ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

བོད་ཀྱི་སྤྱི་སྐད་གླེང་བ།

བོད་ཡིག་རྐང་འཛིན་དགེ་རྒན་གྱི་དུས་ཐུང་གསོ་སྦྱོང་འཛིན་གྲྭ་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་དུ་བསྡུས་སྐབས་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་གསུང་བཤད་སྒྲ་ཐག་ཏུ་ཕབས་པ་བཤུ་འབྲི་བྱས་པའི་ཁག་དང་བོ།

ཡ་དེས་ན་དེ་རིང་གི་སློབ་ཁྲིད་དམ་བསམ་ཚུལ་བརྗེ་རེས་ལྟ་བུའི་གཏམ་བཤད་འདིའི་འགོ་འོ་འཛིན་རྒྱུ་བྱེད། སྤྱིར་ན་ད་ལོའི་དབྱར་ཁ་ཞིག་ནས་བོད་ཀྱི་སློབ་གསོར་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་པ་དང་། ལྷག་བསམ་དང་གཏོང་ཕོད་ཆེ་བའི་འབྱོར་ལྡན་མི་སྣ། སློབ་གྲྭ་ཁག་གི་དགེ་རྒན་ཁ་ཤས་སོགས་དང་གྲོས་བསྡུར་གྱིས་ང་ཚོའི་བོད་ཡིག་རྐང་འཛིན་གྱི་དགེ་རྒན་གྱི་དུས་ཐུང་གསོ་སྦྱོང་འཛིན་གྲྭ་ཞིག་བསྒྲུབ་རྒྱུ་

བྱས་ཀྱང་སྐབས་དེར་སྒྲུབ་དུས་དང་ས་གནས་སོགས་ངེས་གཏན་མེད། ཕན་ཚུན་ལ་འབྲེལ་གཏུགས་སོགས་གང་འཚམ་བྱས་མཐར་མི་་རིགས་ཀྱི་ཁྱད་ཆོས་དང་བོད་ཡིག་གི་དགེ་མཚན་ཅུང་འབུར་དུ་ཐོན་པ། དགེ་རྒན་གྱིས་སློབ་མ་སྐྱོང་ཚུལ་ལེགས་ཤིང་སློབ་མས་དགེ་རྒན་ལ་གུས་བཀུར་ཆེ་ས། ལོ་ཉུང་ཤས་ཤིག་གི་ནང་དུ་སློབ་མའི་རྒྱུད་ལ་ཡོན་ཚད་ངེ་ཅན་ཞིག་འབྱོར་ཐུབ་པ་ལས་གཞན་གཤེས་རྒྱུད་ལེགས་པ་སོགས་ཀྱི་ཁྱད་ཆོས་དང་ ལྡན་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་འཚོགས་རྒྱུར་ཐམས་ཅད་མས་མཐུན་བྱུང་བར་མ་ཟད་འཆད་ཁྲིད་ཀྱི་ཁུར་ཡང་སློབ་གླིང་འདིའི་དགེ་རྒན་ཚོའི་ཕྲག་ཏུ་བབ་སོང་།
བྱ་བཞག་འདི་ཧ་ཅང་གལ་ཆེན་ཞིག་ཡིན་པས་གཞན་གྱིས་སྦྱིན་བདག་བྱས་པའི་སློབ་གྲྭ་ཁག་དང་དེ་མིན་རང་བྲོ་ཁུག་མ་དང་རང་རྟ་རྒ་བཟུང་གི་ཚུལ་དུ་རྫོང་ཁག་བཅུ་ཁྲག་གི་སློབ་གྲྭ་ཆུང་འབྲིང་གི་སློབ་གཙོ་དང་དགེ་རྒན། དགོན་སླད་སྡེ་ཁ་ཤས་ཀྱི་མཁན་སྤྲུལ་སོགས་འདི་འདྲ་མང་བོ་ཞིག་ཐེངས་འདིར་ཆེད་གཉེར་གྱིས་ཕེབས་པ་ཤིན་ཏུ་དགའ་འོས་པའི་གནས་ཤིག་་རེད། སྣང་ཚུལ་འདིར་བལྟས་ན་ང་ཚོའི་བྱ་བཞག་ལ་རེ་བ་ཅུང་ཆེན་པོ་་ཞིག་ཡོད་རྒྱུ་རེདསྙམ། ཚང་མས་འབད་བརྩོན་དྲག་པོ་་ཞིག་བྱས་ཏེ་དུས་ཡུན་ཐུང་ངུ་གཟའ་འཁོར་གཅིག་པོ་འདིའི་རིང་་བོད་ཀྱི་སློབ་གསོའི་བྱ་བཞག་གང་ཅིའི་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལེན་རྒྱུ་ནི་ངའི་བཅོས་མིན་སྙིང་ཁོང་གི་རེ་བ་ཡིན་ལ། མ་དངུལ་གྱི་མཐུན་རྐྱེན་སྦྲཡོར་མཁན་དང་བྲེལ་ཡོད་ལས་ཁུངས་དག་གི་རེ་བ་ཉག་གཅིག་ཡིན་པའང་སྨྲོས་མ་དགོས་པ་ཞིག་རེད།
ལྷག་པར་དུ་ང་ཚོ་དགེ་རྒན་གྱི་ལས་འགན་ལྗིད་པོ་ཕྲག་ཏུ་བབས་ནས་ཡོད་པ་ཞིག་ལ་མཚོན་ན། སློབ་གྲྭ་ཕན་ཚུན་གྱི་གནས་བབས་རྒྱུས་ལོན་དང་ཐུན་མིན་དགེ་མཚན་ལ་སློབ་སྦྱོང་བྱེད་པ། དགེ་རྒན་ཆེ་འབྲིང་ཆུང་གསུམ་གྱི་བསམ་སྤྱོད་བཟང་བོ་དང་ཉམས་མྱོང་ཟབ་མོ་མིག་དཔེར་འཛིན་པ་སོགས་ནི་ཆེས་གལ་ཆེ་ཞིང་དོན་སྙིང་ལྡན་པའི་བྱ་བ་ལེགས་པོ་ཡིན་ལ། མི་རིགས་སློབ་གསོ་ཕེལ་རྒྱས་ཀྱི་སྟངས་སྟབས་གཙོ་བོ་ཞིག་ཀྱང་ཡིན། དེ་ལྟར་ཡིན་པ་ངོས་ཟིན་གསལ་བོ་ཞིག་ཡོད་པ་གཞིར་བཞག་གིས་དུས་དུས་ཐུང་གཟའ་འཁོར་གཅིག་གི་རིང་ལ་སློབ་སྦྱོང་བྱས་པས་ཀྱང་ཕན་བསྐྱེད་བླ་ན་མེད་པ་ཞིག་འབྱུང་ངེས། འདི་ནི་འདིར་བཞུགས་དགེ་རྒན་རྣམ་པ་ཚོས་སྔོན་འགྲོའི་ཆ་རྐྱེན་དང་རྩ་བའི་དམིགས་འབེན་དུ་འཛིན་རྒྱུ་གལ་ཆེ་ཞེས་ཐོག་མའི་སྙན་སྐུལ་དུ་ཞུས་པ་ལགས།
དེ་རིང་གི་སློབ་ཐུན་འདིའི་བཤད་བྱ་གཙོ་བོ་ནི་སུམ་རྟགས་དག་གསུམ་གྱི་གཞུང་ལུགས་ཁྲིད་ཐབས་དང་དེ་དག་ཁྱད་ཆོས་ངོ་སྤྲོད་པ། དགེ་རྒན་རྣམ་གྱིས་ཇི་ལྟར་བྱས་ནས་བོད་ཕྲུག་གཙང་མ་ཞིག་བསྐྱེད་བསིང་བྱེད་དགོས་པ་དང་བོད་ཀྱི་སྤྱི་སྐད་དག་མོ་བཤད་པའི་ཁོར་ཡུག་ཆགས་སུ་འཇུག་ཐབས་སོགས་དུས་བབས་འདིར་ཤེས་གལ་ཆེ་་ཞིང་ལག་ལེན་དུའང་འདེབས་དགོས་པའི་མི་རིགས་སློབ་གསོའི་ཁ་ཚ་དགོས་གཏུག་གི་དོན་དག་གལ་ཆེན་ཤ་སྟག་རེད། ཁ་སང་གི་བགྲོ་གླེང་ཚོགས་འདུའི་སྐབས་ཁྱེད་དགེ་རྒན་རྣམ་པས་ལྟ་ཚུལ་མང་བོ་ཞིག་བརྗོད་ཀྱང་ཚུར་བསྡུས་ན་སློབ་ དེབ་སྒྲིག་སྟངས་དང་བོད་ཀྱི་སྐད་ཡིག་གི་སྐད་དོན་གཉིས་ཀྱི་སྟེང་དུ་ཕལ་ཆེར་འཁོར་བཞིན་འདུག དེས་ན་ཁྱེད་ཚོའི་དྲི་ཚིག་གང་མང་ཞིག་གི་ལན་དེ་རིང་ངས་འདེབས་དགོས་རྒྱུ་རེད་མོད། འོན་ཀྱང་ང་ལ་མཚོན་ན་སློབ་ཁྲིད་ཀྱི་ཉམས་མྱོང་དང་སྦྱངས་གོམས་ཀྱི་ཡོན་ཏན། ལྟ་རྒྱ་དང་ཐོས་རྒྱ་སོགས་ཧ་ཅང་དམན་པས་ཁྱེད་རྣམ་པར་སྔར་མེད་ཀྱི་སྐྱེས་བཟང་ཞིག་འབུལ་རྒྱུ་མི་འདུག་མོད། རང་རེ་ཚོ་རིགས་རྒྱུད་དང་དུས་རབས་གཅིག་ཏུ་སྐྱེས་ཤིང་། ལས་རིགས་དང་དགའ་ཕྱོགས་ཀྱང་གཅིག་ས་མང་བས་ཐུན་མོང་གི་བསམ་འདུན་དང་ཐུན་མོང་གི་གླེང་མོལ་བྱེད་རྒྱུ་ནི་ཧ་ཅང་མང་བོ་ཞིག་འདུག ཡང་གཅིག་བཤད་ན། སློབ་གླིང་འདི་ནས་ད་བར་དུ་འཛིན་གྲྭ་བརྒྱད་དགུ་ཞིག་སློབ་མཐར་ཕྱིན་ཟིན་པ་ལས་ཕལ་ཆེར་ཞིག་ལ་བརྡ་སྤྲོད་ཀྱི་སྐོར་ངས་ཁྲིད་ཁུལ་བྱས་པ་ཡིན་པས་འབྲེལ་ཡོད་ཀྱི་ཉམས་མྱོང་ཕྲན་བུ་རེ་ཡོད་ནའང་མི་ཆོག་པ་མེད་པའི་ཚོད་ཡིན། འགྲིག་མིན་ཅི་རིགས་ཡོད་སྲིད་ཀྱང་དེ་རིང་རང་གི་ལྟ་ཚུལ་དང་བསམ་ཚུལ་ཕྲན་བུ་རེ་ཞུས་ན་མི་ཆོག་པ་མེད། གཙོ་བོ་ཁྱེད་འདིར་བཞུགས་དགེ་རྒན་རྣམ་པས་བླང་དོར་ཞིབ་མོས་སྙིགས་དོར་བཅུད་ལེན་གང་དགོས་གནང་རོགས་གནང་།
སྤྱིར་སློབ་གསོ་ཞེས་བརྗོད་ཚེ་དེའི་ནང་དུ་རིགས་ཀྱི་ཆ་ནས་སྤྱི་ཚོགས་སློབ་གསོ་དང་ཁྱིམ་ཚང་སློབ་གསོ། སློབ་གྲྭའི་སློབ་གསོ་གསུམ་དང་། དུས་ཀྱི་ཆ་ནས་གནའ་རབས་སློབ་གསོ་དང་དེང་རབས་སློབ་གསོ། རྣམ་པའི་ཆ་ནས་ཀུན་སྤྱོད་སློབ་གསོ་དང་བསམ་པའི་སློབ་གསོ་སོགས་མང་བོ་ཞིག་འདུས་མོད་ཆེས་གལ་འགང་ཆེ་བ་ནི་སློབ་གྲྭའི་སློབ་གསོ་ཡིན་པར་འདུག སློབ་གྲྭའི་སློབ་གསོའི་རྐང་འཛིན་པ་དང་སྣེ་ཁྲིད་པ་ནི་དགེ་རྒན་དག་ཡིན་པ་སྨྲོས་མེད་རེད། དགེ་རྒན་གྱི་བྱ་བ་ནི་ཧ་ཅང་དཀའ་ཚེགས་ཆེ་ཞིང་དུས་ཡུན་ཐུང་ངུའི་ནང་བྱ་བའི་གྲུབ་འབྲས་མངོན་འགྱུར་བྱེད་སླ་མོ་ཞིག་ཀྱང་ག་ལ་ཡིན་མོད། དགེ་རྒན་གྱི་བྱ་བའི་རྒོད་འཕྲུ་མཚན་དང་དེའི་ཕན་འབྲས་ནི་བརྗོད་མཐའ་བྲལ་ཞི་ང་རིན་ཐང་གཞལ་དུ་མེད་པ་་ཞིག་ཡིན། རང་རེ་ བོད་ལ་མཚོན་ན་རིག་གཞུང་མང་བོར་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་དགེ་བའི་བཤེས་གཉེན་ཞེས་གདེངས་འཇོག་དང་བརྩི་མཐོང་ཆེས་ཆེར་བྱེད་པ་ཡིན་ཏེ། མདོ་སྡེ་དཀོན་མཆོག་སྤྲིན་ལས། བླ་མ་བསྟེན་ན་དགེ་བ་འཕེལ་ཞིང་མི་དགེ་བ་འགྲིབ་པར་རྟོགས་པས་མཁན་པོ་ཐོས་པ་ཆེ་བ་འམ་ཆུང་བའམ་ཤེས་པ་འམ་མི་ཤེས་པ་འམ་ཚུལ་ཁྲིམས་དང་ལྡན་པའམ་ཚུལ་ཁྲིམས་འཆལ་བ་ལའང་སྟོན་པའི་འདུ་ཤེས་བསྐྱེད་དོ༎ ཇི་ལྟར་སྟོན་པ་ལ་དགའ་བ་དང་དད་པ་ལྟར་མཁན་པོ་ལའང་དད་པ་དང་དགའ་ བར་བྱའོ༎ ཞེས་གསུངས། འདིའི་སྐབས་ཀྱི་བླ་མ་ཞེས་པ་ནི་ཡི་གེའི་སྦྱོར་ཀློག་ནས་བཟུང་སྟེ་ཤེས་རིག་ཡོན་ཏན་ཇི་སྙེད་སྩོལ་མཁན་དང་དབང་སྐུར་མན་ངག་གནང་བའི་སློབ་དཔོན་ལ་གོ་དགོས་པ་ལས་དེང་སྐབས་ཀྱི་བླ་མ་དངསྤྲུལ་སྐུའི་གོ་མིང་ཐོགས་པ་ལྟ་བུ་གང་ཡིན་ལ་བཤད་པ་མིན། ནང་བ་སངས་རྒྱས་པ་ལ་མཚོན་ན་བསྟན་པའི་བདག་པོ་སངས་རྒྱས་བཅོན་ལྡན་འདས་ཡིན་ལ་དེ་དང་མཉམ་པའམ་དེ་ལས་ཀྱང་ལྷག་པའི་བཀའ་དྲིན་ཆེ་ ་ནི་རང་རང་གི་སློབ་དཔོན་ཡིན་པར་བསྟན་པ་ འདིས་དགེ་རྒན་ལ་གདེངས་འཇོག་ཚད་ཇི་འདྲ་ཞིག་བྱེད་བཞིན་པ་གསལ་བོར་ཤེས་ཐུབ།
གཞན་ཡང་པོ་ཏོ་བའི་གསུང་སྒྲོས་དོལ་བས་བསྒྲིགས་པ་ལས། སློབ་མའི་རྒྱུད་ལ་ཡོན་ཏན་སྣ་གཅིག་སྐྱེ་བ་དང་སྐྱོན་སྣ་གཅིག་འགྲིབ་པ་ཡན་ཆད་བདེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་ནི་དམ་པའི་བཤེས་གཉེན་ཡིན་པས་ཐོག་མར་དེ་བསྟེན་པའི་ཚུལ་གལ་ཆེ། ཞེས་དང་། ཆོས་བཅུ་ལས། བདག་ཡུན་རིང་དུ་འཁོར་བར་འཁྱམས་པ་འཚོལ་བར་བྱེད་པ་དང་། བདག་ཡུན་རིང་དུ་གཏི་མུག་གིས་བསྒྲིབས་ཤིང་གཉིད་ལོག་པའི་སད་བྱེད་དང་། བདག་སྲིད་པའི་རག་མཚོའི་ནང་དུ་བྱིང་བའི་འབྱིན་བྱེད་དང་། བདག་ལམ་ངན་པར་ཞུགས་པ་ལ་ལམ་བ་བཟང་བོ་སྟོན་བྱེད་དང་། བདག་སྲིད་པའི་བཙོན་རར་བཅངས་བ་འགྲོལ་བྱེད་དང་། བདག་ཡུན་རིང་བོར་ནད་ཀྱིས་ཉམ་ཐག་པའི་སྨན་པ་དང་། བདག་འདོད་ཆགས་ལ་སོགས་པའི་མེས་ཀུན་ཏུ་འབར་བ་ཞི་བར་བྱེད་པའི་ཆར་སྤྲིན་གྱི་འདུ་ཤེས་བསྐྱེད་དོ༎ཞེས་མི་མུན་པ་སེལ་བྱེད་ཀྱི་སྒྲོན་མེ་ནི་དགེ་རྒན་ཡིན་ལ། གནས་སྐབས་དང་མཐར་ཐུག་གི་སྡུག་  བསྔལ་སེལ་ཞིང་བདེ་བ་བསྐྲུན་མཁན་ཡང་དགེ་རྒན་ཡིན། མ་རུང་བའི་བྱ་སྤྱོད་དང་ཀུན་སློང་ངན་པ་སྒྱུར་བ་བོ་དགེ་རྒན་ཡིན་ལ་ཡང་དག་པའི་ལམ་དང་ཡང་དག་པའི་མི་ཚེའི་ཁ་ཕྱོགས་སུ་འཁྲིད་པ་བོའང་དགེ་རྒན་ཡིན་པར་བསྟན་ཡོད་པ་རེད།
