ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

༧ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་མགོ་ལོག་ཁང་སར་དགོན་དགའ་ལྡན་ཆོས་འཁོར་གླིང་ནས་ཀུན་མཁྱེན་འཇིགས་མེད་དབང་བོའི་སློབ་གཉེར་བསླབ་བྱ་ཞིབ་ཁྲིད་གནང་།

ལོ་མང་བོར་ཡང་ཡང་གསོལ་བ་བཏབ་པ་བཞིན།སྤྱི་ལོ༢༠༢༠ཟླ༩ཚེས༢ཉིན་དགེ་བའི་བཤེས་གཉེན་དམ་༧ལྡོང་ཡོན་ཏན་རྒྱ་མཚོ་མཆོག་མགོ་ལོག་ཁང་སར་དགོན་དགའ་ལྡན་ཆོས་འཁོར་གླིང་དུ་ཕེབས་ནས། གྲྭ་ཚང་ཡོངས་ལ་ཀུན་མཁྱེན་འཇིགས་མེད་དབང་བོའི་སློབ་གཉེར་བསླབ་བྱ་ཞིབ་ཁྲིད་གནང་། ཁོང་གིས་དགོན་པ་འདི་ལོ་བཅོ་བརྒྱད་ཀྱི་རིང་ལ་མས་བུ་བཞིན་དུ་བསྐྱངས་པས།དགེ་འདུན་པ་ཚང་མ་ཁོང་ལ་དགའ་དད་ཆེ་ཞིང་བླ་སློབ་ཀྱི་དམ་ཚིག་ཤེལ་བཞིན་དུ་གཙང་།ཁོང་གི་གསེར་ཞལ་མ་མཇལ་བར་ཡུན་རིང་འགོར་བས། དགེ་སློང་བགྲེས་པོ་དགུང་ལོ་དགུ་བཅུ་དང་བརྒྱད་ཅུ་ཅན་དག་གིས་སྤྱན་ཆབ་བསིལ་བཞིན་དཔེ་ཁྲིད་ལ་ཕེབས་ཚེ་རབས་རྗེས་འཛིན་གྱི་སྐཡབས་འཇུག་ཞུས། དགེ་འདུན་པ་ཕལ་ཆེར་གྱིས་བྱང་ཆུབ་ལམ་རིམ་ཆེན་མོ་ཆག་མེད་དུ་ཞལ་འདོན་གནང་རྒྱུའི་དམ་བཅའ་ཕུལ་བ་སོགས་རྣམ་དཀར་གྱི་དགེ་ལས་རྒྱ་ཆེན་པོ་ལེགས་པར་གྲུབ།