ཁོང་གི་ཐུགས་སྟོབས་ལ་ཧ་ལས་དགོས་བྱུང་སྐད།

རིག་གསར་གྱི་འཐད་རྩོད་མེ་བཞིན་འབར་བས། རླབས་ཆེན་གྱི་སྐྱེས་བུ་གང་མང་ཞིག   རི་བོང་གླག་གིས་འཛིན་པ་ལྟར་རེ་རེ་བཞིན་ཁྱུར་མིད་དུ་གཏོང་སྐབས། བོད་པའི་དཔྲལ་བའི་མིག་དང་། ཁོག་གི་སྙིང་བཞིན་གཅེས་པའི་རིན་བྲལ་ནོར་བུ་  ཁྱོད་ལའང་། བློས་མི་དཔོག་པའི་གཅར་རྡུང་དང་འབྲེལ། ཉེས་པ་མེད་ཀྱང་ཉེས་ཅན་དུ་བརྩིས་ཏེ། བསམ་མི་ཕོད་པའི་བཙོན་ཁང་ཞིག་ནས། མི་ལོ་ཉི་ཤུར་ཉེ་བར་བཙན་གྱིས་བཞུགས་དགོས་བྱུང་། འོན་ཀྱང་། ཁྱེད་ཀྱིས་མནར་གཅོད་ཅི་མྱོང་། མི་རིགས་ཀྱི་ཆེད་དུ་ཡིན་པ་ལས་འཕྲོག་བཅོམ་བྱས་པའི་ཉེས་ཆད་མིན་ལ། ཁྱེད་མུན་བཙོན་ནས་ཡུན་རིང་བཞུགས་པའང་། བདེན་དོན་གྱི་ཆེད་དུ་ཡིན་པ་ལས། ཁྲིམས་འགལ་བྱས་ པའི་འབྲས་བུ་ག་ལ་ཡིན། འདི་ལྟར་བསམ་ན། རིན་པོ་ཆེ་མཆོག་གིས་ནམ་རྒྱུན། ང་ རང་སྐྱེས་པའང་བསྟན་འགྲོའི་དོན་ཡིན་པ་ཁྱེད་ཅག་གིས་འདོད། ང་ཤི་ནའང་རྒྱལ་བའི་བསྟན་པ་དང་རང་གི་མི་རིགས་ཀྱི་ཆེད་དུ་སེམས་ཐག་རྦད་ཆོད་ཡིན་ལ། ངའི་ བབ་ཀྱང་ཡིན་གསུངས་པའི་བདེན་པའི་རང་ཞལ་མཇལ་འོང་། ཡོད་ཚད་ཀྱི་འགན་འཁྲི་ཁྱོད་གཅིག་བུའི་ཕྲག་ཏུ་ག་ན་ཡོད་དེ། ཐེག་ཆེན་སེམས་བསྐྱེད་ཆེན་པོའི་ཀློང་ནས། ཁྱོད་ཀྱི་དམ་བཅའ་དང་ཕྱག་བཞེས་རྩ་བ་ནས་འགྱུར་མ་མྱོང་། ཐུགས་རྗེ་ཆེ།  ནང་ཆོས་ཀྱི་དེད་དཔོན། མི་རིགས་ཀྱི་དཔའ་བོ། དུས་རབས་ཀྱི་ཚབ་མཚོན་པ།

བཙོན་གྲོལ་ཐོབ་མ་ཐག་ཏུ། སྐུ་ངལ་ཙམ་ཡང་གསོ་ཁོམ་མ་བྱུང་བར། སྨན་བཅོས་ཤིག་ཀྱང་བྱེད་དགོངས་མ་ཤར་བར། བོད་མདོ་དབུས་ཁམས་གསུམ་གྱི་ས་ཆ་སོ་སོར།  ཞབས་ཀྱི་མེ་ཏོག་བཀོད།   གསུང་གིས་དབུགས་དབྱུང་བསྩལ། ཐུགས་ཀྱིས་ཞིབ་པར་དཔྱད་དེ། ཡང་དར་བསྟན་པའི་སྲོལ་ཆེན་ཕྱེས་ནས་སྐྱེ་དགུའི་ཡིད་ཀྱི་གདུང་བ་བསལ། བོད་ཀྱི་སློབ་གྲྭ་མང་བོ་བཙུགས་ཏེ་རང་གི་རིག་གནས་དང་དཔལ་འབྱོར་རྨང་ནས་སྤེལ།