དེ་བཞིན་དུ་ཚན་རིག་དང་སྟོབས་འབྱོར་མངའ་ཐང་ཆེས་ཆེར་དར་བའི་འཛམ་གླིང་རྒྱལ་ཁབ་དག་གི་ཤེས་ལྡན་མང་བོས་ཀྱང་། དགེ་རྒན་ནི་སྲིད་པའི་སྒྲོན་མེ་དང་རིགས་ཀྱི་ལམ་སྟོན་དེད་དཔོན། རྣམ་ཤེས་ཀྱི་བཟོ་བསྐྲུན་པ་ཡིན་ཞེས་བསྔཊ་པ་མཛད་ཡོད་དེ། དཔེར་ན་ཨ་རིའི་མཁས་པ་སུ་བྷས་ཀྱིས། སློབ་མར་ལམ་སྟོན་མཁན་ནི་དགེ་རྒན་ཡིན་པས། དེ་ལ་དེ་ལྟ་བུའི་སྲིད་པའི་སྒྲོན་མེ་ལྟ་བུའི་ནུས་པ་དང་ལྡན་དགོས། ཞེས་དང་། ལེ་ཉིན་གྱིས། གལ་ཏེ་དགེ་རྒན་གྱི་གོ་གནས་མཐོ་རུ་མ་  བཏེགས་ན། རིག་གནས་གང་ཡང་སྨྲ་ཐབས་མེད། འབྱོར་མེད་གྲལ་རིམ་གྱི་རིག་གནས་བརྗོད་ཐབས་མེད་ལ། ཐ་ན་འབྱོར་ལྡན་གྲལ་རིམ་གྱི་རིག་གནས་ཀྱང་བརྗོད་ཐབས་མེད་དོ༎ཞེས་དང་། ཞུས་ཐེ་ལི་ཡིས། དགེ་རྒན་གྱི་བྱ་བ་ནི་གཟི་བརྗིད་ལྡན་ཞིང་གལ་ཆེ་བའི་ལས་གནས་རིགས་ཤིག་ཡིན་པར་མ་ཟད། ད་དུང་བླ་ན་མཐོ་ཞིང་སྤྲོ་བ་བརྟས་པའི་བྱ་བཞག་ཅིག་ཀྱང་རེད། དེས་རྒྱལ་ཁབ་ལ་ཤེས་ལྡན་མི་སྣ་བསྐྱེད་བསྲིང་བ་དང་། རིག་གནས་ཚན་རིག་སློབ་གསོའི་བྱ་བཞག་གོང་དུ་སྤེལ་བ། མི་རབས་རྗེས་མ་སྐྱོན་བྲལ་ངང་འཚར་ལོངས་འབྱུང་བ་བཅས་ལ་ཕན་ནུས་གལ་ཆེན་འདོན་ངེས། ཞེས་སོགས་དགེ་རྒན་དང་དགེ་རྒན་གྱི་ལས་རིགས་ལ་ཚད་མཐོན་པོའི་གདེངས་འཇོག་དང་ཡིད་ཆེས་གནང་ཡོད་པ་རེད། ཚད་མཐོ་བའི་གདེངས་འཇོག་ དང་ཡིད་ཆེས་དེ་དག་གིས་དགེ་རྒན་ཚོའི་ཕྲག་སྟེང་ན་ལྗིད་ཅིང་བོང་ཆེ་བའི་བྱ་བཞག་ཅིག་ཡོད་པ་དེ་མཁྱེན་དགོས་པ་ལས་ང་ཚོ་དགེ་རྒན་རྣམ་པ་ནི་མུན་སེལ་གྱི་སྒྲོན་མེ་ཡིན་པ་རེད། མིའི་རིགས་ཀྱི་བསམ་བློའི་སྣེ་ཁྲིད་པ་ཡིན་པ་རེད་ཅེས་ཁ་ཕོད་མཐོན་པོ་དང་ཁེངས་དྲེགས་ཆེན་པོས་འགྱིང་བསྡད་པས་མི་ཆོག་གི།
སྔོན་ཐོན་རྒྱལ་ཁབ་ཨ་མེ་རི་ཁ་ལྟ་བུར་མཚོན་ན། དགེ་རྒན་ཞིག་ཡིན་ཚེ་སློབ་ཁྲིད་ལེགས་པོ་བྱེད་ཤེས་དགོས་པར་མ་ཟད་ཚན་རིག་ཞིབ་འཇུག་གི་ཡོན་ཚད་ངེས་ཅན་ཞིག་ལྡན་དགོས་པ་དང་། སློབ་སྐབས་རེ་རེར་སློབ་ཁྲིད་དཔྱད་བསྡུར་གྱི་ཆེད་རྩོམ་དང་ལོ་རེ་རེར་ཆེད་སྒྲུབ་དུས་དེབ་སྟེང་དུ་རང་ཉིད་ཀྱིས་བྲིས་པའི་དཔྱད་རྩོམ་གཅིག་མ་མཐའ་ཡང་སྤེལ་དགོས་པར་བཤད། ལྷག་པར་དུ་ཡ་མཚན་པ་ཞིག་ལ། ཨ་རིའི་དགེ་རྒན་ཚོར་མི་ཚེ་གང་བོའི་ལམ་ལུགས་ཞེས་པའི་ཐོབ་ཐང་ཞིག་སྤྲོད་རྒྱུ་ཡོད་འདུག དེ་ནི་ཕྱོགས་དྲུག་གི་ཆ་རྐྱེན་འཛོམས་དགོས་པ་སྟེ། བྱ་བ་བསྒྲུབ་པའི་ལོ་ཚད་འདང་བ། དཔྱད་རྩོམ་དང་བརྩམས་ཆོས་ཀྱི་གྲངས་ཀ་མང་བ། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་མངོན་གསལ་ཡོད་པ། བསླབ་བྱ་སྣ་མང་སློང་ཁྲིད་ བྱས་པའི་དུས་ཚོད་རིང་བ། སློབ་ཁྲིད་ཀྱི་སྤུས་ཚད་མཐོ་བ། བྱ་བའི་རྣམ་འགྱུར་དང་སྤྱོད་སྟངས་ལེགས་པ་བཅས་སོ༎ ཐོབ་ཐང་དེ་སྤྲད་ཀྱང་རྗེས་ཕྱོགས་བྱ་བ་སྣང་མེད་དུ་བསྐྱུར་བའམ་སྤྱོད་ལམ་དང་རྣམ་འགྱུར་མི་ལེགས་ན་ཐོབ་ཐང་ཕྱིར་ལེན་པའི་ཐག་བཅད་ཡོད་ཀྱང་། ཨ་རིའི་ལོ་རྒྱུས་སྟེང་ཐོབ་ཐང་དེ་ཕྱིར་ལེན་དགོས་སའི་དགེ་རྒན་ཞིག་ད་སྔ་བྱུང་མ་མྱོང་ཟེར། འདི་ལས་ང་ཚོ་དགེ་རྒན་གྱི་མིང་ཐོགས་མཁན་རྣམས་ལ་ངེས་ཤེས་གསར་བ་ཞིག་སྐྱེ་རྒྱུ་ཡོད། རང་བློ་རང་ལ་ལྐོག་ཏུ་མ་གྱུར་བ་ཡིན་པས་རང་རང་གི་ཡོན་ཏན་དང་ཀུན་སྤྱོད། སློབ་མ་སྐྱོང་ཚད་དང་གྲུབ་འབྲས་ཐོན་ཚད་སོགས་ལ་མནོ་བསམ་རེ་ཐོངས་དང་ཅི་འདྲར་འདུག ངོ་གནོང་དགོས་པ་ཞིག་འདུག་གམ་སྤྲོ་སྣང་སྐྱེ་དགོས་ཀ་འདུག རེ་བཞག་ཆེ་བའི་སློབ་བུ་མང་བོས་མིག་ཟུང་རིག་རིག་དང་རྣ་བ་ཀྲོང་ཀྲོང་གིས་ཡར་འཁོར་ཏེ་དགེ་རྒན་གྱིས་ཤེས་རིག་བདུད་རྩི་ཅི་འདྲ་ཞིག་གནང་བར་རེ་སྒུག་བྱས་ཀྱང་། དགེ་རྒན་གྱིས་ཉི་མ་འགྲོ་ཐབས་དང་ཟླ་ཕོག་ལེན་ཐབས་ཙམ་གྱིས་ཆོག་པར་བྱས་ཡོད་ན་ཇི་འདྲར་འདུག
ད་ལྟའི་ང་ཚོའི་ཞིང་འབྲོག་ས་ཁུལ་འགའ་རེའི་སློབ་ཆུང་དག་གི་དགེ་རྒན་ལ་ལས་མཚན་མོར་ཆང་ཁང་དང་གར་ཁང་དུ་དུས་ཚོད་བསྐྱེལ་བའམ་མིག་མང་རྩེ་བ། རྒྱལ་འཇོག་ཤོ་འཕེན་སོགས་བྱས་ཏེ་ཉལ་རྒྱུ་མེད་ཅིང་། ཉིན་མོར་ཉིན་གོང་ལ་ ཐོན་རག་བར་ཏུ་ཡར་མི་ལངས་པར་སློབ་མ་ཚོར་དཔེ་ཁྲིད་ལྟ་ཅི་ཚང་བརྩི་ཙམ་ཡང་མི་བྱེད་པར་གང་འདོད་དུ་བསྐྱུར་བྲག་དམར་འོམ་བུ་ཚལ་སློབ་མ་རེ་ལ་སློབ་ཁྲིད་ཀྱི་གཟུགས་བརྙན་ཙམ་བྱེད་དུ་འཇུག་པ་སོགས་ཤས་མི་བཟོད་པའི་གནས་ཚུལ་ཡ་ང་བ་ཤིན་ཏུ་མང་བོ་ཡོད་པ་ནི་ཐམས་ཅད་ལ་གསལ་བཤད་བྱེད་མི་དགོས་པ་ཞིག་རེད།
དེས་ན་སྐབས་འདིར་དགེ་རྒན་གྱི་མཚན་ཉིད་དང་དགེ་རྒན་གྱི་འོས་འགན་སོགས་ཀྱང་ཞིབ་ཕྲར་གླེང་དགོས་པར་འདུག་མོད་དེའི་སྐོར་སློབ་ཐུན་གཞན་དུ་བཀོད་སྒྲིག་བྱས་ཡོད་པས་ངས་དེ་རིང་མང་དུ་བཤད་རྩིས་མེད། སྤྱིར་དགེ་རྒན་ཞིག་ལ་མཚོན་ན་སློབ་མ་ལས་ལྷག་ཅིང་དགེ་རྒན་གྱི་ཚད་ཐིག་ཏུ་སླེབས་པའི་ཡོན་ཏན་ཞིག་དང་། སློབ་མའི་མིག་དཔེར་བྱེད་འོས་པའི་ཀུན་སྤྱོད་ཡག་པོ་ཞིག གཞན་ཕན་གྱི་བསམ་བློ་རྣལ་མ་ཞིག་དང་དཀའ་ཚེགས་གང་གིས་ཀྱང་གཞོམ་མི་ཐུབ་པའི་སྙིང་སྟོབས་སོགས་འཛོམས་དགོས་ཆེས་མང་བོ་ཞིག་ཡོད་ཅིང་། མི་རིགས་དགེ་རྒན་ཞིག་ལ་མཚོན་ནའང་མི་རིགས་ཁྱད་ཆོས་ཕྱོགས་ནས་འཛོམས་དགོས་པ་དུ་མ་ཞིག་ཡོད།    དཔེར་ན། སྐད་ཡིག་དང་གོམས་གཤིས། སེམས་ཁམས། གཞུང་ལུགས་ཀྱི་ཁྲིད་ཐབས་དང་སློབ་སྦྱོང་གི་བརྒྱུད་རིམ། སློབ་གསོའི་ལམ་ལུགས་དང་སློབ་གསོའི་ལྟ་བ། སློབ་གསོའི་འདུ་ཤེས་དང་ཆེད་ལས་ཀྱི་འཁོར་ཕྱོགས་སོགས་ལྟ་བུའོ། །
ཁྱེད་ཅག་འདིར་བཞུགས་དགེ་རྒན་ཚང་མ་བོད་མི་རིགས་ཀྱི་སློབ་གསོའི་ཁྲིད་སྟེགས་སུ་ཡོད་པ་ཤ་སྟག་ཡིན་པའི་ངོས་ནས་བརྗོད་ནའང་ངེས་པར་དུ་འཛོམས་དགོས་ཤིང་མེད་དུ་མི་རུང་བས་ནི་བོད་སེམས་ཡང་དག་ཅིག་ཡོད་པ་དང་བོད་སྐད་གཙང་མ་ཞིག་བཤད་ཤེས་པ་གཞིར་བཞག་པའི་སྟེང་། བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་རྟགས་དག་གསུམ་པོར་ཁ་ལ་གོམས་པ། ལག་ལ་བྱང་བ། དོན་ལ་ནང་བྱན་ཆུད་པ་ཞིག་ཅིས་ཀྱང་དགོས་པ་སྨྲོས་མེད་རེད།
དེས་ན་བོད་ཡིག་གི་ཐོག་མའི་འབྱུང་ཁུངས་སམ་དཔེ་ལེན་ཡུལ་གང་ཡིན་དང་། བརྡ་སྤྲོད་པའི་བསྟན་བཅོས་དང་ཡི་གེའི་རྣམ་བཞག་དུས་ག་ཚོད་ཅིག་ཏུ་བརྩམས་མིན། ཡི་གེའི་བྱེད་པོ་ཐོན་མི་སམ་བྷོ་ཊ་ཡིན་མིན་སོགས་མཁས་པའི་བཞེད་ཚུལ་མི་མཐུན་པ་ཁ་ཤས་ཡོད་ཀྱང་དེ་རིང་མཐའ་དཔྱད་པའི་ཉིན་མོ་མ་རེད། ཡོངས་གྲགས་སུ་དུས་རབས་བདུན་པའི་དུས་དཀྱིལ་ལ་ཉེ་བ་སྟེ་སྤྱི་ལོ་༦༡༦ ལོར། སྐུ་མཁར་མ་རུ་ནའམ་ཕ་བོང་ཁ་བའི་ཕོ་བྲང་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་འཕྲུལ་གྱི་ བློན་པོ་བཞིའི་ཡ་གྱལ་དང་། བོད་ཀྱི་ལོ་རྒྱུས་སྟེང་གི་མཛངས་བློན་བཞི་བ་ཐོན་མི་སམ་བྷོ་ཊས་བོད་སྤྱི་སྐད་ལ་བརྟག་དཔྱད་མཐའ་ཆོད་པ་གནང་སྟེ་དབྱངས་གསལ་སོ་བཞིའི་ཆོས་ཉིད་གཏན་ལ་ཕབས་རྗེས། རྒྱ་གར་གྱི་ཡིག་རིགས་འབྲི་སྲོལ་དུ་མ་ལས་ལེགས་པའི་ཆ་བླངས་ཏེ་བོད་ཀྱི་ཡི་གེའི་གཟུགས་ཐོག་མར་བརྩམས་པར་མཛད། རང་རེ་བོད་ཀྱིས་ཡི་གེ་ཞེས་པ་ཇི་འདྲ་ཞིག་ཏུ་འདོད་པ་ཡིན་ཞེ་ན། ཚད་མ་རྣམ་འགྲེལ་ལས། ཡི་གེ་ཀུན་སློང་ཤེས་པ་ལས། །སྐྱེ་ལ་ཤེས་པས་སྒྲ་སྐྱེའོ། །ཞེས་དང་། ས་པཎ་གྱི་སྒྲ་འཇུག་ལས། ཡི་གེའི་མཚན་ཉིད་ནི་སྒྲ་གང་ཞིག་འབྲུར་ཆགས་པའོ༎ཞེས་གསུངས་པ་ལྟར་སྒྲ་ཚད་གང་གི་དབང་དུ་བྱས་ཀྱང་། རང་འབྲས་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་བའི་སྐད་ཀྱི་གདངས་དེ་ནི་ཡི་གེའི་ངོ་བོར་འདོད་པ་ཡིན། དེང་དུས་ཀྱི་ཤེས་པར་རློམ་པ་ཁ་ཅིག་གིས། ཡི་གེ་ཞེས་པ་སྐད་ཀྱི་གདངས་ཤིག་ཡིན་ན། ཐོན་མི་སམ་བྷོ་ཊས་བོད་ཀྱི་སྐད་གདངས་བརྩམས་ཚུལ་མེད་པས་ཁོ་བོད་ཀྱི་ཡི་གེ་གསར་བཟོ་མཁན་མིན་པ་རྟགས་དེས་འགྲུབ་ཞེས་བྱུང་རྒྱལ་དུ་སྨྲ་མོད། སློབ་དཔོན་ཐོན་མིས་བོད་ཀྱི་གདངས་མཚོན་པར་བྱེད་པའི་ཡི་གེའི་གཟུགས་བརྩམས་པའམ། ཡང་ན། ཡི་གེ་སོ་སོའི་ངོ་བོ་དང་སྐྱེ་གནས། བྱེད་རྩོལ་དྲག་ཞན་སོགས་ཀྱི་རྣམ་བཞག་འདི་དང་འདི་ཡིན་ནོ་ཞེས་གསར་དུ་བརྩམས་ཤིང་ངོ་སྤྲད་པ་ལའང་བོད་ཀྱི་ཡི་གེའི་སྲོལ་བཏོད་པའི་མིང་གིས་འབོད་རིགས་པར་མ་ཟད་དོན་ལའང་གནས་པ་ཡིན་པས་ཁོ་ཚོ་དོགས་པ་མེད་སར་དོགས་པ་སྐྱེ་དགོས་དོན་མི་འདུག
སྤྱིར་འཛམ་གླིང་གི་སྐད་ཡིག་འཕེལ་རྒྱས་དེ་དུས་རིམ་ཆེན་མོ་གསུམ་ཙམ་བརྒྱུད་མྱོང་ལ། ཁྱད་པར་དུ་རྒྱ་ནག་གི་སྐད་ཡིག་རིག་པ་ནི་གནའ་སྔ་མོའི་དུས་ནས་དར་ཞིང་བརྡ་སྤྲོད་ཀྱི་གཞུང་གི་ཐོག་མ་དུས་རབས་བཅུ་དགུ་བའི་ནང་མཱ་ཅན་ཀྲུང《རྙེབྺུ》གིས་བརྩམས་པའི་མཱ་ཧྲི་ལྦེན་ཐུང་ཞེས་པ་དེ་ཡིན་པས་དེ་གཉིས་ཀྱི་བར་ལ་ལོ་བརྒྱ་སྟོང་དུ་མས་ཆོད་པ་རྒྱུ་མཚན་དུ་བྱས་ཏེ་ཁ་ཅིག་གིས་བོད་ཡིག་སྔོན་དུ་བྱུང་ཞིང་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ནི་རྗེས་ཤིག་ཏུ་བྱུང་བའི་ལྟ་ཚུལ་འདོན་བཞིན་འདུག་མོད། ངས་གོང་དུ་བཤད་པ་བཞིན་བོད་ཡིག་ནི་བོད་སྤྱིའི་སྐད་གདངས་ལ་ཞིབ་དཔྱད་མཐའ་ཆོད་པ་བྱས་རྗེས་ཉུང་ན་མི་འདུ་ཞིང་དེ་ལས་མང་མི་དགོས་པའི་དབྱངས་གསལ་སོ་བཞི་དང་ཚ། སྔོན་རྗེས་མགོ་འདོགས་སོགས་ཀྱི་རིག་འཕྲུལ་ཆབས་གཅིག་ཏུ་བརྩམས་པ་ཞིག་ཡིན་པ་མ་གཏོགས། རྒྱ་ནག་གི་ཡི་གེ་ལྟར་ངལ་རྩོལ་མི་དམངས་ཀྱིས་ལོ་ངོ་བརྒྱ་ཕྲག་མང་བོར་འཚོ་བའི་ཁྲོད་ཀྱི་དངོས་པོ་རེ་རེའི་དབྱིབས་གཟུགས་ལ་མིག་དཔེ་བྱས་ནས་བཟོས་པའི་འདྲ་གཟུགས་ཀྱི་ཡི་གེར་མཚུངས་དཔེར་སྦྱར་བ་དོན་མེད་ཀྱི་སྐུ་ཚེགས་ཤིག་ལས་གཞན་ཅི་ཡང་མ་རེད་སྙམ།
