ཁ་བ་བབས་བྱུང་། མེ་ཏོག་བཞིན་བབས་བྱུང་།
མཐོ་བ་གངས་རིའི་རྩེ་མོ། དམའ་བ་སྤང་གཞོང་ཡངས་མོ།
ཁ་བའི་གོས་དཀར་གྱིས་གཡོག་སོང་། ཁ་བའི་མེ་ཏོག་གིས་གང་སོང་།
ཁ་བ་དཀར་བོ། བཀྲ་ཤིས་པའི་མཚོན་རྟགས་གསར་བ་ཡིན།
ཁ་བ་དཀར་བོ། བོད་གདོང་དམར་ཚང་གི་གཤིས་ཀ་ཡིན།
ཁ་བ་བོད་ལ་བབས་པས། བོད་པའི་ལྷག་བསམ་དཀར་དཀར།
ཁ་བ་བོད་ལ་བབས་པས། བོད་པའི་རང་གཤིས་དཀར་དཀར།
ང་ཁ་བའི་བུ་མོ་བོད་ལ་དགའ། ང་བོད་པའི་བུ་མོ་ཁ་བར་དགའ།
ཁ་བ་བབས་བྱུང་། དར་དཀར་བཞིན་བབས་བྱུང་།
འབྲོག་པའི་ལྷས་ར་གོར་མོ། ཞིང་བའི་ཁང་ཆུང་གྲུ་བཞི།
ཁ་བའི་གཡང་ནོར་གྱིས་གང་སོང་། ཁ་བའི་གཡང་འབྲུ་ཡིས་ཕྱུག་སོང་།
ཁ་བ་དཀར་བོ། འབྲོག་བུ་མོ་དགའ་བའི་མགྲོན་པོ་ཡིན།
ཁ་བ་དཀར་བོ། ཞིང་སོ་ནམ་འཕེལ་བའི་གཞི་མ་ཡིན།
ཁ་བ་འབྲོག་ལ་བབས་པས། འབྲོག་པའི་འཚོ་བ་དཀར་དཀར།
ཁ་བ་རོང་ལ་བབས་པས། རོང་བའི་སེམས་པ་དཀར་དཀར།
ང་འབྲོག་རུའི་བུ་མོ་ཁ་བར་དགའ། ང་གངས་རིའི་བདག་མོ་ཁ་བར་དགའ།
ལྡོང་ཡོན་ཏན་རྒྱ་མཚོ།