གཞན་ཡང་།   ལྷ་སའི་སྨོན་ལམ་ཆེན་མོ་སླར་གསོ། གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་གསར་འཛུགས་ལ་རྒྱབ་སྐྱོར།  བོད་བརྒྱུད་མཐོ་རིམ་ནང་བསྟན་ སློབ་གླིང་དང་། བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས། བོད་གངས་རྒྱན་དར་སྤེལ་སྤྱི་སྡོམ་མཐུན་གཉེར་ཁང་། བཀྲ་ཤིས་ལྷུན་པོའི་བོད་སྨན་རྩིས་ཁང་གསར་འཛུགས། བོད་སྐད་ཡིག་སློབ་སྦྱོང་དང་། བེད་སྤྱོད་དར་སྤེལ་བྱ་རྒྱུའི་གཏན་འབེབས་གྲོས་འཆམ། བོད་སྐད་ཡིག་ལས་ཀའི་འགོ་ཁྲིད་ལས་ཁུངས་གསར་འཛུགས། སྐུ་གདུང་མཆོད་ཁང་ཤར་བཀྲ་ཤིས་རྣམ་རྒྱལ་གསར་བཞེངས་སོགས། ལོ་འཁོར་ཉུང་ཉུང་ཞིག་ལ། ཇི་འདྲའི་བརྗེད་པར་དཀའ་བའི་རླབས་ཆེན་ཕྱག་ལས་  མང་བོ་ཞིག་གནང་འདུག་ཨང་།

མདོར་ན། མགོན་པོ་ཁྱོད་སྲིད་ཀྱི་སྟེགས་བུར་ཕེབས་པའང་། བསྟན་པ་དང་མི་རིགས་ཀྱི་ཆེད་ཡིན་ལ། ཆོས་ཀྱི་ཁྲི་འཕང་དུ་ཕེབས་པའང་། བསྟན་འགྲོའི་དོན་འབའ་ཞིག་ལས་གཞན་དུ་ཅི།

ཟླ་བ་གཟའ་ཡིས་བཟུང་བའི་ལོ་ནག་ཅིག་ལ། ཆུ་བོ་དར་གྱིས་བསྡམས་པའི་དགུན་ཟླ་ཞིག་ལ། སྨྲ་བསམ་བརྗོད་བྲལ་ལ་གཏུགས་པའི་ཉི་ཟད་ཅིག་ལ།  གངས་རིའི་མཁའ་དབྱིངས་ན་འཚེར་བའི་དུང་ཟླ་དཀར་བོ་ཁྱོད་ཀྱི་བཞུད་ལམ་ཡང་བསྐྱར་བཀག་སོང་། མཛད་འཕྲིན་སྲིད་ལ་བསྐྱངས་པའི་འོད་ཞགས་དེ་དུམ་བུར་བཅད་སོང་། རིགས་ཀྱི་གད་རྒྱངས་མཐོ་བའི་གསུང་སྒྲ་ཡང་སྦུབས་ལ་དྲངས་སོང་མོད།    མགོན་པོ་ཁྱོད་ཀྱིས་ནམ་རྒྱུན། བོད་རྗེས་ལུས་ཀྱི་རྣམ་པ་མ་བསྒྱུར་ན། ང་ཤི་ཡང་མིག་མི་བཙུམ་པའི་ཞལ་བཞེས་གནང་བ་བཞིན། ཉིན་མཚན་དུས་དྲུག་ཏུ། གསང་གསུམ་གཡེལ་བ་མེད་པར། ང་ཚོའི་མགོན་སྐྱབས་དང་དཔུང་གཉེན་དུ་བཞུགས་ཡོད་པའི་ ཡིད་ཆེས་དང་སྤོབས་པའི་ཀློང་ནས། ཁ་ཆར་དང་བུ་ཡུག་དང་ཇི་འདྲའི་འཚུབ་ཀྱང་། ང་ཚོ། འདི་ལྟར་ཨུ་ཚུགས་ཀྱིས་མདུན་བསྐྱོད་བྱེད་ཀྱིན་ཡོད་པས། ངེས་དོན་ཡར་རྒྱས་དང་ཞི་བདེའི་དངོས་གྲུབ་སྩོལ་ཅིག   བོད་པའི་སེམས་སྟེགས་ན་དུས་གཏན་དུ་མི་ ནུབ་པའི་དུང་ཟླ་དཀར་བོ་ལགས།