གང་ལྟར་སློབ་དཔོན་ཐོན་མི་སམ་བྷོ་ཊ་ཞེས་པའི་འཕྲུལ་བློན་བཀའ་དྲིན་ཅན་དེས་བོད་ཡུལ་མུན་པའི་སྨག་རུམ་སེལ་བར་མཛད་ཅིང་། བོད་ཀྱི་བརྡ་སྤྲོད་པའི་ཆོས་ཉིད་ལ་ཉེ་བར་མཁོ་བའི་བསྟན་བཅོས་བརྒྱད་ཀྱང་མཛད་སྐད་འདུག་མོད།    བོད་བཙན་པོའི་རྒྱལ་རབས་ཞེ་གཉིས་པ་འུ་དུམ་བཙན་ནམ་གླང་དར་མ་སོགས་རྒྱལ་བློན་འགའ་ཞིག་གིས་ནོར་འཁྲུལ་དང་གདུག་རྩུབ་ཀྱི་ཀློང་དུ་སུམ་རྟགས་གཉིས་མ་ཡིན་པའི་བརྡ་སྤྲོད་པའི་བསྟན་བཅོས་གཞན་རྣམས་དང་། མདོ་སྔགས་རིག་ གནས་ཕལ་ཆེར་བསྣུབས་པར་བྱས། སྔོན་གྱི་ལོ་རྒྱུས་ཁུངས་བཙུན་མང་བོ་ཕན་ཚུན་གོ་བསྡུར་བ་ཡིན་ན། སློབ་དཔོན་ཐོན་མིས་མཛད་ངེས་པའི་ཡི་གེའི་རྣམ་འགྱུར་གྱི་བཟོ། ཀ་མད་སུམ་ཅུར་བསྒྱུར་བ། སྡེབ་སྦྱོར་སྒྲིག་པའི་གཞི་མ། ཐོན་མིའི་མདོ་རྫིའི་སྒྲ་མདོ། སྔགས་ཀྱི་བཀླག་ཐབས་མུན་པའི་སྒྲོན་མེ། ཀླུ་དབང་མགུལ་རྒྱན་ཟེར་བ་ བཅས་ཡོད་འདུག་མོད། དེ་དག་བོད་རང་གི་སྐད་ལ་མཁོ་བ་ཤ་སྟག་ཡིན་མིན་ཁ་ཚོད་གཅོད་དཀའ་སྟེ། དཔེར་ན། སྔགས་ཀྱི་བཀླག་ཐབས་མུན་པའི་སྒྲོན་མེ་ཟེར་བ་དེ་ནི་རྒྱ་གར་གྱི་སྔགས་ཡིག་བཀླག་ཐབས་སྟོན་པའི་གཞུང་ཞིག་ཡིན་པ་ལྟ་བུ་རེད། གང་ལྟར་ད་ལྟ་ང་ཚོའི་བགོ་སྐལ་དུ་གྱུར་བའི་སློབ་དཔོན་ཐོན་མིས་མཛད་པའི་བརྡ་སྤྲོད་པའི་གཞུང་ནི་སུམ་རྟགས་གཉིས་མ་གཏོགས་མེད་ལ། དག་ཡིག་གི་གཞུང་རྣམས་ནི་ཕྱིས་སུ་བྱོན་པའི་མཁས་པ་ཚོས་ཁ་སྣོན་གནང་བ་ཞིག་སྟེ་དོན་གྱིས་རྣམ་དབྱེ་དང་བོའི་ཟུར་འདེབས་སམ་འཕྲོས་དོན་རེད།
སྔོན་བྱོན་མཁས་པ་ཚོའི་ཞལ་རྒྱུན་ལ།་མིང་དག་པར་དག་ཡིག་གཙོ། རྣམ་དབྱེ་དང་ཚིག་ཕྲད་དག་པར་སུམ་ཅུ་བ་གཙོ། བྱ་ཚིག་དག་པར་རྟགས་འཇུག་གཙོ་ཞེས་གསུངས་སྲོལ་ཡོད་ལ། སུམ་རྟགས་དག་གསུམ་པོར་དག་བྱེད་རྣམ་པ་གསུམ་ ཞེས་ཀྱང་ཟེར་ཏེ། དག་ཡིག་མ་ཤེས་པར་ཡི་གེའི་ཐོབ་ཐང་སོགས་ཅི་ཙམ་ཤེས་ཀྱང་ མིང་ཚིག་གི་རྣམ་བཞག་ཤེས་ཐབས་མེད་ལ། སུམ་ཅུ་བ་མ་ཤེས་པར་མིང་ཚིག་གི་རྣམ་བཞག་དང་བྱ་བཞག་ཅི་ཙམ་ཤེས་ཀྱང་ལ་དོན་དང་ཚིག་ཕྲད་སོགས་ཀྱི་རྣམ་བཞག་ མི་ཤེས། དེ་བཞིན་དུ་བྱ་ཚིག་གི་རྣམ་བཞག་དཔྱིས་ཕྱིན་པ་ཞིག་མ་ཤེས་པར་སྒྲ་སྙན་སྨན་རྩིས་སོགས་ཅི་ཙམ་ཤེས་ཀྱང་རྟགས་འཇུག་ཤེས་ཐབས་མེད་པས་སོ། །
དེ་ཡང་སུམ་ཅུ་བའི་རྩ་བར། དང་བོ་ང་རོ་རྣམས་ལ་སྦྱང་། སྔོན་འཇུག་རྗེས་འཇུག་མིང་གཞི་རྣམས།། ཀློག་གི་ཆེད་དུ་བསླབ་པ་ཡིན༎ཞེས་སོགས་གསུངས་པ་ལྟར་རང་རེའི་བརྡ་སྤྲོད་ཀྱི་གཞུང་རྣམས་གོ་རིམ་ཡོད་པ་དང་མགོ་མཇུག་བར་  གསུམ་ཚང་བར་སྦྱངས་ན་སྦྱང་སླ་ཞིང་རང་རྐང་ཚུགས་ཐུབ་པ་སོགས་ཁྱད་ཆོས་ཕུན་སུམ་ཚོགས་པ་ཞིག་ཡོད་ཀྱང་ཁ་སང་བགྲོ་གླེང་སྐབས་ཁྱེད་རྣམ་པས་བཤད་པ་ལྟར་ད་སྐབས་བོད་རིགས་སློབ་གྲྭ་གང་ཡིན་ཡང་གཞུང་ལུགས་ཆ་ཚང་སྦྱོང་བའི་ལམ་སྲོལ་བཟང་བོ་དེ་རྒྱང་དུ་དོར་ནས།ཡི་གེའི་སྐྱེ་གནས་དང་སྒྲའི་ང་རོ་འབྱིན་ཚུལ། བྱེད་རྩོལ་དྲག་ཞན་སོགས་ཞིབ་ཕྲར་སྦྱངས་པ་མི་བྱེད་པར། སྦྱོར་ཀློག་ཐབས་ཆག་ཅིག་གིས་ཆོག་པར་བྱས། བརྡ་སྤྲོད་སློབ་དེབ་རྣམས་ཀྱང་ཆ་མི་ཚང་བ་དང་གོ་རིམ་མེད་པ། བོད་མི་རགས་རང་གི་སྐད་ཆའི་ཆོས་ཉིད་དང་འགལ་བ་སོགས་གནད་དོན་མང་བོའི་དབང་གིས་སློབ་ཆུང་སྐབས་སུ་བརྡ་སྤྲོད་སྦྱོང་བཞིན་ཡོད་ལ་སློབ་འབྲིང་སྐབས་སུའང་བརྡ་སྤྲོད་སྦྱོང་བཞིན་ཡོད། སློབ་ཆེན་སྐབས་བརྡ་སྤྲོད་སྦྱོང་བཞིན་ཡོད་ལ་དངོས་གཞིའི་སློབ་མ་དང་ཞིམ་འོ་ཇཇུག་སློབ་མའིཧ་སྐབས་སུའང་བད་སྤྲོད་སྦྱོང་བཞིན་ཡོད་མོད་ད་དུང་རང་རྐང་ཟིན་པ་ཞིག་དཀའ་བའི་ཚོད་དུ་གནས། དེ་ནི་བོད་རིགས་སློབ་མའི་དབང་བོ་རྟུལ་བ་མ་ཡིན་ལ་བོད་རིགས་དགེ་རྒན་གྱི་ཡོན་ཚད་དམའ་བའང་ག་ལ་ཡིན། གཙོ་བོ་སློབ་དེབ་བཀོད་སྒྲིག་དང་ཁྲིད་ཐབས་མ་འགྲིག་པ་རེད། ཁ་ཅིག་གིས་བཤད་ཚུལ་འདི་ཁེངས་རློམ་དང་མཁྲེགས་འཛིན་གྱི་ལྟ་ཚུལ་ཞིག་རེད། ད་ལྟའི་སློབ་དེབ་སྒྲིག་སྟངས་དང་ཁྲིད་ཐབས་ནི་རྒྱལ་ཁབ་དང་འཛམ་གླིང་སྤྱིའི་སློབ་གསོའི་ཁ་ཕྱོགས་ལ་མཐུན་པ་ཞིག་ཡིན་ཞེས་བརྗོད་སྲིདམོད། སློབ་གསོའི་ཁ་ཕྱོགས་ལ་མཐུན་པ་ཞིག་ཡིན་ཞེས་བརྗོད་སྲིད་མོད། སློབ་གསོའི་ཁ་ཕྱོགས་འཛམ་གླིང་ལ་མཐུན་ཚུལ་དེ་མི་རིགས་སྐད་ཡིག་གི་ཐུན་མིན་གྱི་ཁྱད་ཆོས་དོར་ཞིང་། དག་ཡིག་ཁྲིད་ཚེ་སུམ་ཅུ་བའི་ཚན་པ་རེ་དང་སྔོན་གཤེགས་གསར་བརྗེ་དཔའ་བོའི་ལོ་རྒྱུས་དུམ་བུ་རེ་བསྲེས། སུམ་ཅུ་བ་ཁྲིད་ཚེ་གཏམ་རྒྱུད་ཁ་ཤས་རེའམ་རྟགས་འཇུག་གི་སྐོར་ཚན་རེ་བཤད། སྙན་ངག་ཁྲིད་ཚེ་དོན་རྒྱན་སྒྲ་རྒྱན་གྱི་ངོས་འཛིན་ཙམ་དང་བསྒྱུར་རྩོམ་ཐན་ཐུན་རེ་ཁྲིདཔའི་སྟེང་། སྐབས་སུ་མ་བབས་པའི་བསམ་བློ་ཀུན་སྤྱོད་དང་ཁྲིམས་ལུགས་འདུ་ཤེས་ཁྲིད་པ་ལྟ་བུ་ཞིག་ག་ལ་ཡིན། ང་ཚོ་གནའ་མི་བོད་ཀྱི་གཏམ་དཔེ་ལ། རྩྭ་བཞོག་ནང་ལ་ཤིང་བཞོགམ་བསྲེ་ཞེསཔའང་ཚུལ་འདི་འདྲ་ལ་བཤད་པ་རེད། མི་རིགས་ཤིག་ཡིན་ཚེ་དེར་མི་རིགས་ཀྱི་རིག་པའི་གཞུང་ལུགས་དང་ཁྲིད་ཐབས་ཤིག་ཡོད་པ་རེད། པེ་ཅིན་དུ་སྐྱེ་བའི་མེ་ཏོག་ཞིག་མཐོ་སྒང་དུ་ཁྱེར་ཡོང་སྟེ་འདི་རྒྱལ་སའི་མེ་ཏོག་ཡག་པོ་ཞིག་ཡིན་པས་ས་འདི་ནས་ངེས་པར་དུ་སྐྱེས་དགོས་ཟེར་ན་སྐྱེ་ཐུབ་རྒྱུ་ཨེ་རེད། གལ་ཏེ་སྐྱེས་པའི་དབང་དུ་བཏང་ནའང་པེ་ཅིན་ནས་ སྐྱེས་པ་ལྟར་བཀྲག་མདངས་འཚེར་བ་ཞིག་འོང་བའི་དཔེ་ཨེ་ཡོད། དགེ་མཚན་ཡོད་མེད་ལ་མ་ལྟོས་པར་ཡོད་ཚད་གཞན་རྗེས་སུ་བསྙེགས་ཤིང་གཞན་དཔེ་རང་ལ་སྦྱོར་བ་ནི། ར་མགོ་ལུག་སྦྱར་དང་ཞྭ་དཔེ་ལྷམ་འགེབས་ལས་མ་འདས་པ་ཤེས་དགོསཏེ། བོད་མིའི་གཏམ་དཔེ་ལའང་། སྟ་རེ་ནགས་ལ་གཟས་ཕྱོགས་དང་ཐོམ་བུ་ཆུ་ལ་གཟས་ཕྱོགས་ཟེར་བ་བཞིག་ཡོད་པ་རེད།
སུམ་རྟགས་དག་གསུམ་པོར་རང་རྐང་ཡག་པོ་ཞིག་མ་ཆགས་ན་བོད་ཀྱི་གཞུང་ལུགས་གང་ཡིན་ཡང་ཚད་ལྡན་ཞིག་ཤེས་ཐབས་མེད་པ་ནི། སློབ་དཔོན་ཐོན་མིས་བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། ། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ༎མིང་ཚིག་ བརྗོད་པ་ཀུན་གྱི་གཞི༎ཡི་གེའི་སྦྱོར་བ་བཤད་པར་བྱ།། ཞེས་དང་། དཀའ་གནད་ གསར་བའི་མེ་ལོང་ལས། འདི་ལ་མ་སྦྱང་རྨོངས་ཚོད་ཀྱིས༎འཆད་རྩོད་རྩོམ་པའི་གྲྭར་འཇུག་པ༎ཝ་སྐྱེས་སེང་ལྤགས་གྱོན་པ་བཞིན༎ ནམ་ཞིག་རྗེས་ངན་གསལ་བར་འགྱུར༎ཞེས་གསུངས་པ་ལྟ་བུ་རེད༎སྤྱིར་སུམ་རྟགས་དག་གསུམ་དཔྱིས་ཕྱིན་པ་ཤེས་ཟེར་རྒྱུ་ཧ་ཅང་དཀའ་མོ་ཞིག་ཡིན་མོད། བོད་རིགས་ཤེས་ལྡན་པ་ཞིག་དང་ལྷག་པར་དུ་བོད་ཡིག་དགེ་རྒན་ཞིག་གི་ངོས་ནས་བཤད་ན་མ་མཐའ་ཡང་རང་ཉིད་ལ་ངེས་ཆ་ཆེ་ཞིང་གཞན་ལ་ཁྲིད་ཐུབ་པ་ཞིག་ཡིན་དགོས། ད་ལྟའི་སློབ་གྲྭའི་བོད་ཡིག་དགེ་རྒན་དང་ལྷག་པར་དུ་སློབ་གྲྭ་ཆེན་མོའི་བོད་ཡིག་དགེ་རྒན་ཚོའི་ཁྲོད་ནའང་སུམ་རྟགས་དག་གསུམ་ལྟ་བུ་ཁྲིད་ཚེ་རྒྱ་ཡིག་གིས་མཆན་འགྲིལ་དང་མང་ཕྱོགས་རྒྱ་སྐད་བཀོལ་ཏེ་ཁྲིད་ཁུལ་བྱེད་བཞིན་པའང་ངས་དངོས་སུ་མཐོང་ཞིང་ཐོས་མྱོང་།   འདི་འདྲའི་རིགས་ཇེ་མང་ནས་ཐུགས་ལྗགས་སྤྱན་གསུམཕ་མང་དུ་འགྲོ་བཞིན་པ་དེས་ང་ཚོའི་ཕྱི་རབས་པ་དང་ང་ཚོའི་འབྱུང་འགྱུར་ལ་ཁོ་ཐག་ཆད་སོང་བ་མ་ཡིན་ ནམ། བསམ་གཞིག་ནན་མོ་ཞིག་ཐོངས་དང་ང་ཚོ་བོད་ཀྱི་གནས་བབས་ཅི་འདྲ་ཞིག་ཏུ་ལྷུང་འདུག ངས་ཡ་ང་བའི་སྐྱོ་གར་དེ་དག་དྲན་ཐེངས་རེ་རེར་ཕྲ་ཆུང་མི་ཟུང་མཆི་མས་གང་འོང་། ཡ་ཆུང་ཁོག་པ་སྡུག་གིས་ནོན་འོང་། ང་མ་ཡིན། ལོ་རྒྱུས་ཐོག་ང་ཚོའི་མི་རིགས་འདི་འཛམ་གླིང་ན་སྐད་གྲུ་ཚུགས་ས ་ཡོད་པའི་མི་རིགས་ཤིག་རེད། ཁྱད་ཆོས་ཀྱི་ངོས་ནས་ཧྥ་རན་སིའི་སྤྱི་ཚོགས་ཚན་རིག་ཁང་གིས་སྡོམ་རྩིས་བྱས་པ་ལྟར་ན་ས་ཆེན་པོ་འདིར་སྐད་ཡིག་དང་བརྡ་སྤྲོད་མི་མཐུན་པ་ཉིས་སྟོང་བདུན་བརྒྱ་གོ་དྲུག་ཡོད་མོད་ང་ཚོའི་ཡི་གེ་ནི་འཛམ་གླིང་ཡིག་རིགས་ཁྲོད་ན་ཨང་གཉིས་པར་སླེབས་ནས་འདུག་ཟེར། གོ་རིམ་དང་རབ་དབྱེ་སོགས་ཀྱི་ཆ་ནས་ང་ཚོའི་བརྡ་སྤྲོད་གཞུང་ལུགས་ནི་འཛམ་གླིང་བརྡ་སྤྲོད་གཞུང་ལུགས་དང་སྐད་བརྡ་རིག་པའི་ཁྲོད་གཟི་འོད་འཚེར་ཞིང་ངོ་གནོང་མི་དགོས་པ་ཞིག་རེདམོད་དེ། ཟླ་ཕོག་ཆད་མེད་དུ་འབབ་ཅིང་བོད་རིགས་ཕྱི་རབས་པཱ་ལམ་སྟོན་པར་བཀུར་བའི་དགེ་རྒན་ཚོར་ནང་ན་ཡོན་ཏན་དང་ལྷག་བསམ་མེད་ལ། ཕྱི་ཡི་ཆ་ལུགས་དང་སྤྱོད་ལམ་ཐམས་ཅད་མིག་ ལ་མི་མི་མཛེས་ཤིང་ཡིད་ལ་མི་འགྲོ་བ་ཤ ་སྟག་ཡིན་ན་གཞན་ལ་ཇི་ལྟར་སློབ་གསོ་གཏོང་། སློབ་བུ་ཇི་ལྟར་བསྐྱེད་བསྲིང་བྱེད། མཉམ་མེད་ཙོང་ཁ་བ་ཆེན་མོའི་བྱང་ ཆུབ་ལམ་རིམ་ཆེན་མོ་ནའང་། རང་མ་དུལ་བར་གཞན་འདུལ་བའི་གནས་མེད་པས་གཞན་འདུལ་བའི་བླ་མ་དེས་ཐོག་མར་རང་གི་རྒྱུད་དུལ་བ་་ཞིག་དགོས། ཞེས་གསུངས་པ་ནི་ཇི་འདྲའི་བདེན་པའི་གསུངས་ཤིག་རེད། རང་གི་མི་ཤེས་པ་དང་མི་ནུས་བཞིན་དུ་ལས་དེ་ཁུ་དུ་ལེན་ཁུལ་བྱེད་པ་ནི་སྔོན་གྲོང་ཆོག་པ་ཞིག་གིས་རང་ལ་བཀའ་འགྱུར་གྱི་ལུང་མ་ཐོབ་ཀྱང་གཞན་མང་བོ་ཞིག་ལ་དཀའ་ལས་མྱོང་དུ་བཅུག་སྟེ་ཕར་ལུང་བཏོན་ཁུལ་བྱས་ནས་ཉིན་ཟླ་མ་བོ་འགོར་རྗེསཀྱི་ཉིན་ཞིག ད་ཁྱེད་རང་ཚོ་སྐལ་བ་དང་ལྡན་པ་རེད། བཀའ་འགྱུར་གྱི་ལུང་ཐོབ་སོང་བ་རེད། ང་རང་ཉིད་ལ་ད་དུང་བཀའ་འགྱུར་གྱི་ལུང་ཐོབ་ཡོད་པ་མ་རེད་ཅེས་བཤད་པའི་གཏམ་རྒྱུད་དང་ཕྱོགས་མཚུངས་སུ་འགྱུར་འགྲོ་བས་འདིར་བཞུགས་དགེ་རྒན་རྣམ་པས་ཀྱང་ནམ་ཡིན་ཡང་རང་གི་འགན་འཁྲི་དང་རང་གི་གནས་བབས་ལ་ཐུགས་བསམ་རེ་ཅིས་ཀྱང་གཏོང་བར་ཞུ། དགེ་རྒན་ལ་དགེ་རྒན་གྱི་འདུ་ཤེས་དང་ཡོན་ཚད་ཀྱིས་མི་འདང་ན། གཟུགས་བརྙན་ཙམ་བཟུང་སྟེ་མི་ ་ཡར་རྒྱས་ཀྱི་སྒོ་མི་འགོག་པར་ཞིང་བའམ་ཕྱུགས་རྫི་རྣམ་དག་ཅིག་བྱས་ཀྱང་མི་ཆོག་པ་མེད།
ཁ་སང་བགྲོ་གླེང་སྐབས་ཁྱེད་དགེ་རྒན་མང་བོ་ཞིག་གིས་བོད་ཡིག་སྦྱང་ན་ཟླ་ཕོག་མི་ལོན་པ་དང་བོད་ཡིག་བཀོལ་སྤྱོད་བྱེད་ཡུལ་ཉུང་བ་སོགས་ཀྱིས་ལྟ་ཚུལ་འདོན་བཞིན་འདུག སྤྱིར་རིག་གནས་ཡོན་ཏན་ཞིག་སྦྱངས་ཚེ་ཚོང་རྒྱག་པ་ལྟར་ དེའི་ཚབ་ལ་ཡིན་གཅིག་མིན་གཉིས་ཀྱིས་ཟླ་ཕོག་ཅིག་ལོན་དགོས་པའི་ངེས་པ་མེད་ལ། གལ་ཏེ་ཟླ་ཕོག་ཁོ་ནའི་ཆེད་དུ་ཤེས་རིག་ཡོན་ཏན་སྦྱོངས་པ་ཡིན་ན་དེའི་བསམ་བློ་ནི་ཧ་ཅང་གུ་དོག་དྲག་པར་མ་ཟད། དེ་འདྲའི་རིགས་ཀྱི་མི་ཚོས་བྱ་བཞག་རླབས་ཆེན་ཞིག་བསྒྲུབ་མི་ཐུབ་པའང་ཁ་གསལ་མཐིལ་རྟོགས་ཡིན། ང་ཚོའི་འདས་པའི་ལོ་རྒྱུས་ཐོག་ཟླ་ཕོག་མེད་པའི་མཁས་པ་གྲངས་མེད་ཅིག་བྱོན་ཡང་དེ་དག་གཅིག་གིས་ཀྱང་ཟླ་ཕོ་ག་ཙམ་གྱི་ཆེད་དུ་རིག་གནས་ཡོན་ཏན་སྦྱངས་རབས་མི་འདུག ད་ལྟའི་ནུབ་ཕྱོགས་པ་ཚོར་ལྟོས་དང་རིག་གནས་ཡོན་ཏན་སྦྱངས་པ་དེ་ཟླ་ཕོག་གི་ཆེད་རེད་དམ་རང་རང་གི་འཇོན་ཐང་ངོམ་པའི་ཆེད་རེད། རིག་གནས་ཡོན་ཏན་ཡོད་སོང་ན་ཟླ་ཕོག་ཙམ་མ་ཡིན་པར་སྲིད་འབྱོར་དབང་ཐང་སོགས་གང་འདོད་ཀྱང་ཡིད་བཞིན་དུ་འགྲུབ་ཐུབ་པ་ཁྱིམ་མཚེས་མི་རིགས་དང་རྒྱལ་ཁབ་ཁག་ལ་བལྟས་པས་ཀྱང་ཤེས་ཐུབ་ཁོ་ཚོར་ཆད་མེད་ཀྱི་ཟླ་ཕོག་ལེན་མཁན་ལས་རང་སྟོབས་རང་སྤརལ་བྱད་མཁན་གྱི་བསམ་བློ་བ་དང་ཡོན་ཏན་པ་ཅི་འདྲའི་མང་། ལྷག་པར་དུ་བོད་ཡིག་བཀོལ་སྤྱོད་བྱེད་ཡུལ་ཉུང་མི་ཉུང་ནི་ང་ཚོར་རག་ལས་པ་ལས་བོད་ཡིག་གི་ངོས་ནས་མ་འདང་བ་ཅི་ཡང་མེདརྒྱ་ནག་གི་སྙན་ངག་པ་ལིའུ་ཞུན་གྱིས། སྲིད་ན་ལམ་ནི་མེད་གྱུར་ཀྱང་། དམ་པ་རྣམས་ནི་ཕྱིན་གྱུར་བས༎ལམ་ཞེས་བྱ་བ་ཡོད་པར་གྱུར༎ཞེས་བཤད་པ་ལྟར་ང་ཚོ་བོད་མི་རྒན་དར་གཞོན་གསུམ་གྱིས་ཀྱང་བོད་ཡིག་སྤྱིས་ཕྱིན་པར་སྦྱངས་ཤིང་བོད་སྐད་གཙང་སང་ངེ་བ་ཞིག་བཤད་དེ། བོད་ཀྱི་ལས་ཁུངས་སོ་སོ་དང་ས་གནས་སོ་སོར་དེ་ཁོ་ནས་གཙིགས་སུ་འོ་ཟིཝང་སྟེ་བཀོལ་སྤྱོད་དང་། ཚོང་རྫས་གང་ཡིན་དང་ལམ་སྲང་ཡོད་ཚད་ལ་བོད་ཡིག་བྲིས། བོད་ནས་བྱ་བ་སྒྲུབ་མཁན་ཞིག་ཡིན་ཕྱིན་མི་རིགས་ལ་ལྟོས་པ་མེད་པར་བོད་སྐད་བོད་ཡིག་གི་ཆུ་ཚད་ངེས་ཅན་ཞིག་ལྟན་དགོས་པའི་བཅའ་ཁྲིམས་གཏན་འཁེལ་དང་དེ་ཉིད་ལག་སྟར་བྱེད་ཐུབ་པ་ཡིན་ན་བོད་ཡིག་གི་ཁོར་ཡུག་ཆུང་དྲག་པའི་གནད་དོན་དེ་རང་ཤུགས་ཀྱིས་སེལ་འགྲོ། དེནི་དཀའ་ཚེགས་ཆེ་ཞིང་དུས་ཐུང་ནང་འགྲུབ་ཐུབ་པ་ཞིག་ཀྱང་མིན་པས་དེ་ལས་རྒྱ་ཡིག་སོགས་གཞན་དག་སྦྱངས་ན་དགའ་སྙམ་ཚེ་ཁྱོད་ཀྱིས་བོད་སྐད་བོད་ཡིག་གི་གནད་དོན་དང་མི་རིགས་ཀྱི་བདེ་སྡུག་མ་གླེང་ན་དགའ། གླེང་ཡང་སྙིང་བོ་མི་འདུག ང་ཚོ་ནམ་ཡང་ངང་ཐུང་གི་བསམ་བློ་དང་སྒྱིད་ལུག་གི་བསམ་བློ་འདིས་ཕམ་པར་བཟོས་དང་བཟོ་བཞིན་པ་རེད་དྲན་པ་ཉེར་བཞག་ལས་ཀྱང་། ཉོན་མོངས་རྣམས་ཀྱི་གཞི་གཅིག་ནི༎ལེ་ལོ་ཡིན་ཏེ་གང་ལ་ཡོད༎གང་ལ་ལེ་ལོ་གཅིག་ཡོད་པ༎དེ་ལ་ཆོས་ཀུན་མེད་པ་ཡིན༎ཞེས་གསུངས་པ་ལྟར་ང་ཚོས་མི་ནུས་ང་ཚོས་མི་འཁྱོངས་སྙམ་པའི་གུ་ཐུག་པའི་བསམ་བློའི་ལྕགས་སྒྲོག་གིས་བཅིངས་ཡོད་ཕྱིན་འཕེལ་རྒྱས་དང་མདུན་སྐྱོད་ཀྱི་ཉིན་མོ་ཞིག་ཡོད་མི་སྲིད། འཇིག་རྟེན་གཏམ་དཔེ་ལ། མང་བོས་བཏེགས་ན་སྡོང་བོ་ཡང་། ཟེར་བ་ལྟར་ཐམས་ཅད་ཀྱིས་ཤུགས་བསྐྱེད་པ་ཡིན་ན་མི་འགྲུབ་པ་ག་ལ་སྲིད་དེ། བརྩོན་ན་སླ་བར་མི་འགྱུར་བའི༎དངོས་དེ་གང་ཡོད་མ་ཡིན༎ཞེས་གསུངས་པ་ལྟར་དོན་ལའང་གནས་ངེས།
འོ་ངའི་སྐད་ཆགཞན་དུ་འཕྲོས་སོང་། ཐུགས་རྒྱལ་མ་བཞེངས། ད་སྐབས་བབས་ཀྱི་བརྗོད་བྱར་གྱུར་བའི་སུམ་རྟགས་དག་གསུམ་གྱི་ངོ་བོ་དང་སྦྱར་སླ་ཞིང་ཡུན་རིང་མི་བརྗེད་པའི་དགེ་མཚན་ལྡན་པའི་བོད་རང་གི་རིག་གཞུང་ཁྲིད་ཐབས་མདོ་ཙམ་ངོ་སྤྲོད་བྱེད། དེ་ཡང་མཁས་དབང་དུང་དཀར་རིན་པོ་ཆེའི་ཚིག་རྒྱན་རིག་པའི་སྒོ་འབྱེད་ལས། འཇིག་རྟེན་གྱི་སྐད་རིགས་མི་འདྲ་བ་གང་དང་གང་ཡིན་རུང་ཡུལ་སོ་སོའི་ལུགས་ཀྱི་མིང་དང་། དེ་ལ་བརྗོད་དོན་གསལ་བར་བྱེད་པའི་རྐྱེན་རྣམ་དབྱེ་དང་ཚིག་ཕྲད་སོགས་སྦྱར་བ་ལ་བརྟེན་ནས་བརྗོད་བྱའི་དོན་ལས་རིགས་གྲུབ་ཚུལས་པར་བརྡ་འཕྲོད་པར་བྱེད་པའི་ངེས་ཅན་གྱི་ཆོས་ཉིད་གཞིར་བཟུང་ནས་གཏན་ལ་ཕབ་པའི་རིག་པའི་གཞུང་ལུགས་དེ་ལ་རང་རང་གི་ལུག་ཀྱི་སྒྲ་རིག་པའི་བསྟན་བཅོས་དང་ལུང་དུ་སྟོན་པའི་བསྟན་བཅོས་ཟེར་ཞིང་། བོད་ཀྱི་དབང་དུ་བྱས་ན་ཐོན་མི་སམ་བྷོ་ཊས་བརྩམས་པའི་སུམ་ཅུ་བ་དང་རྟགས་ཀྱི་འཇིག་པ་སོགས་ནི་བོད་མི་རིགས་པའི་བསྟན་བཅོས་ཡིན་ཞེས་དང་། སྒྲ་རིག་པའི་བསྟན་བཅོས་ཞེས་པའང་སང་སྐྲི་ཏའིསྒྲ་རིག་པ་དང་རྒྱ་སྤྱིའི་སྒྲ་རིག་པ་ལས་མེད་པ་མ་ཡིན་པར། ཡི་གེ་ཡོད་པའི་མི་རིགས་ཚང་མར་རང་རང་གི་སྐད་དང་མཐུན་པའི་སྒྲ་རིག་པ་ཡོད་པ་ཡིན་ནོ་ཞེས་གསུངས་པ་ལྟར། བོད་ཀྱི་སྒྲ་རིག་པ་ལ་སུམ་རྟགས་གཉིས་དང་དེ་ལས་འཕྲོས་པའི་དག་ཡིག་གསུམ་འཇོག་དགོས་པར་འདུག་ལ། སྒྲ་ཤེས་ན་དོན་ལ་མི་རྨོངས་པའི་དགེ་མཚན་དང་ལྟན་པ་ཡིན། སྒྲ་རིག་པའམ་བརྡ་སྤྲོད་པའི་བསྟན་བཅོས་ཤེས་ཟེར་བ་དེ་ནི་སྔོན་རྗེས་མིང་གསུམ་དང་རྣམ་དབྱེ་བརྒྱད་ཀྱི་གྲངས་འདྲེན་ཙམ། བྱ་བྱེད་ལས་གསུམ་དང་བདག་གཞན་དུས་གསུམ་གྱི་ངོས་ཟིན་ཙམ་བྱུང་བས་མི་ཆོག་པར། ཡི་གེའི་རྣམ་བཞག་དང་རྣམ་དབྱེད་བརྒྱད་འཕྲོས་དང་བཅས་པའི་ངོ་བོ་དང་ཁྱད་པར་ཕྲད་རྐྱང་བ་བྲུག་སོགས་ཀྱི་ཆོས་ཉིད་དང་འཇུག་ཚུལ། ཚིག་ཕྲད་རྐྱང་བ་དྲུག་སོགས་ཀྱི་ཆོས་ཉིད་དང་འཇུག་ཚུལ། ཡི་གེའི་སྐྱེད་གནས་དང་བྱེད་རྩོལ་དྲག་ཞན། སྒྲ་མཚུངས་དང་རྟགས་མཚུངས། བྱ་བའི་ལས་དང་བྱེད་པའི་ལས། བདག་རྗོད་ཀྱི་སྒྲ་དང་གཞན་བརྗོད་ཀྱི་སྒྲ། བྱེད་འབྲེལ་ལས་ཚིག་བྱེད་མེད་ལས་ཚིག་གི་ཁྱད་པར། སྤྱིར་དུས་གསུམ་དང་སུམ་ཅུ་བའི་སྐབས་ཀྱི་དུས་གསུམ། རྟགས་འཇུག་སྐབས་ཀྱི་དུས་གསུམ་བཅས་མིང་འདྲ་ཡང་དོན་མི་འདྲ་བའི་ཚུལ། བྱ་ཚིག་ཡིན་ན་ཁྱོད་ལ་དུས་གསུམ་གྱི་དབྱེ་བ་འབྱེད་དུ་ཡོད་པས་ཁྱབ་བདག་གཞན་གྱི་དབྱེ་བ་འབྱེད་དུ་ཡོད་པས་མ་ཁྱབ་ཚུལ། སྤྱིར་བ་ཚིག་དང་ལས་ཚིག་གཉིས་དོན་གཅིག་ཏུ་འགྱུར་མོད་བ་ཚིག་དང་བྱེད་ཚིག་གཉིས་སུ་འབྱེད་པའི་དབང་དུ་བྱས་ནས་ཁྱད་པར་ཆེ་ཚུལ། བྱ་བྱེད་ཐ་དད་པའི་ལས་ཚིག་ལ་སྨྲ་ཤེས་དོན་གོ་བའི་བྱེད་པ་པོ་སེམས་ལྡན་གྱིས་བྱས་པའི་ལས་ཚིག་དབྱེ་བ་དགུ་ལྡན་དང་། སྨྲ་ཤེས་དོན་གོ་བ་མ་ཡིན་པའི་བྱེད་པ་བོ་སེམས་ལྡན་གྱིས་བས་པའི་ལས་ཚིག་དབྱེ་བ་བདུན་ལྡན་གང་ཟག་མ་ཡིན་པའི་བྱེད་པས་བྱས་པའི་ལས་ཚིག་དབྱེ་བ་བདུན་ལྡན། དེ་་ཞིན་དུ་བྱེད་མེད་ལས་ཚིག་ལའང་ནང་གསེས་དབྱེ་བ་གསུམ་དུ་འབྱེད་ཚུལ།
གཟུགས་འགྱུར་ལས་ཚིག་དང་གཟུགས་མི་འགྱུར་བའི་ལས་ཚིག་གཟུགས་འགྱུར་ལས་ཚིག་ལའང་གཉིས་འགྱུར་དང་སུམ་འགྱུར། བཞི་འགྱུར། དེ་ཡང་རང་སྡེ་ལས་གཟུགས་གཞན་དུ་འགྱུར་མི་འགྱུར་སོགས་རང་ཉིད་ཀྱིས་ཕྲ་ཞིབ་ཏུ་ཤེས་དགོས་པར་མ་ཟད་གཞན་ལའང་དེ་བཞིན་དུ་འཆད་ཤེས་པ་ཞིག་ངེས་ཅན་དུ་དགོས་ཏེ། རང་གིས་ཤེས་དེ་གཞན་རྒྱུད་ལ་ཇི་བཞིན་དུ་སྤེལ་མ་ཤེས་ན་དེས་སྒྲ་ལེན་འཕྲུལ་ཆས་ཤིག་གི་ཚབ་ཡང་བྱེད་ཐུབ་མེད་པ་རེད།
སྔོན་བྱོན་མཁས་པའི་ཞལ་རྒྱུན་ལ། འོག་མ་འོག་མ་གོམ་མའི་སྟེགས་གསུང་པ་ལྟར་རང་རེའི་བརྡ་སྤྲོད་རིག་པ་དེ་ཡང་གོ་རིམ་ཡོད་པའི་སྒོ་ནས་ཐར་ཆགས་སུ་སྦྱངས་ན་ཤེས་སླ་ཞིང་རང་རྐང་ཟིན་པ་ཞིག་འོང་བ་ཆོས་ཉིད་ཡིན་ཡང་ད་ལྟའི་སོབ་གྲྭ་ཚོས་ཁ་ཟིན་སྣ་ཟིན་དང་ཉ་དང་ཉུང་མ་བསྲེས་པའི་ཁྲིད་སྟངས་དེས་སློབ་མའི་རྒྱུད་ལ་ཡོན་ཏན་གྱི་གཞི་རྐང་བརྟན་པོ་ཞིག་ཤིན་ཏུ་འཇོག་དཀའ་བར་འདུག ཁ་སང་བགྲོ་གླེང་སྐབས་ཁྱེད་དགེ་རྒན་རྣམ་པས་ད་ལྟའི་བོད་ཡིག་གི་གནད་དོན་སྐོར་ནས་རང་རང་གི་ལྟ་ཚུལ་མང་བོ་ཞིག་བརྗོད་ཀྱང་ཡི་གེའི་སྐྱེ་གནས་དང་སྒྲའི་འབྱིན་ཚུལ་སྐོར་ནས་གསུང་མཁན་གཅིག་ཀྱང་མ་བྱུང་། སྣང་ཚུལ་འདིས་བོད་ཡིག་དགེ་རྒན་ཚོས་ཡི་གིའི་སྐྱེ་གནས་སྒྲའི་ང་རོ་སོགས་ལ་དེ་འདྲའི་ཉམས་འཇོག་དང་མཐོང་ཆེན་བྱེད་ཀྱིན་མེད་པ་མཚོན་ཐུབ། ཁ་སང་ཁྱེད་ཚོས་གླེང་བཞིན་པའི་བོད་ཡིག་གི་གནད་དོན་དེ་དང་ནི་སྐས་རིམ་གསུམ་པའི་ཡན་དག་དག་རེད། ཆེས་རྩ་བའི་རྩ་བར་གྱུར་བ་ནི་ཡི་གེའི་སྐྱེད་གནས་སོགས་ཇི་བཞིན་ཤེས་དགོས་ཏེ། སི་ཏུ་པན་ཆེན་གྱིསཀྱང་། དེས་ན་འདིར་ཐོག་མར་ཡི་གེའི་ང་རོ་དང་ཕྱི་ནས་སྦྱཏོར་ཀློག་ལ་སྦྱང་དགོས་པར་གསུངས་པ་དེའི་ཚུལ་བོད་ཡུལ་དུ་རླུང་ལྟར་གྲགས་པ་ཡིན་མོད་ཀྱི། འོན་ཀྱང་དེ་དག་དག་པར་འདོན་པ་ནི་ཆེས་དཀོན་པར་སྣང་། ཞེས་ཐུགས་སྐྱོ་བའི་   གསུང་ཞིག་མི་གནང་ཐབས་མེད་བྱུང་འདུག དེ་ཡང་ཡི་གེའི་རྣམ་བཞག་གཅིག་པུའི་ཆ་ནས་བཤད་ནའང་ཐོག་མར་སྒྲའི་སྐྱེ་གནས་བརྒྱད་དང་བྱེད་རྩོལ་དྲུག དེ་དག་འབྱིན་ཚུལ་གྱི་སྒྲའི་དྲག་་ཞན་སོགས་ཇི་བཞིན་ཤེས་ཤིང་སྐད་གདངས་ལ་ཐོན་ པར་བྱས་རྗེས་སྦྱོར་ཀློག་བྱང་ཆུབ་པ་ཞིག་ཡོང་དགོས་པར་མ་ཟད། གསལ་བྱེད་་ཀྱི་གོ་རིམ་དང་དབྱངས་ཀྱི་གྲངས། དབྱངས་ལ་འཕྲི་བསྲེ་གཉིས་དང་གསལ་བྱེད་ལ་འཕྲི་སྣོན་གཉིས་བྱེད་དགོས་ཚུལ། དཔེར་ན་རྒྱ་གར་གྱི་དབྱངས་ཡིག་གི་གྲལ་ནས་བླངས་པའི་ཨ་ཡིག་དེ་བོད་ཀྱི་གསལ་བྱེད་ཀུན་གྱི་མཇུག་ཏུ་བཀོད་ཡོད་པའང་ངོ་སོ་མཐོ་དམན་གྱི་དབང་གིས་གྲལ་མཇུག་ཏུ་བསྐྱལ་བ་མ་ཡིན་པར། ཀ་ནས་ཧའི་བར་གྱི་ཡི་གེ་གང་བརྗོད་ཀྱང་སྒྲའི་གདངས་སམ་རྩ་བ་ཨ་ལས་གྲུབ་ཅིང་། ཨའི་གདངས་ལས་ཡི་གེ་གཞན་དང་སྐྱེ་བའི་རྒྱུ་མཚན་གྱིས་མའི་ཡི་གེར་བགྲངས་ཏེ་གསལ་བྱེད་ཀུན་གྱི་མཇུག་ཏུ་བཞག་པ་ལྟ་བུརེད། ང་ཚོ་ཨ་མདོ་བས་ཨ་ཆེན་འ་ཆུང་དང་ད་སྐྱ་ཏ་སྒུར་སོགས་དབྱིབས་གཟུགས་ཀྱི་སྒོ་ནས་བཤད་ཅིང་ངོས་འཛིན་སྲོལ་འདི་ལ་ལྷ་ས་བ་རྣམས་དབང་མེད་དུ་དགོད་ཤོར་གྱིན་འདུག དོན་དངོས་གནས་ཀྱི་ཆ་ནས་བཤད་ནའང་གསལ་བྱེད་སུམ་ཅུ་བོར་སྒྲའི་གདངས་ལ་ཁྱད་པར་རེ་ཅིས་ཀྱང་ཡོད་དགོས། ཁྱད་པར་མེད་ཀྱང་གྲངས་སུམ་ཅུར་ལོངས་དགོས་ཞེས་སློབ་དཔོན་ཐོན་མིས་དོན་དག་མེད་སར་སྐྱ་ཚེགས་བརྒྱབ་པ་ཞིག་ག་ལ་ཡིན། དེ་བཞིན་དུ་མགོ་འདོགས་འཕུལ་རྟེན་སོགས་ཇི་ལྟར་བཟོས་ཤིང་གཏན་ལ་ཕབས་བསུ་པ་དང་དེ་ལྟར་གཏན་ལ་ཕབས་དགོས་པའི་རྒྱུ་མཚན། བོད་ཀྱི་ཡི་གེ་བརྗོད་རུང་བ་ཐམས་ཅད་ཀྱི་གཞི་མའམ་ལུས་ཀྱི་ཡི་གེར་ཉིས་བརྒྱ་དང་བརྒྱད་ཡོད་པ་དེ་དག་གི་དབྱེད་བ་དང་ངེས་ཚིག གྲངས་བགྲང་ཚུལ་སོགས་ཀྱིས་ཕྱིན་པ་ཞིག་ཤེས་དགོས་པ་མ་མཐའི་ཆ་རྐྱེན་ལྟ་བུ་ཡིན་ཏེ། དཔེར་ན། ལུས་ཀྱི་ཡི་གེ་ཉིས་བརྒྱ་དང་བརྒྱད་པོར་རྐྱང་བའི་ཡི་གེ་དང་བརྩེགས་པའི་ཡི་གེ། འཕུལ་ཡིག་བཅས་གསུམ་དུ་ཕྱེས་པ་ལས་རྐྱང་བའི་ཡི་གེ་སུམ་ཅུ་སོ་བདུན།    བརྩེགས་ཡིག་བདུན་ཅུ་སོན་གཉིས། འཕུལ་ཡིག་རྒྱ་དང་དྲུག་བཅས་ཡོདཚུལ། རྐྱང་བའི་ཡི་གེ་སོ་བདུན་ནི་སྲོག་གི་ཡི་གེ་དབྱངས་བཞི་དང་བར་ཚེག་བཅས་ལྔའི་སྟེང་རྐྱེན་གྱི་ཡི་གེ་དབུ་ཤད་གཉིས་དང་གསལ་བྱེད་སུམ་ཅུ་བོ་བསྣན་པ་ཡིན་ལ།       བརྩེགས་ཡིག་བདུན་ཅུ་དོན་གཉིས་ནི་ར་མགོ་བཅུ་གཉིས་ལ་མགོ་བཅུ། སོ་མགོ་བཅུ་གཅིག་ཡ་བཏག་བདུན། ར་བཏགས་བཅུ་གཉིས་ལ་བཏགས་དྲུག སུམ་དང་བརྩེགས་ཅན་བཅུ་བཞི་བཅས་ཡོངས་དྲིལ་བདུན་ཅུ་དོན་གཉིས། འཕུལ་ཡིག་བརྒྱ་རྩ་དྲུག་ནི། གས་འཕུལ་བཅུ་གཅིག་དང་དས་འཕུལ་དྲུག བས་འཕུལ་བཅུ་དང་མས་འཕུལ་བཅུ་གཅིག འས་འཕུལ་བཅུ་བཅས་རྐྱང་འཕུལ་ཞེ་བརྒྱད། བརྩེགས་འཕུལ་ལ་དས་འཕུལ་ད་ཝ་དང་བས་འཕུལ་སོ་དྲུག མས་འཕུལ་བཞི། འོ་སེ་འཕུལ་དགུ་བཅས་ཁྱོན་ང་བརྒྱད། གཞན་ཡང་བརྗོད་རུང་ཡི་གེ་ཆིག་ཁྲི་བརྒྱད་སྟོང་བདུན་བརྒྱ་ཞེ་ལྔ། རྒྱུན་སྤྱོད་ཡི་གེ་སྟོང་ཕྲག་ལྔ་སོགས་ཡི་གེའི་རྣམ་བཞག་་གི་་རིག་འཕྲུལ་གཅིག་པུའང་བརྗོདམཐའ་མེད་ཅིང་ངོ་མཚར་སྐྱེ་བའི་གནས་སུ་ཡོད་པ་དེ་དག་གི་སྤྱ་རིས་མ་འདྲེས་པར་མཁྱེདན་ཅིང་ཁྲིད་མཁན་གྱི་སློབ་གྲྭའི་དགེ་རྒན་ནི་ཧ་ཅང་ཉུང་བའི་ཚོད་དུ་ཡོད་ཀྱང་། ཁ་སང་ང་ཚོས་བགྲོ་གླེང་བྱས་པསཧ་སྣང་ཚུལ་ལ་བལྟས་ན་འདིར་བཞུགས་ཀྱི་དགེ་རྒན་རྣམ་པར་བོད་རབ་གི་ཐུན་མིན་བརྡ་སྤྲོད་གཞུང་ལུགས་ཀྱི་དགེ་མཚན་དང་ཁྱད་ཆོས་སོགས་ལ་ངོས་ཟིན་གསལ་བོ་དང་བཅོས་མིན་དུང་བ་ཞིག་ཡོད་ཚོད་དུ་འདུག་ལ་དེ་ལྟར་ཡོད་དགོས་པ་ཞིག་ཀྱང་རེད་ཅེས་གལ་བོ་ཆེ་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་གྱི་ཚུལ་དུ་ཡང་ཡང་ཞུས་པ་ལགས།
རང་རེའི་བོད་པྱི་ཡི་གེའི་རིག་འཕྲུལ་ནི་དཔག་པར་དཀའ་ཞིང་ཐ་སྙད་གསར་བ་ཅི་ཙམ་བྱུང་ཡང་མི་འདང་བ་མེད་པ་དང་། བོད་སྐད་ཀྱི་སྟེདང་དུ་གཞན་གཞུང་བསྒྱུར་སླ་བ་སོགས་ཁྱད་ཆོས་མཐའ་ཡས་པ་བརྗོད་རྒྱུ་ཡོད་མད་སངས་རྒྱས་ལ་ཀ་ཁ་དང་མཛོ་བདག་ལ་མཛོ་རྒྱུས་བཤད་མི་དགོས་པའི་དཔེ་ལྟར་དགེ་རྒན་རྣམ་པར་མང་བོ་བཤད་མི་དགོས་ལ་དུས་ཚོད་ཀྱི་དབང་གིས་གཞུང་ལུགས་ཀྱི་ཁྲིད་ཐབས་དང་བདག་གིས་ལོ་བཅུ་ལྷག་ལ་དགེ་རྒན་བྱས་པའི་ཉམས་མྱོང་། གངས་ལྗོངས་ ཤེས་རིག་ནོར་བུའི་སློབ་གླིང་གི་ཁྱད་ཆོས་སོགས་གཞིར་བཞག་སྟེ་འདིར་བཞུགས་དགེ་རྒན་རྣམ་པར་ཕྲན་གྱིས་དཔྱོད་ཚོད་ཅིག་ངོ་སྤྲོད་བྱེད་ཁུལ་བྱས་ན། སུམ་རྟགས་དག་གསུམ་སོགས་གཞུང་ལུགས་གང་ཞིག་ཁྲིད་ཀྱང་དེའི་རྩ་བ་དང་སྡོམ་ཚིག་ཆ་ཚང་བློ་ལ་བྱང་ཆུབ་པ་ཞིག་ཀྱང་དེའི་རྩ་བ་དང་སྡོམ་ཚིག་ཆ་ཚང་བློ་ལ་བྱང་ཆུང་པ་ཞིག་ཡོད་དགོས་ནི་རྩ་བའི་ཆ་རྐྱེན་རེད། གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་ནས། དོན་གྱི་རྒན་པོ་ཚིག་གི་མཁར་བ་ལ། ། བརྟེན་ཕྱིར་གཞུང་ཚིག་བློ་འཛིན་མི་བྱེད་པར༎ དཔེ་ཀློག་ཙམ་དང་ངག་སྒོས་ཐན་ཐུན་གྱིས༎ཉིན་རེར་འགྲོ་ཐབས་དེས་ཀྱང་མི་ཕན་པས༎ དཔེ་འཛིན་སྐྱོར་སྦྱང་ཡུན་དུ་གྱིས་ཤིག་ཨང་༎ ཞེས་ལུས་ཟུང་ཟད་པའི་རྒན་པའོ་ཚིག་ཡར་ལ་ལངས་ཚེ་ངེས་པར་མཁར་བ་ལ་བརྟེན་དགོས་ པ་བཞིན་དུ་ཚིག་ཆ་ཚང་བློ་ལ་ཡོད་ན་གནས་གང་དུ་སོང་ཡང་། དུས་ནམ་ཞིག་ཡིན་ཡང་རང་གིས་ཤེས་པ་དེ་རང་གི་བློ་ཐོག་ན་ཤར་ཤར་ཡོད་པ་ལས། ཨ་མཆོད་ཀྱི་འདོན་པ་ར་ལེན་ནང་དུ་ཡོད་པ་དང་དེང་སང་གི་སློབ་གྲྭ་བའི་ཡོན་ཏན་དཔེ་ཆའི་ ཁྲོད་ན་ཡོད་པ་དང་མི་འདྲ་བས་ཕན་ཁེ་རྒྱ་ཆེན་པོ་ཡོད། འགའ་རེས་ཚིག་བློ་ལ་འཛིན་པ་ནི་དགོས་མེད་ཀྱི་བྱ་བ་ལྷག་པོ་ཞིག་རེད་ཅེས་བརྗོད་བཞིན་འདུག དེ་ནི་གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་ནས། གཞུང་ཚིག་མང་བཟུང་སྟེ་བསྐྱར་ན་ཡང་། ། དོན་ལ་མི་སེམས་རིམ་གྲོའི་ཆོས་ཀློག་དང་། ། ནེ་ཙོའི་འདོན་པ་ལྟ་བུ་བརྒྱ་ཚར་གྱིས་༎ བརྗོད་བྱའི་གནད་ལ་སྒྲོ་འདོགས་མི་ཆོད་པས༎ དོན་ལ་བརྟག་དཔྱད་ཞིབ་མོ་གྱིས་ཤིག་ཨང་༎ གསུངས་པ་ལྟར་གོ་དོན་མི་ཤེས་པར་ཚིག་རྐྱང་ཙམ་བློ་ལ་ཡོད་ པས་གོ་ཆེན་པོ་མི་ཆོད་པ་ཤིན་ཏུ་བདེན། དགོན་པའི་དགེ་བཤེས་ཚོའི་ཞལ་རྒྱུན་དུའང་འདིའི་ཕྱོགས་ཀྱི་གཏམ་རྒྱུད་ཅིག་ཡོད། སྔོན་གཞུང་ཆེན་མང་བོ་བློར་བཟུང་བའི་གྲ་བ་ཞིག་ཡོད་པ་དེས་ཚིག་དོན་གཏན་ནས་མི་གོ་བས། དགེ་བཤེས་ཚོས་ཆོས་གྲྭ་ནས་རྩོད་པ་གནང་ཚེ་ཁོ་ལ་ལུང་ཚིག་རེའི་མགོ་བཟུང་སྟེ་འདོན་དུ་བཅུག་ཚེ་ཤར་ཤར་དུ་གསུང་རྒྱུ་ཡོད་མོད་གང་ནས་གང་གི་བར་དུ་འདོན་དགོས་མི་ཤེས་པས་ཁོའི་ལག་པ་ནས་བཟུང་སྟེ་ད་རེད་ད་རེདཅེས་འདོན་མཚམས་གཅོད་དགོས་པར་གྲགས། དེ་འདྲ་ཞིག་ཡིན་ན་དགོས་དོན་ཆུང་། འོན་ཀྱང་ད་ལྟའི་ཁོ་ཚོས་ལེགས་ཉེས་ཀྱི་ཁྱད་པར་མ་ཕྱེས་པར་ཚིག་བློ་ལ་བཟུང་བ་གང་ཡིན་ཡང་དགོས་མེད་དུ་སྨྲ་བ་ནི་རང་ཉིད་ཀྱི་བློ་ཐོག་ན་ཤོ་ལོ་ཀ་འགའ་ཞིག་ཀྱང་ཡོད་མ་མྱོང་བས་དེའི་དགེ་མཚན་མ་ཤེས་པར་ཟད་དོ༎ ཁྱེད་ཚོ་བོད་ཀྱི་དགོན་སྡེ་ཆེན་མོ་འཆད་ཉན་ཡོད་ས་དག་ཏུ་སོང་དང་། ཤོག་བུ་སྣ་རིང་སྟོང་ཕྲག་ང་བོ་ཐུགས་ཐོག་ནས་ཤར་ཤར་འདོན་རྒྱུ་ཡོད་ཅིང་མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་གཞུང་ལུགས་བརྒྱ་ཕྲག་དུ་མའི་དགོངས་དོན་ལ་ནང་བྱན་ཆུད་པ། འཆད་རྩོད་རྩོམ་གསུམ་གང་ལའང་ཐག་ཐོགས་མེད་པའིདགེ་བའི་བཤེས་གཉེན་མང་བོ་མཇལ་ཐུབ། ཁོང་རྣམ་པར་ཚིག་མང་བོ་བློ་ལ་བཟུང་བས་དེ་འདྲའི་ཕན་བསྐྱེད་ཅིག་བྱུང་ཡོད་ན་ང་ཚོར་ཅིའི་ཕྱིར་མི་ཕན། ད་ལྟའི་མང་བོ་ཞིག་གི་བཤད་ཚུལ་དང་དྲན་ཚུལ་ནི་རང་གིས་མི་ཤེས་ཤིང་མི་ནུས་པའི་རིགས་འགེབས་སྲུང་བྱེད་པའི་གཡོ་སྒྱུ་ཙམ་རེད།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་འདིར་མཚོན་ན་ཁྲཡིད་བ་གང་ཡིན་གྱི་རྩ་སྡོམ་བློ་ལ་ཤར་ཤར་འདོན་རྒྱུ་མེད་པའི་སློབ་མ་གཅིག་ཀྱང་མེད་པའི་ཚོད་ཡིན། དེའི་ཐོག་ཏུ་སློབ་ཐུན་རེ་རེར་སློབ་ཁྲིད་བྱེད་སྐབས་དཀའ་གནད་ཀྱི་སྐོར་སྒོ་སམ་ངོས་ལ་ཟིན་བྲིས་སུ་བཏབ་པ་ཚང་མ་བློར་འཛིན་བཞིན་ཡོད། བློར་བཟུང་བ་ཙམ་མ་ཡིན་པར་སློབ་ཁྲིད་སྐབས་དགེ་རྒན་གྱིས་སློབ་མ་སུ་ཞིག་ལ་རྩ་སྡོམ་གྱིས་བསྟན་དོན་དང་དཀའ་གནས་ཀྱི་དྲི་བ་བཏོན་ན་སློབ་མས་ཐད་ཀར་དུ་ལན་འདེབས་དགོས་རེད། གལ་ཏེ་སློབ་མས་མི་ཤེས་པ་དང་བརྗིད་ངེས་སུ་གྱུར་བ་ཡོད་ཚེ་ཡང་བསྐྱར་དགེ་རྒན་གྱིས་ཞིབ་རྒྱས་སུ་གསལ་སྡེབས་བྱེད་གཟའ་འཁོར་རེའི་གཟའ་མཇུག་གི་སློབ་ཐུན་གཅིག་ལ་གཟའ་འཁོར་དེར་ཁྲིད་ཟིན་པ་རྣམས་དམིགས་སུ་  བཏོན་ཏེ་དགེ་སློབ་ཕན་ཚུན་བར་བློ་ཐོག་ནས་དྲི་བ་དྲིས་ལན་གྱི་རྣམ་པས་སློབ་སྦྱོང་བྱེད་བཞིན་ཡོད། འདི་ནི་ཕན་བསྐྱེད་ཤིན་ཏུ་ཆེ་བའི་སློབ་སྦྱོང་བེད་ཐབས་ཤིག་རེད། སློབ་ཐུན་གཅིག་པོར་དགེ་རྒན་གྱིས་བཤད་རྐྱང་བྱས་ནས་སློབ་མའི་བསམ་བློ་རང་རྐྱ་འཕེལ་མི་ཐུབ་ལ་དཀའ་གནད་དག་ལ་རང་རྟོགས་ཀྱིས་བསམ་གཞིག་གཏོང་བའི་གོམས་གཤིས་ཀྱང་ཆགས་མི་ཐུབ། དགེ་རྒན་ཁ་ཤས་ཀྱིས་སློབ་ཐུན་ཧྲིལ་བོར་རང་ཉིད་ཀྱིས་བཤད་རྐྱང་ཁོ་ན་བྱས་ཏེ་སློབ་མ་ལ་བསམ་གཞིགས་ཀྱི་དུས་ཚོད་དང་། རང་གི་ལྟ་ཚུལ་འོན་པའི་གོ་སྐབས་མི་སྟེར་བ་དང་། ཁྲིད་བྱའི་གོ་དོན་ལ་ངེས་པ་རྙེད་མ་རྙེད་མི་འདྲི་བ་སོགས་ནི་སློབ་ཁྲིད་ཀྱི་ཉམས་མྱོང་ཞན་པའི་དན་རྟགས་ཤིག་ཡིན་ཏེ། སྤྱིར་སློབ་ཁྲིད་ནི་དགེ་སློབ་ཐུན་མོང་གི་བྱ་འགུལ་ལམ་རྩོལ་བ་ལས་གྲུབ་དགོས་པ་ཞིག་ཡིན་པ་མ་གཏོགས ་དགེ་རྒན་གཅིག་བུའི་ལྗགས་རྩལ་གྱིས་བདག་གིར་བཟུང་ན་མི་འགྲིག ཁ་སང་ཁྱེད་ཚོ་ལ་ལ་ཞིག་གིས་སྔོན་དགེ་རྒན་ནི་འཁྲབ་སྟོན་པ་ཡིན་ལ། སློབ་མ་ནི་ལྟད་མོ་པ་ཡིན། ཁྲིད་བྱ་ནི་འཁྲབ་ཚན་ཡིན། ད་ལྟ་སློབ་མ་འཁྲབ་སྟོན་པ་དང་དགེ་རྒན་ལྟད་མོ་བ་བྱེད་པའི་ཁྲིད་ཐབས་ལག་བསྟར་བྱེད་དགོས་ཞེས་ གསུང་གི་འདུག་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་སློབ་ཁྲིད་བྱེད་སྟངས་དེ་འདྲ་ཞིགཡིན་ན་ཐང་། ང་ལ་ཆ་རྒྱུས་ཆེན་པོ་མེད། བོད་ལ་མཚོན་ན་དཔེ་ཁྲིད་སྐབས་སློབ་མས་ལྟད་མོ་བ་བྱེད་ཀྱིན་མེད། དཔེར་ན། རྩོད་པའི་གཞུང་ཞིག་ཁྲིད་པའི་དབང་དུ་བཏང་ན་དགེ་སློབ་གཉིས་ཀྱིས་རྩོད་པ་རྩོད་ལམ་གནང་བའི་ཚིཝལ་གཅིག་བུས་ཀྱང་མཚོན་ཐུབ་པ་རེད། ད་ལྟ་སློབ་མ་འཁྲབ་སྟོན་པ་བྱེད་པའི་དུས་སུ་སླེབས་པ་རེད་ཅིས་པའང་སྔོན་ཐོན་གྱི་བསམ་བློ་དང་ཁྲིད་ཐབས་ཤིག་ཡིན་མིན་མི་ཤེས། འཁྲབ་ཁྲིད་མཁན་གྱི་སློབ་སྟོན་དང་འཁྲབ་ཚན་ལ་སྦྱངས་མེད་པར་ཁོས་ཅི་ཞིག་འཁྲབ། ངས་བལྟས་ན་སློབ་མར་རང་རྟོགས་ཀྱི་ནུས་པ་དང་བསམ་གཞིག་གཏོང་བའི་གོམས་གཤིས་ཆགས་ཐབས་ནི་དེ་འདྲ་ཞིག་མ་རེད། གཞན་ཡང་སློབ་ཁྲིད་སྐབས་སོབ་མ་ལ་དྲི་བ་བཏོན་ཚེ་འགའ་ཞིག་གིས་དྲིས་ལན་ཇི་བཞིན་མི་ཐེབས་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་མོད། དགེ་རྒན་ལ་ལས་དེ་ལ་སྡིག་དམོད་དང་མཚུང་འབྲུ་སོགས་ཀྱིས་སུན་འབྱིན་པ་ནི་སློབ་མའི་བློ་སྤོབས་ནར་སོན་པའི་བཀག་རྡོ་གཙོ་བོ་ཞིན་ཡིན་པས་ཧ་ཅང་ཉམས་འཇོག་བྱེད་དགོས་པ་ཞིག་རེད་སྙམ། ངས་སློབ་ཁྲིད་སྐབས་སློབ་མ་གཅིག་་ལ་དྲི་བ་འདོན་སྐབས་སློབ་མ་གཞན་རྣམས་ཀྱིས་ཀྱང་དྲི་བ་དེར་ནན་ཏན་གྱིས་བམ་གཞིག་གཏོང་གི་ཡོད་མེད་ལ་རྒྱུན་དུ་ཉམས་འཇོག་བྱས་ནས། སུ་ཞིག་བག་ཡངས་སུ་གནས་ཡོད་ན་དེ་ལ་ཆེད་དམིགས་ཀྱིས་དྲི་བ་དཀའ་བའི་རིགས་དྲིས་པ་ཡིན། སྤྱིར་སློབ་མ་གཅིག་ལ་དྲི་བ་འདོན་པ་ནི་སློབ་ཁང་དེའི་ནང་གི་སློབ་གྲོགས་ཡོངས་ཀྱི་ཆེད་ཡིན་པ་ལས་མི་སྒེར་གཅིག་གི་ཆེད་གཏད་ནས་མིན་པས་གཞན་ལ་དྲི་བ་འདོན་སྐབས་རང་ཉིད་དེར་མི་གཏོགས་པ་ལྟ་བུའ་སྣང་མེད་ད་དུང་་བག་ཡངས་བྱེད་པའི་སློབ་མ་རྣམས་མཐུས་ཤོར་དུ་འགྲོ་རུ་འཇུག་མི་རུང་། གནད་དོན་འདིར་དགེ་རྒན་གྱིས་ཡང་ཡང་ལྟ་རྟོགས་མ་བྱས་ན་སློབ་མ་ལ་ལ་སློབ་སྦྱོང་བྱེད་མཁན་ཞིག་ཏུ་མི་འགྱུར་བར་ཟུར་ལྟའི་ལྟད་མོ་བ་ཞིག་ཏུ་འགྱུར་བའི་ཉེན་ཁ་ཧ་ཅང་ཆེ། ཡང་སློབ་མས་དྲིས་ལན་འདེབས་པ་ནི་བསྟན་བཅོས་རྩོམ་བཞིན་པ་མིན་པས་ནོར་འཆུག་དང་ལན་མི་ཐེབས་མཁན་ཡོད་པ་ནི་ཧ་ཅང་བསམ་ཐུབ་པ་ཞིག་ཡིན་དགོས་པས་དགེ་རྒན་གྱིས་བྱས་པ་ཡིན་ན་སློབ་ཐུན་དེ་ནི་ཆེས་དོན་སྙིང་ལྡན་ཞིང་སློབ་མའི་རྒྱུད་ལའང་ཤེས་རིག་གི་བདུད་རྩི་དང་མ་ཞིག་འདྲེན་ཐུབ།
དགེ་རྒན་ལ་ལ་ཞིག་གིས་ཁྲིད་ཡུལ་གྱི་འཛིན་གྲྭའི་མཐོ་དམན་དང་སློབ་མའི་རྒྱུད་ཚོད་དང་བསྟུན་པའི་དཔེ་ཁྲིད་མི་བྱེད་པར་རང་ཉིད་ཀྱིས་བློ་རྩལ་ལམ་ཤེས་རྒྱ་ངོམ་ཆེད་སྐབས་དོན་དང་མ་འབྲེལ་བ་མང་བོ་ཞིག་ལྷུག་ཁྲིད་བྱེད་པ་ནི་ཤིན་ཏུ་མི་འོས་ཤིང་དགེ་རྒན་བྱེད་པའི་ཆ་རྐྱེན་གཙོ་བོ་ཞིག་ཀྱང་མ་འཛོམས་པ་ཡིན་ཏེ། སྔོན་རྒྱ་གར་འཕགས་པའི་ཡུལ་གྱི་་རྣལ་འབྱོར་བ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སློབ་དཔོན་གླིང་བོའི་ཀོ་བ་ཟེར་བ་ཞིག་ཡོད། ཉིན་ཞིག་རྒྱལ་བོ་ནང་ཆོས་ལ་དད་ མཁན་ཞིག་གིས་ཁོང་གདན་དྲངས་ནས་ཆོས་ཁྲིད་དུ་བཅུག་ཚེ། སློབ་དཔོན་གྱིས་རྒྱལ་བོའི་རྒྱུད་ཚོད་ལ་མ་བརྟགས་པས་རྒྱལ་བོས་ཕྱིན་ཅིག་ལོག་ཏུ་གོ་སྟེ། སློབ་དཔོན་འདིས་འཇིག་རྟེན་ན་ཡོད་པ་ཐམས་ཅད་མེད་པར་བརྗོད་ཀྱིན་འདུག་པས་ཕྱི་རོལ་བ་ཞིག་ཡིན་པར་ངེས་སོ་སྙམ་དུ་དད་ལོག་སྐྱེས་ནས་སློབ་དཔོན་དེ་བགྲོངས་སོ༎དུས་ཕྱིས་ཙ་ན་ནང་བའི་དགེ་སློང་རྟོགས་པ་མཐོན་པོར་མ་སླེབས་ཀྱང་འཆད་ལ་མཁས་ཤིང་སློབ་མའི་རྒྱུད་ཚོད་དང་བརྟུན་ཤེས་པ་ཞིག་ཡང་རྒྱལ་བོས་གདན་དྲངས་ཏེ་ཆོས་ཉན་པས། དགེ་སློང་དེས་རྒྱལ་བོ་ལ་བཤེས་གཉེན་བསྟེན་ཚུལ་དང་། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ་དང་ལས་འབྲས་ཀྱི་རྣམ་གཞག་སྐྱབས་གསུམ་གྱི་ཁྱད་པར་དང་ཕན་ཡོན། བདེན་པ་བཞི་དང་རྟེན་འབྲེལ་ཡན་ལག་བཅུ་གཉིས། སྦྱིན་སོགས་ཕར་ཕྱིན་དྲུག་དང་བསྐྱེད་རྫོགས་ཀྱི་རིམ་པ་སོགས་གོ་རིམ་ཡོད་པར་ཁྲིད་པས་རིམ་ གྱིས་རྒྱལ་བོའི་རྒྱུད་སྨིན་ཞིང་སྟོང་ཉིད་ཀྱི་དོན་ལ་ངེས་པ་རྙེད་པར་གྱུར་ཚེ་སྔོན་གྱི་སློབ་དཔོན་གླང་བོའི་ཀོ་བས་བསྟན་པ་དང་ཁྱད་པར་མེད་པར་རྟོགས་ཤིང་འགྱོད་བཤགས་དང་སྡིག་བཤགས་ཚན་པོ་ཆེ་བྱས་པའི་ལོ་རྒྱུས་ལྟ་བུ་རེད། དེས་ཕྱིར་སློབ་མའི་རྒྱུད་ཚོད་དང་འཚམས་པར་ཁྲིད་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད།
དེ་མིན་ང་ཚོའི་སློབ་གྲྭ་འདིར་སློབ་གྲྭ་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི་སུམ་རྟགས་དག་གསུམ་དང་སྒྲ་སྙན་ངག སྨན་རྩིས་སོགས་ཐ་སྙད་རིག་གསན་གང་ཁྲིད་ཀྱང་དཔེ་བརྗོད་འཇོག་པ་དང་རྩ་འགྲིལ་བློར་འཛིན་དགོས་པ་ལས་གཞན་དཀའ་གནས་གང་ཡིན་རྩོད་པའི་རིགས་ལམ་གྱི་སྒོ་ནས་བརྡར་ཁ་གཅོད་བཞིན་ཡོད་རེད། འདི་ནི་སྦྱངས་བྱ་གང་ཡིན་ལ་ངེས་པ་རྙེད་སླ་བ་དང་དོགས་མཐའ་གཞི་ནས་སེལ་བ། ཚིག་དོན་མི་བརྗེད་པ། བམ་བཤད་དང་གོ་ཐོབ་ཙམ་གྱིས་ཚིམ་མི་སླ་བ་སོགས་དགེ་མཚན་དུ་མ་དང་ལྡན་པ་ཡིན་ཏེ། འཇམ་མགོན་བླ་མ་ཤར་ཙོང་ཁ་བ་ཆེན་མོའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ལས། སྨྲ་བའི་ཁྱུ་མཆོག་འཕགས་པ་ཡབ་སྲས་དང་༎ ལོག་སྨྲ་ཚར་གཅོད་ཕྱོགས་གླང་གྲགས་པ་ལས༎ལེགས་པར་འོང་བའི་རིགས་ལམ་བདུད་རྩིའི་ཆུས༎བློ་མིག་དྲི་མ་ཡང་ཡང་མ་བཀྲུས་ན།། ཤིན་ཏུ་ཟབ་གནས་མཐོང་བ་སྨྲོས་ཅི་དགོས༎རིགས་པའི་ལུང་དོན་ལ་ཡང་དཔྱོད་པ་ན༎ཕལ་ཆེར་ལོག་པར་རྟོག་པ་འཕེལ་འགྱུར་ཞིང་། གལ་ཏེ་ཡང་དག་དམ་བཅའ་ཙམ་ཞིག་གིས༎ངེས་པ་རྙེད་ཀྱང་སྒྲུབ་དང་སུན་འབྱིན་གྱི༎ ཚད་མའི་སྟོབས་ཀྱིས་ཐེ་ཚོམ་མ་ཕྱིར༎འདམ་ལ་བཏབ་ཕུར་བ་བཞིནའགྱུར་བས།། ཡང་དག་བག་ནགས་བརྟན་པོ་འཇོག་མི་ནུས༎ཞེས་དང་། གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་ནས༎ རང་རང་གཞུང་གི་བརྗོད་བྱ་དགོས་དོན་སོགས། ། མ་མཐོང་ཤག་འབྱེད་ཚིག་འཁྲི་སྐམ་པོ་དང་།།རིགས་པའི་དཔྱད་པ་མི་བཟོད་གོ་ཐོབ་ཀྱི།། བམ་བཤད་འདིས་ཀྱང་བརྡར་ཤ་མི་ཆོད་པས།། གོ་རིམ་ཟུང་དུ་འབྲེལ་བར་གྱིས་ཤིག་ཨང་༎ཞེས་གསུངས་པ་ལྟ་བུ་རེད། རང་རེ་བོད་ཀྱི་རྩོད་པའི་རིགས་ལམ་འདི་ནི་འཛམ་གླིང་མཁས་པའི་མདུན་སར་ངོམ་རིན་ཡོད་ཅིང་གཞུང་ལུགས་གང་ལའང་འགྲོས་བཀབ་ཆོག་པའི་སློབ་སྦྱོང་གི་བྱེད་ཐབས་བླ་ན་མེད་པ་་ཞིག་ཡིན་ཡང་། ཁ་ཅིག་གིས་དེ་ནི་ཆོས་ལུགས་པས་ཆོས་ཀྱི་བྱེད་དགོས་སྤེལ་བྱེད་ཙམ་དུ་བཟུང་སྟེ་སྦྱངས་པ་མ་བྱས་པས། རིག་གཞུང་གང་ལ་དཔྱད་ཀྱང་ཕག་སྣ་རྡོ་ལ་ཐུག་པ་ལྟར་ཁ་གསལ་མཐིལ་རྟོགས་ཤིག་ཡོང་གི་མེད་པ་གཙོ་བོ་རྩོད་པའི་རིགས་ལམ་ལ་མ་བྱང་བས་ལན་འདུག་སྙམ། ང་སློབ་གྲྭ་འདིར་དགེ་རྒན་ལ་མ་འོང་བའི་སྔོན་དེར་ཐེངས་ཤིག་བླ་བྲང་བཀྲ་ཤིས་འཁྱིལ་ནས་ཞིབ་འཇུག་སློབ་མ་ཡིན་ཟེར་བ་ཁ་ཤས་ལ་སུམ་རྟགས་ཤིག་ཁུལ་བྱས་པ་ཡིན། ཁོ་ཚོས་ཟིན་བྲིས་འདེབས་རྩལ་དང་མཆན་རྒྱག་སྟངས་སོགས་ཧ་ལས་པའི་ཚོད་དུ་འདུག་ཀྱང་། ངས་སྤྱིར་མིང་ཚིག་གཉིས་མི་འགལ་ཡང་མིང་དང་ཚིག་གཉིས་སུ་ཕྱེས་པའི་མིང་ཚིག་གཉིས་འགལ་བ་ཡིན་ཚུལ་སོགས་བསྡུས་གྲྭའི་རིགས་པ་ཕྲན་བུ་ཞིག་བསྲེས་ཏེ་བཤད་པས་ཁོ་ཚོས་ཧ་གཏན་ནས་མི་གོ་བར་མ་ཟད་དེ་ནི་གླེང་བཤད་ཚ་བོ་ཞིག་ཡིན་སྣང་ལྟ་བུས་མཚར་ཉམས་ཆེན་པོ་བྱེད། རྩོད་པའི་རིགས་ལམ་ལ་བྱང་བ་ཞིག་ཡིན་ཚེ་བསྡུས་ཆུང་གི་སྐབས་ལྟ་བུ་ཞིག་ནས་གནད་དོན་འདི་གླེང་བ་ཙམ་གྱིས་ཤེས་ཐུབ། སྤྱིར་རྩོད་པའི་རིགས་ལམ་ནི་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིནཔས་གྲྭས་ཞིག་ལ་མཚོན་ན་སློབ་གྲྭ་འདི་ད་དུང་བྱིས་པ་ལོ་བརྒྱད་ཙམ་གྱི་ཚོད་དུ་ཡོད་མོད། སློབ་གྲྭ་ཞིག་གི་ངོས་ནས་བསམ་ན་སློབ་གྲྭ་ཆེན་མོ་བ་དང་ཞིབ་འཇུག་སློབ་མའི་ཡོན་ཚད་ལས་བརྒལ་ཐུབ་པའི་གནད་འགག་དེ་གཙོ་བོ་རྩོད་པའི་རིགས་ལམ་ཕྲན་ཙམ་སྦྱངས་པ་ལྟ་བུའི་སྟེང་ན་ཡོད། དཔེར་ནརྟགས་འཇུག་སྐབས་མཁས་དབང་ཚེ་ཏན་རིན་པོ་ཆེས་མཛད་པའི་ཐོན་མིའི་ཞལ་ལུང་གི་ཨེ་ཁྱབ་སུམ་ཅུ་དང་མུ་བཞི་བདུན་པོར་ནང་བྱན་ཆུད་ཚེ་རྟགས་ཀྱི་འཇུག་པའི་དཀའ་གནས་ཐམས་ཅད་བདེ་བླག་ཏུ་རྟོགས་ཐུབ་པ་ལྟ་བུ་རེད། སློབ་གྲྭ་འདིའི་སུམ་རྟགས་སློབ་ཟིན་པའི་སློབ་མ་སུ་ཡིན་ཡང་ཨེ་ཁྱབ་སུམ་ཅུ་བོ་དང་མུ་བཞི་བརྩི་ཚུལ་རིགས་བདུན་གསུངས་པ་ལན་འདེབས་མི་ཤེས་རིག་ནོར་བུའི་སློབ་གླིང་གིས་རྩོད་པའི་རིགས་ལམ་ཐ་སྙད་རིག་གནས་ལ་འགྲོས་བཀབ་སྟེ་སྦྱངས་པའི་ཟུར་མཚོན་ཙམ་རེད།
ཚུལ་འདི་ངས་མང་བོ་བཤད་མི་དགོསཔར་སློབ་ཁྲིད་གྲོལ་རྗེས་ཁྱེད་ཅག་གིས་སིལ་བུ་མ་ཚོས་རྩོད་པ་བེད་པའི་རྣམ་པར་ཐེངས་གཅིག་གཤིབགས་དང་མིག་གིས་མཐོང་རྒྱུ་དང་སེམས་ལ་འབབ་རྒྱུ་ཞིག་ཡོད། སུམ་རྟགས་དག་གསུམ་སོགས་དཀའ་གནས་ ཐམས་ཅད་རྩོད་པའི་རིགས་ལམ་གྱི་སྟེ་ནས་སེལ་ཐུབ་པའི་དགེ་མཚན་འདི་མཐོང་བས་ཁུལ་དང་ཞིང་ཆེན་གྱི་འབྲེལ་ཡོད་འགོ་ཁྲིད་པ་འགའ་རེས་ཀྱང་བསྟོད་པའི་མཐེ་བོང་སྒྲེང་བཞིན་རྒྱལ་གཉེར་བོད་ཡིག་སློབ་གྲྭ་ཁག་ནའང་རྩོད་པའི་རིགས་ལམ་འཛུགས་འདུན་གྱི་གསུང་བཤད་མང་དུ་གནང་སོང་། ཁ་བཤད་དོན་ལ་གནས་ཏེ་ལག་ལེན་དུ་བསྟར་ན་བོད་ཀྱི་སློབ་གྲྭ་ཁག་ནས་ཡིད་གཏད་ཆོག་པའི་རིགས་པ་སྨྲ་བ་དུ་མ་ཞིག་འབྱུང་བར་ཐེ་ཚོམ་མེད། དོན་འདིར་ཁྱེད་སློབ་གཙོ་དང་དགེ་རྒན་རྣམ་པས་ཀྱང་ཐུགས་བསམ་ལེགས་པོ་ཞིག་བཏང་ན་འགྲིག སློབ་ཚན་དེ་ཇི་འདྲ་བྱས་ནས་སློབ་མའི་རྒྱུད་ལ་ཞོག་ཐབས་སུ་དགེ་རྒན་རང་ཉིད་ཀྱིས་ཐབས་བཀོད་ཅི་ཡོད་འཐེན་ཆོག་པ་ད་ལྟའི་རྒྱལ་ཁབ་ཀྱི་སློབ་གསོའི་ཁ་ཕྱོགས་ཀྱང་ཡིན་སྐད་འདུག
གཞན་ཡང་སློབ་ཁྲིད་བྱེད་ཐབས་ཀྱི་ཆ་ཆས་ད་ལྟ་སྔོན་ཐོན་སློབ་གསོའི་ལེགས་ཆ་བླངས་པ་མང་བོ་ཞིག་ལག་བསྟར་བྱེད་བཞིན་འདུག་ལ་དེར་དགེ་མཚན་ཡང་མི་དམན་པ་ཞིག་ཡོད་པ་སྨྲོས་མ་དགོས། རང་རེ་བོད་ཀྱི་སློབ་ཁྲིད་བྱེད་སྟངས་ཁྲོད་སློབ་ཚན་དབྱེ་ཞིབ་ཅེས་པའི་བརྡ་ཆད་འདི་དངོས་སུ་མེད་རུང་གཞུང་སྤྱིའི་ཁོག་འབུབ་དང་ཁྲིད་ཚན་རེ་རེའི་དབྱེ་བསྡུ། ཐུན་མིན་བརྡ་ཆད་ལ་ངེས་པ་འདྲོངས་ཐབས་དང་དཀའ་གནས་ཀྱི་མདུད་པ་བཤིག་ཐབས་སོགས་ཕུན་སུམ་ཚོགས་ཤིང་ངོ་མཚར་བ་ཡོད་དེ། ཇི་སྐད་དུ། རྒྱུད་འདིའི་མིང་ནི་ཅི་ཞིག་བྱ། ། སུ་ཡི་དོན་དུ་འདི་ཉིད་མཛད༎འདི་ཉིད་མཛད་པོ་ཚད་ནི་ཅི༎འདི་ཡི་དགོས་པའང་ཅི་ཞིག་ཡིན༎   ཞེས་སྔོན་བྱོན་མཁས་པའི་དབང་ཕྱུག་རྣམས་གཞུང་གང་རུང་འཆད་པ་ལ་འཇུག་པའི་ཚེ། ཁྲིད་བྱའི་བསྟན་བཅོས་ཀྱི་མཚན་དོན་དང་བརྩམས་པའི་དགོས་པ། རྩོམ་པ་བོའི་ལོ་རྒྱུས། བམ་པོ་དང་ལེའུ། ས་བཅད་དང་དོན་ཚན། གཞུང་ཚད་དང་བརྩམས་དུས་སྟོན་པ། དགོས་ཆོས་དང་ཕན་འབྲས་བརྗོད་པ་བཅས་གླེང་བསླངས་པ་རྣམ་པ་ལྔའི་སྒོ་ནས་འཇུག་པའི་ཕྱག་སྲོལ་འདི་གཅིག་བུ་ཇི་བཞིན་དུ་འཁྱོངས་ནའང་ཆེས་ཕུན་སུམ་ཚོགས་པ་ཡོད་ལ། ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་བོའི་ཆེ་བ་བསྟན་པ་དང་། ཆོས་ཀྱི་ཆེ་བ་བསྟན་པ། ཆེ་བ་གཉིས་དང་ལྡན་པའི་ཆོས་ལ་ཉན་བཤད་ཇི་ལྟར་བྱེད་པ། གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་འཁྲིད་པའི་རིམ་པ་ཞེས་པའི་གདམས་པ་འདི་ཡང་སྐབས་ཐོབ་སྐབས་ཐོབ་ལ་སྦྱར་ཏེ་ཁྲིད་ཆོག་པས་བོད་ལ་ཅི་ཡང་མེད་འདུན་གྱིས་ཡོད་ཚད་གཞན་རྗེས་སུ་བསྙེགས་དགོས་དོན་མི་འདུག ལེགས་བཤད་ཚོ་ནའང་། ཀུན་དང་མཐུན་པ་རྩ་བ་ཡིན་མོད་ཀྱང་༎ མཐོང་ཚད་ལད་མོ་བྱས་ན་སྨྱོན་པ་ཡིན༎ ཞེས་གསུངས་ཡོད་པ་ལྟར་རེད། ང་ཚོས་སློབ་མའི་རྒྱུད་ལ་ཡོན་ཏན་ངོ་མ་འབྱོར་ཐབས་དེལག་ལེན་དང་བརྒྱུད་འཛིན་བྱེད་དགོས་པ་ལས་གཞན་གྱི་ངོ་འཛིན་དང་འགྲོ་སྲོལ་ཙམ་བསྐྱངས་པས་ཅི་ཡང་མི་ཕན། འདི་ནི་ངས་དེང་རབས་སློབ་གསོའི་བྱེད་ཐབས་ཀྱི་ལེགས་ཆ་ལེན་མི་དགོས་ཟེར་བ་མ་ཡིན་པར་འཛམ་གླིང་མཁས་པའི་ཡང་རྩེར་གཤེགས་ཟིན་པའི་རང་རེའི་སྔོན་བྱོན་མཁས་པའི་བཤུལ་ལམ་ན་ང་ཚོས་སྤྱོད་ཆོག་ཆོག་གི་ནོར་བུ་མང་ཚུལ་བཤད་པ་ཡིན། ང་ཚོའི་སློབ་གྲྭ་འོད་ཟེར་སྟོང་ལྡན་གྱི་ལམ་ཆེན་འདི་ནས་བསྐྱོད་ཅིང་དགོས་འདོད་ནོར་བུ་འདིའི་གཟི་བྱིན་ལ་བརྟེན་ཏེ་གྲགས་སྙན་གྱིས་ས་ཆེན་ལྡིང་ཐུབ་པ་བྱུང་བས་བོད་ལ་སློབ་ཁྲིད་བྱེད་ཐབས་ཀྱི་མ་ལག་མི་ཚང་སྙམ་པའི་སེམས་ཁྲལ་དེ་འདྲ་གནང་དགོས་གཏན་ནས་མི་འདུག་སྙམ། ཚུལ་འདི་ལུང་རིགས་ཀྱི་སྒྲུབ་བྱེད་དང་བཅས་མང་དུ་བཤད་མི་དགོས་ཏེ་གྲུབ་འབྲས་ཀྱི་སྟེང་ནས་ཁ་གསལ་གྱིས་ལན་འདེབས་ཀྱིན་ཡོད། ང་ཚོའི་སློབ་གྲྭས་གོང་གསལ་བོད་རང་གི་སློབ་ཁྲིད་བྱེད་ཐབས་དག་ལག་ལེན་དུ་བསྟར་བས་དང་བོར་སློབ་གྲྭར་ཞུགས་ཚེ་རང་གི་མིང་འབྲི་མི་ཤེས་པའི་སློབ་མ་རྣམས་ལོ་བཞི་ལྔ་ཙམ་གྱིས་སུམ་རྟགས་དག་གསུམ་པོར་རང་རྐང་དཔྱིས་ཕྱིན་པ་ཞིག་ཆགས་ཐུབ་པར་མ་ཟད་རྩོམ་ཡིག་ལེགས་པོ་འབྲི་ཐུབ་པ། གཞུང་ཟབ་མོ་ལ་ལྟ་ཀློག་བྱས་ཀྱང་རྒྱལ་གཉེར་སློབ་གྲྭར་ལོ་བཅུ་ཕྲག་ལྷག་ལ་འགྲིམས་པ་ཚོ་དང་བར་ཁྱད་ཆེན་པོ་འདུག ང་ཚོ་གྲུབ་འབྲས་བཟང་བོ་ལ་དགའ་བ་མ་ཡིན་ནམ། ང་ཚོར་སྤྱོད་ཡོན་གཉིས་ལྡན་གྱི་ཕྱི་རབས་པ་མང་བོ་ཞིག་བསྐྱེད་བསྲིང་བྱེད་པའི་འགན་ཁུར་ཡོད་མ་ཡིན་ནམ། མི་རིགས་ཀྱི་ཁྱད་ཆོས་དང་ངོ་མཚར་བྱེད་ཐབས་ལྡན་པའི་སིལ་བུ་གསོའི་ལམ་ཆེན་འདིར་ཞུགས་ན་རེ་བའི་རི་མི་མངོན་འགྱུར་བྱེད་ཐུབ་པར་གདོན་མི་ཟ།
ད་ལྟ་རྒྱལ་གཉེར་སློབ་གྲྭ་ལས་སྒེར་གཉེར་སློབ་གྲྭ་དག་གི་གྲུབ་འབྲས་གཟེངས་སུ་ཐོན་བཞིན་པའང་ངས་བལྟས་ན་དགེ་རྒན་གྱི་ཡོན་ཚད་ལ་མཐོ་དམན་ཤོར་བའང་ཡོད་སྲིད་མོད་གཙོ་བོ་ས་གནས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གཞུང་ཁྲིད་ཐབས་ལག་ལེན་བྱས་མ་བྱས་ཀྱི་དབང་གིས་རེད་སྙམ། དཔེར་ན། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གོ་གཉིས་ལོར། 《་ སོའི་སྡོམ་རྩིས་རྩོམ་བཤུས》ཞེས་པའི་སྟེང་བཀོད་པ་ལྟར་ན། ཨ་མེད་རི་ཀའི་རྒྱལ་ཡོངས་སུ་སློབ་གྲྭ་ཆེན་མོ་སུམ་སྟོང་དྲུག་བརྒྱ་དང་གཅིག་ཡོད་ལ། དེའི་ནང་གཞུང་བཙུགས་སློབ་གྲྭ ་ཆེན་མོ་ཆིག་སྟོང་ལྔ་བརྒྱ་གོ་བརྒྱད་དང་སྒེར་བཙུགས་སློབ་གྲྭ་སྟོང་ཕྲག་གཉིས་དང་བརྒྱ་མེད་གསུམ་ཡོད། དེ་དག་ལས་ལོ་དུ་མར་ཨང་དང་བོ་དང་གཉིས་པ་བླངས་པའི་ཧན་བྷརསློབ་ གྲྭ་ཆེན་མོ་དང་ལན་ཟི་སློབ་གྲྭ་ཆེན་མོ་སོགས་མིང་དུ་གྲགས་པའི་སློབ་གྲྭ་ཕལ་ཆེར་ནི་སྒེར་བཙུགས་སློབ་གྲྭ་རེད། རྒྱུ་མཚན་ནི་ཁོ་ཚོས་ཚད་བཀག་དང་ཧམ་རྒྱུགས་མ་བྱས་པར་ས་གནས་ཀྱི་དགོས་མཁོ་ལྟར་ཁྲིད་ཐབས་གང་ཞིག་ལ་དགེ་མཚན་ལྡན་ན་དེ་ཉིད་ལག་བསྟར་བྱས་པས་ཡིན་པར་བཤད། ང་ཚོས་ཀྱང་སྔོན་ཐོན་རྒྱལ་ཁབ་འདི་ལྟ་བུའི་བྱེད་ཐབས་དམིགས་འབེན་དུ་བཟུང་ན་ཤིན་ཏུ་འགྲིག
མདོར་ན་བོད་ཡིག་སློབ་གྲྭ་་གང་ཡིན་ཡང་མི་རིགས་རང་གི་ཁྱད་ཆོས་ཡོད་ལ་དགེ་མཚན་དང་ལྡན་པའི་རིག་གཞུང་སྤྱི་དང་ཁྱད་པར་དུ་སུམ་རྟགས་དག་གསུམ་ལ་སྦྱངས་པ་ནང་བྱན་ཆུད་པ་ཞིག་བྱེད་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེན་པོ་རེད།    རང་རེ་བོད་མི་རིགས་ལ་མཚོན་ན་ཡོན་ཏན་པའི་སྡེ་དཔུང་ནི་དགོན་སྡེ་དང་སློབ་གྲྭ། ལས་རིགས་སོ་སོའི་ལས་བྱེད་པ་ཚོ་ཡིན་ནའང་། ཐ་སྙད་རིག་གནས་སྤྱི་དང་ཁྱད་པར་དུ་རང་གི་བརྡ་སྤྲོད་གཞུང་ལུགས་ལ་ངེས་ཤེས་དང་སྦྱངས་པ་དམན་པས་ད་ལྟ་བོད་རིགས་ལས་བྱེད་པས་བོད་སྐད་མི་ཤེས་ཤིང་བོད་རིགས་སློབ་མས་བོད་ཡིག་མི་ཤེས་པའི་གནས་ཚུལ་ཡ་ང་ཞིང་སྐྱུག་བྲོ་བ་ཞིག་བྱུང་དང་འབྱུང་བཞིན་ཡོད་ལ་ནད་ཡམས་འདི་ཤོ་ཚོས་སྣ་དྲངས་ཏེ་བོད་རིགས་ཞིང་འབྲོང་མང་ཚོགས་ཀྱི་ཁྲོད་ནའང་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བས་ལྟས་ལྟས་རིག་རིག་ལ་བོད་མི་རིགས་ཞེས་འཛམ་གླིང་ན་གྲགས་སྙན་འབར་མྱོང་བ་འདི་འཇིག་རྒྱུའི་ཉེན་ཁར་ཐུག་ནས་ཡོད། རྒྱུ་མཚན་འདི་འདྲ་ལ་བསམ་ཏེ་ངས་སྔོན་ཆད་སྙན་རྩོམ་ཞིག་ཏུ། བོད་རིགས་ལས་བྱེད་བོད་ཀྱི་སྐད་ལ་རྨོངས༎བོད་རིགས་སློབ་མ་བོད་ཀྱི་ཡི་གེར་རྨོངས༎བོད་མི་ཕལ་ཆེར་ཚན་ཚན་རིག་པར་རྨོངས༎ རྨོངས་གསུམ་ཁུར་བོ་འདི་ཡིས་རྗེས་ལུས་ཕེབས༎ཞེས་པ་ཞིག་ཀྱང་བྲིས་མྱོང་། འདི་ངས་འོལ་ཚོད་ཀྱིས་བཤད་པ་ཞིག་གཏད་ནས་མིན། ད་ལྟ་སྔོན་ཐོན་མི་རིགས་གཞན་དག་གིས་ཕ་སྐད་གཙང་མ་དང་སྤྱི་སྐད་རྣལ་མ་རྒྱུད་འཛིན་དང་དར་སྤེལ་གྱི་ལས་ལ་བྲེལ་བཞིན་ཡོད་ཀྱང་ང་ཚོས་སུམ་རྟགས་དག་གསུམ་གྱི་དགོངས་དོན་ལས་མི་འདའ་བའི་སྤྱི་སྐད་དག་མོ་ཞིག་ཕར་ཟད། ཡུལ་སྐད་གཙང་སང་ངེ་བ་ཞིག་ཀྱང་བཤད་མི་ཤེས་པའམ་བཤད་རྒྱུར་ངོ་ཚ་ཁུལ་གྱིས་འཁྱོངས་མི་འཁྱོངས་གཉིས་རྒྱ་སྐད་དམ་སྦྲགས་སྐད་ཅིག་གིས་ཉི་མ་འགྲོ་ཐབས་བྱེད་བཞིན་ཡོད་པ་ནི་འདིར་བཞུགས་ཀུན་གྱིས་ཤེས་གསལ་ལྟར་རེད། ང་ཚོས་རང་གི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སོགས་ཤར་ལ་གཡུགས་ཏེ་མུ་མཐུད་དུ་འདི་ལྟར་སོང་བ་ཡིན་ན་བོད་མི་རིགས་འདི་འཇིག་རྒྱུ་རེད་དམ་མ་རེད། རྒྱལ་ཁབ་ཀྱིས་བོད་སྐད་བོད་ཡིག་བཀོལ་སྤྱོད་བྱེད་མི་ཆོག་པའི་ཁྲིམས་སྲོལ་བཟོས་ཡོད་ན་ཁག་མེད། སུ་ཡིན་ཡང་རྒྱལ་ཁྲིམས་ལ་འཇིགས་པ་རེད། འོན་ཀྱང་རྩ་ཁྲིམས་དང་མི་རིགས་བཅའ་ཁྲིམས་  སོགས་གང་དུའང་རང་གི་སྐད་ཡིག་བཀོལ་སྤྱོད་བྱེད་མི་ཆོག་པ་ཞིག་གཏན་ལ་ཕབས་མེད། རང་གི་སྐད་ཡིག་རང་གིས་བཀོལ་སྤྱོད་དང་བརྒྱུད་འཛིན་བྱེད་རྒྱུ་དེ་ནི་ལུང་གི་རྒྱབ་བརྟེན་དང་རིགས་པའི་སྒྲུབ་བྱེད་བཀོད་དེ་བཤད་དགོས་ཞིག་མ་རེད། ང་ཚོའི་ཁྱིམ་མཚེར་གྱུར་བའི་སྔོན་ཐོན་མི་རིགས་རྒྱ་ནག་ལ་ལྟོས་དང་རང་གི་སྐད་ཡིག་བརྗེད་པའི་མི་གཅིག་ཀྱང་མཐོང་རྒྱུ་ཨེ་འདུག ཁོ་ཚོ་བོད་རིགས་ས་ཁུལ་ནས་གཞིས་ཆགས་ཏེ་མི་ལོ་ལྔ་བཅུ་ཡས་མས་འགོར་ཟིན་ཡང་བོད་སྐད་རྐྱང་བ་བཤད་  པའི་རྒྱ་མི་གཅིག་ཀྱང་བགྲང་རྒྱུ་མི་རྙེད། ཐ་ན་རྐང་གསུམ་འཁོར་ལོ་བསྐོར་མཁན་དང་ལྷམ་བཙེམ་མཁན། སྤྱོད་ཁང་བདག་ཉར་བྱེད་མཁན་ལྟ་བུ་ཞིག་ཡིན་ཡང་དཀའ་ཁེག་ཅི་འདྲར་ཐུག་རུང་རང་སྐད་བཤད་ཅིང་རང་ཡིག་བཀོལ་བ་མ་གཏོགས་གཞན་གྱི་སྐད་ཡིག་གིས་འཚོ་ཐབས་བྱེད་ནི་ཞིག་ཨེ་ཡོད། ངོ་མ་བཤད་ན་ཁོ་ཚོའི་སྙིང་སྟོབས་དང་ཁོ་ཚོའི་བརྟན་བརླིང་དེ་ཧ་ལས་དགོས་པ་ཞིག་རེད། ང་ཚོས་བཤད་ན་བོད་མི་རིགས་ནི་ཕ་རྒྱུད་མཐོ་རབས་དང་མ་རྒྱུད་བཟང་རབས། དཔའ་བོ་ཡིན་རབས་དང་ཚུགས་བརྟན་རབས་ལུང་བ་གང་བཤད་རྒྱུ་ཡོད་མོད། དོན་དངོས་ཀྱི་སྟེང་ཕ་ཤུལ་བུས་མི་ཟིན་ཞིང་ཨ་མའི་རེ་སྨོན་ས་ལ་བསྙལ་བ། མི་རིགས་ཤིག་གལ་གནད་ལ་ཐུག་ཚེ་ཅི་ཡང་མི་ནུས་པའི་སྡར་མ་མཐའ་ན་རང་གི་སྐད་ཡིག་ཀྱང་རྒྱུན་འཁྱོངས་བྱེད་པར་རང་ཚུགས་མི་བརྟན་པ་ཞིག་རེད། ངས་འདི་ལྟར་བཤད་ན་འགའ་རེས་ཁྱོད་ཀྱིས་རང་མི་རིགས་ལ་ངན་བཤད་བྱས་སོང་ཟེར་ཡང་སྲིད་མོད།  གནའ་མི་བོད་ཀྱི་གཏན་དཔེ་ལ། ཤ་ཚ་བའི་ཁ་ན་སྙན་མོ་མེད༎ ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད་ཟེར་བ་ལྟར་ཤ་ཁྲག་རུས་གསུམ་གྱིས་སྦྲེལ་པའི་བོད་མི་རིགས་ལ་དུང་བའི་ན་ཟུག་མ་བཟོད་པར་དོན་དངོས་ཀྱི་བདེན་གཏམ་འགའ་བཤད་པ་ལས་སྙིང་ནས་མི་དགའ་བ་དང་མཚང་འབྲུ་བྱས་པ་ག་ལ་ཡིན། འདིར་བཞུགས་ལྷན་རྒྱས་ཀྱིས་ཞིབ་འདང་ཞིག་གནོངས་དང་། དགེ་རྒན་རྣམས་ལ་མི་རིགས་ཀྱི་སྣེ་ཁྲིད་བྱེད་པའི་འོས་འགན་ཡོད་པ་གོང་དུ་བཤད་ཟིན་པ་ལྟར་རེད། ད་སྐབས་དགེ་རྒན་རྣམས་ཀྱིས་བཟང་ཕྱོགས་སུ་འཁྲིད་བཞིན་འདུག་གམངན་ཕྱོགས་སུ་འཁྲིད་བཞིན་འདུག ཞིང་འབྲོག་མང་ཚོགས་ཀྱིས་བུ་ཕྲུག་སློབ་གྲྭར་མི་མངགས་པ་ལའང་རྒྱུ་མཚན་མེད་པ་མ་རེད། ཁོ་ཚོས་རང་གི་བུ་ཕྲུག་གཞན་གྱི་ངོ་བོར་བསྒྱུར་བར་ཕངས་སེམས་སྐྱེས་པ་རེད། ཞིང་འབྲོག་མང་ཚོགས་ཀྱིས་དཀའ་མོའི་ཚེགས་དང་དཀོན་མོའི་རྒྱུ་ཕུད་ནས་ བུ་ཕྲུག་སློབ་གྲྭར་བསྐྱལ་ཡང་། ལོ་ཤས་ཀྱི་རྗེས་ནས་སློབ་གྲྭའི་དགའ་ཚལ་འགྲིམས་ པའི་བོད་རིགས་སློབ་མ་ཚོས་བོད་སྐད་གཞི་ནས་བརྗེད་དེ་གཞན་སྐད་ད་མ་དིག་ཅིགགྷས་ཁ་བརྡ་བྱེད་ཅིང་། སྤྱོད་པ་ཆ་མིན་ཡ་མིན་ཞིག་ཏུ་གྱུར། བོད་པའི་རང་གཤིས་བོར་ཞིང་བོད་པའི་འདུ་ཤེས་མེད་པའི་ཚུལ་དེ་མཐོང་ན་ཉལ་ན་གཉིད་མི་འོང་ཞིང་བསད་ན་འདུག་མི་ཚུགས་པའི་ཚོད་དུ་ཡོད་པས་རེད།
དགེ་རྒན་རྣམས་ཀྱིས་སུམ་རྟགས་དག་གསུམ་སོགས་ལེགས་པོ་ཞིག་ཁྲིད་ནས་ནམ་ཡང་སློབ་མ་ཚོར་བོད་སྐད་ག་ཙང་མ་བཤད་པའི་གོམས་གཤིས་ཆགས་སུ་བཅུག་ན་དགེ་ཕྱོགས་བོད་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་བཟང་བོ་ཞིག་འཇོག་ཐུབ་ངེས་ལ། བོད་རིགས་ལས་བྱེད་པའང་སློབ་གྲྭའི་ཁྲོད་ནས་འབྱུང་དགོས་པས། བོད་སྐད་བཤད་པ་ཐན་དུ་བརྩི་ཞིང་བོད་ཡིག་སློབ་དགོས་ཚུལ་བཤད་ན་ཁྲིམས་འགལ་དུ་བརྩི་བའི་ལོག་བཤད་དེ་ཡང་རང་ཤུགས་ཀྱིས་སེལ་འགྲོ། ང་ཚོའི་སློབ་གྲྭ་འདིར་དགེ་སློབ་སུ་ཡིན་ཡང་བོད་སྐད་བཤད་དགོས་པར་མ་ཟད་བོད་ཀྱི་སྤྱི་སྐད་བཤད་དགོས་པའི་འགྲིག་ལམ་ནན་མོ་ཞིག་བཟོས་ཡོད། དེ་ཡང་འཛིན་གྲྭ་རེ་རེའི་ནང་ན་རྒྱུན་ལྡན་གྱི་ཁ་བརྡའི་ཁྲོད་དུ་བོད་སྐད་ནང་དུ་རྒྱ་སྐད་བསྲེ་མཁན་དང་རང་རང་གི་ཡུལ་ཕྱོགས་ཀྱི་སྐད་མ་དག་པ་བཤད་མཁན་དུ་ཡོད་རྩིས་གཤེར་ཞིབ་མོ་བྱས་ཏེ་གཟའ་འཁོར་རེའི་གཟའ་མཇུག་ཏུ་དགེ་སློབ་མཉམ་འཛོམས་ཐོག་སྦྲགས་སྐད་མང་བོ་བཤད་པའི་འཛིན་གྲྭར་དར་ནག་དང་བོད་ཀྱི་སྤྱི་སྐད་གཙང་མ་བཤད་པའི་འཛིན་གྲྭར་དར་  དམར་འུག་པ་ཁ་གཅིགཚོད་ཀྱིན་ཡོད་ལ་ལོ་མཇུག་ཏུ་སྤྱི་སྒེར་ལ་གཟེངས་བསྟོད་དཔང་ཡིག་དང་དངུལ་གྱི་བྱ་དགའ་སྤྲོད་བཞིན་ཡོད། བྱེད་ཐབས་འདིས་ཕན་བསྐྱེད་མི་དམན་པ་ཞིག་བྱུང་བཞིན་འདུག་མོད་ང་ལ་དགའ་སྐྱོ་ཟུང་གི་ཚོར་བ་ཞིག་རྒྱུན་པར་སྐྱེ། རྒྱུ་མཚན་ཅི་ཡིན་ཞེ་ན། མི་རབས་ང་ཚོའི་རིང་མ་གཏོགས་བོད་ཀྱི་ལོ་རྒྱུས་ཐོག་བོད་མིས་བོད་སྐད་བཤད་ན་བྱ་དགའ་སྤྲོད་པའི་གནས་ཚུལ་ཐབས་སྡུག་ཅིག་བྱུང་མ་མྱོང་། ད་ལྟ་མང་བོ་ཞིག་གིས་ཕ་མེས་ཡང་མེས་རྣམས་ཀྱིས་མ་འཁྱོངས་ཚུལ་དང་མ་འགྲིག་ཚུལ་ལབ་ཏེ་གསར་བཏོད་པ་དང་གསར་བརྗེ་བར་རློམ་མོད། དུས་རབས་འདི་དང་མི་རབས་ང་ཚོ་མ་གཏོགས་བོད་ཀྱི་ལོ་རྒྱུས་ཐོག་རང་གི་སྐད་ཡིག་བརྗེད་པའི་ངོ་ཚ་ཞིག་བྱུང་མ་མྱོང་། འདི་ལྟར་བསམ་ན་ཕ་སྐད་གཙང་མའི་བྱ་དགའ་དེས་ང་ལ་སྐྱོ་བ་སྟེར་གྱིན་འདུག
སེམས་པ་ནང་ལ་བསྐོར་ཏེ་ཞིབ་འདང་ཞིག་བརྒྱབ་པ་ཡིན་ན། མིག་ཟུང་མཆི་མས་གང་ཞིང་ཤ་གསེང་ལ་ཚ་ཤད་རྒྱག་འོང་བའི་གནས་ཚུལ་ཤིན་ཏུ་མང་། ང་ཚོར་བཅོས་བརྒྱུར་བྱས་ཏེ་མི་ལོ་བཞི་བཅུ་ཡས་མས་ཤིག་མ་གཏོགས་མ་འགོར་མོད། དུས་ཡུན་ཐུང་ངུ་འདིའི་ནང་བོད་མི་ཚོས་ཕྱི་ནང་ཐམས་ཅད་གཞི་ནས་བརྗེས་ཏེ་ད་སྐབས་ཇ་ཡུན་གཅིག་ལ་རྒྱ་སྐད་དང་མ་འདྲེས་པའི་བོད་སྐད་གཙང་མ་བཤད་ནི་ཞིག་ཀྱང་ཕལ་ཆེར་མེད་པའི་ཚོད་དུ་སོང་བར་བསམ་ན་མི་རབས་ང་ཚོའི་རིང་   ལའང་བོད་མི་རིགས་ཞེས་པ་མིང་གི་ལྷག་པར་འགྱུར་བརྒྱུའི་ཉེན་ཁ་ཧ་ཅང་ཆེ་བར་འདུག ལྷག་པར་དུ་བོད་མི་རིགས་ནི་མི་གྲངས་ཁྲི་དྲུག་བརྒྱར་ལོངས་མི་ལོངས་ཀྱི་གྲངས་ཉུང་མི་རིགས་ཤིག་རེད། འོན་ཀྱང་ང་ཚོ་ངོ་བོ་གཞན་འགྱུར་ལ་དགའ་  དྲགས་པས་ལོ་བཞི་བཅུ་ཡས་མས་ཤིག་གི་ནང་དུ་རྫོང་ཁག་དུ་མ་ཞིག་རྒྱ་ལ་འགྱུར་ཚར། དཔེར་ན། མཚོ་སྔོན་གྱི་ཧོང་ཀྲོང་རྫོང་དང་དམར་གཙང་རྫོང་། ལུང་མདོ་རྫོང་། ཧོའུ་ཀྲུའུརྫོང་ལྟ་བུ་རེད། སྔོན་རྫོང་ཁག་དེ་དག་ནི་བོད་སྡེ་ཤ་སྟག་ཡིན་པར་ མ་ཟད་ཁྲི་སྡེ་འབུམ་སྡེ་སྐོང་བའི་དཔོན་པོ་དང་། འཆད་རྩོད་རྩོམ་གསུམ་ལ་རང་དབང་འབྱོར་བའི་བོད་ཀྱི་མཁས་པ་མང་བོའི་འབྱུང་ཁུངས་རེད། ད་ལྟ་རྫོང་ཁག་དེ་དག་ན་བོད་སྐད་བཤད་ནི་དང་བོད་ཆས་གྱོན་ནི་ཞིག་བཙལ་ན་མི་རྙེད་པའི་ཚོད་དུ་སོང་ཚར།
སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གྱ་བདུན་ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་མཚོ་ལྷོར་གཟིགས་ཞིབ་གནང་སྐབས་བོད་ལྗོངས་ཆབ་མདོའི་མང་ཚོགས་ཀྱི་གནས་ཚུལ་ཞིག་ཐུགས་སྐྱོ་བཞིན་གསུངས་པ་ཕལ་ཆེར་ཁྱེད་ཚོའི་ཡིད་ངོ་ནའང་ཡོད་རྒྱུ་རེད། ཁོང་གིས། ན་ན་ལྷང་ལྷང་ ་ངས་བོད་ལྗོངས་ཆབ་མདོ་ས་ཆར་གཟིགས་ཞིབ་བྱེད་པའི་ཉིན་དེར་དགེ་སློབ་ཚོ་སྲང་ལམ་གཡས་གཡོན་དུ་སྒྲིག་ནས་ང་ལ་དགའ་བསུ་བྱས། ཁོ་ཚོས་ཐལ་མོ་རྡེབ་དུས་ངས་ཀྱང་ཐལ་མོ་བརྡབ། ངའི་མདུན་ན་ གློག་སྐྱེལ་བརྙན་གྱི་དཔར་ལེན་མཁན་དང་གཞན་པའི་དཔེར་ལེན་མང་བོ་རུབ་ནས་ཡོད། ཁོ་ཚོས་ང་ལ་ཇི་ལྟར་དགའ་བསུ་བྱས་པ་རེདཟེར་ན། རྒྱ་སྐད་ཀྱིས་ཧྭ་ཡིན་ཧྭ་ཡིན་ཟེར། ངས་ཅང་མ་བཤད་པ་བུད་སོང་ཞེས་མི་རིགས་གཞན་དང་གསར་འགོད་པ་ཚོའི་མདུན་སར་ཁོང་ཧ་ཅང་ངོ་ཚ་བའི་ཚུལ་དེ་གསུངས་ཤིང་། ཡང་། སྐྱེས་མ་སློབ་གྲོགས་འགས་ད་དུང་ངོ་ཚ་ནས་གཅིག་གཅིག་གི་ཕག་ལ་ཡིབ་རེས་བྱེད་ལ། བོད་སྐད་བཤད་ན་ད་དུང་ངོ་ཚ་བ་རེད། ངས་ཁོ་ཚོར་སྐྱོན་བརྗོད་བྱས་དོན། ཁྱེད་ཚོས་བོད་སྐད་བཤད་པར་ངོ་ཚ་ན་མ་བཤད་ན་ཆོག བོད་ལྭ་གྱོན་པར་ངོ་ཚ་ན་དེ་ཡང་མ་གྱོན་ན་ཆོག་མོད། ཁྱེད་ཚོའི་སྐྱེ་ཡུལ་བོད་རིགས་ཀྱི་ཁྱིམ་ཡིན་པ་ནི་ཇི་ལྟར་བྱས་ཀྱང་བསྒྱུར་ཐབས་་མེད། ཁྱོད་ཚོའི་ཕ་མེས་ཡང་མེས་རྣམས་བོད་རིགས་ཡིན། གལ་སྲིད་ཁྲེད་ཚོའི་བྱེད་ཚུལ་བལྟས་ན། ཁྱོད་ཚོས་མི་རིགས་བསྒྱུར་རྒྱུ་རེད། ཅེས་ཐུགས་ཁོ་ཐག་ཆད་པའི་གསུང་དེ་འདྲ་ཞིག་གནང་འདུག ཁོང་རིན་པོ་ཆེ་ཞལ་བཞུགས་ཡོད་རྒྱུ་ནང་ཚོའི་གནས་བབས་ཚད་འདི་འདྲ་ཞིག་ཏུ་ལྷུང་ཡོད་རྒྱུ་མ་རེད་མོད། ང་ཚོའི་ཡོད་ཚད་མར་འགྲིབ་ཀྱི་སྐབས་ལ་ཁེལ་བས་བླ་མ་ཉི་མ་འདྲ་བོས་ཀྱང་ཐུགས་རེ་ཆད་བཞིན་ང་ཚོ་དང་ཞལ་གྱེས་ཟིན། ཁོང་རིན་པོ་ནཆེས་གསུངས་པ་བཞིན་ད་ལྟ་བོད་རིགས་ལས་བྱེད་པ་དང་སློབ་པ་ཚོས་བོད་སྐད་བཤད་པར་ངོ་ཚ་བཞིན་འདུག་ལབོད་ལ་གྱོན་པར་ངོ་འབར་བཞིན་འདུག ཐ་ན་སྐྱེ་ཡུལ་སྐྱེ་ཁོང་ཡང་གཞན་དང་གཞན་དུ་བསྒྱུར་བཞིན་ཡོད། འོན་ཡང་རྩ་ལམ་ན་རྒྱུ་བའི་ཟུངས་ཁྲག་བརྗེ་བའི་ལག་རྩལ་ད་དུང་ཤེས་མེད། ཐབས་ཡོད་ན་དེ་ཡང་མི་བརྗེ་བའི་ངེས་པ་མི་འདུག ཡ་ང་བའི་སྐྱོ་གར་འདི་སེལ་ཕྱིར་དགེ་རྒན་རྣམ་པ་ཚོས་སློབ་གྲྭ་ཁག་སོ་སོ་ནས་བོད་ཀྱི་སྤྱི་སྐད་གཙང་མ་བཤད་པའི་ཁོར་ཡུག་བཟང་བོ་ཞིག་ཆགས་སུ་འཇུག་ཐུབ་ན་མི་རིགས་དགེ་རྒན་གྱི་འོས་འགན་གཙོ་བོ་དེ་ཡིན་ལ་མི་རིགས་ཀྱི་ལ་རྒྱ་ངོ་མའང་དེ་ཡིན།
བོད་ཡིག་ཤེས་པ་བོད་སྐད་བཤད་པ་ཙམ་གྱིས་མི་ཆོག་པར་བོད་ཀྱི་སྤྱི་སྐད་ཁྱབ་བརྡལ་དུ་གཏོང་རྒྱུ་ནི་མི་རིགས་དེ་ཉིད་མཐུན་སྒྲིལ་གྱི་གཞི་རྩ་དང་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་ཀྱི་གསོས་སྨན། བོད་ཀྱི་རིག་གནས་འཛམ་གླིང་ལ་ཁ་ཕྱོགས་པསཧ་ཐབས་ལམ་གཙོ་བོ་ཞིག་ཡིན། བོད་ཀྱི་སྤྱི་སྐད་གཏན་འབེབ་ཐད་མཁས་པ་རྣམས་ལ་བཞེད་ཚུལ་མི་མཐུན་པ་གཙོ་བོ་གསུམ་འདུག་སྟེ། ཁ་ཅིག་གིས་ཨམ་སྐད་སྤྱི་དང་ཁྱད་པར་དུ་ཨ་མདོ་འབྲོག་པའི་སྐད་ནི་གནའ་བོའི་བརྡ་རྙིང་དང་མཐུན་ཞིང་བོད་སྐད་རྣལ་མ་ཡིན་པས་དེ་སྤྱི་སྐད་བྱེད་པར་འཐད་ཟེར། ལ་ལས་ཁམས་ནི་མདོ་དབུས་གཉིས་དང་འདབས་འབྲེལ་བས་དེ་ལ་སྤྱིའི་སྐད་ཀྱི་ཁྱད་ཆོས་ལྡན་ནོ་ཟེར། འགའ་རེས་དབུས་གློ་ཟུང་གཙང་ནི་བོད་མི་རིགས་ཀྱི་འབྱུང་ཁུངས་དང་ཆོས་སྲིད་རིག་གསན་ཀྱི་ལྟེ་གནས་ཡིན་པས་ལྷ་སའི་སྐད་ཀྱིས་སྤྱི་སྐད་བྱེད་པར་འཐད་དོ་ཟེར་མོད། ཨ་མདོ་འབྲོག་པའི་སྐད་ལ་སྔོན་རྗེས་མིང་གསུམ་སོགས་ཀྱི་ཁྱད་པར་གསལ་ཡང་བརྡ་རྙིང་དག་བཀས་བཅད་སྔ་ཕྱིའི་སྐབས་ལེགས་པར་བཅོས་ཟིན་པ་ཤ་སྟག་ཡིན་ཞིང་དེ་ཉིད་བསྐྱར་བཟླས་བྱས་ན་སྐད་རིགས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་ཡང་མི་མཐུན། ཁམས་སྐད་ལ་དབུས་སྐད་དང་ཨམ་སྐད་གཉིས་ཀའི་ཁྱད་ཆོས་ཅུང་རེ་ལྡན་ཡང་ཕལ་སྐད་མང་དྲགས་པས་སྤྱི་སྐད་ཀྱི་རྨང་གཞིར་འཇོག་མི་འོས་པ་ལྟ་བུར་འདུག དབུས་གཙང་ནི་བོད་མིའི་འབྱུང་ཁུངས་དང་ཆོས་སྲིད་རིག་གནས་དར་བའི་གནས་མཆོག་རྒྱལ་བློན་ལོ་པཎ་མང་བོས་ཐོག་མར་སྤྱི་སྐད་ཀྱི་གཞི་འཛིན་ས་སོགས་ཡིན་པས་ཡིག་སྐད་མང་བོ་བཀོལ་བཞིན་པ་དང་མི་རིགས་གཞན་པ་བོད་སྐད་སློབ་མཁན་ཚོས་ཀྱང་གཙོ་བོ་དབུས་གཙང་གི་སྐད་སློབ་པས་ཁྱབ་རྒྱའང་ཅུང་ཆེ་ཞིང་ཞེ་ཚིག་ང་ལ་སྒྲ་གདངས་འཇམ་སོགས་དགེ་མཚན་མང་ཡང་ཡུལ་སྐད་མ་དག་པ་མེད་པའང་མིན་ལ། གཞན་ཀྱིས་ཤན་ཞུགས་པའང་ཤིན་ཏུ་མང་བས་མཐའ་གཅིག་ཏུ་སྤྱི་སྐད་ཀྱི་ཚད་མར་འཛིན་མི་རིགས་ཏེ། དཔེར་ན། གརེ་གནང་གི་ཡོའོ་རེད།   ཁོང་འགྲོ་གི་རེད་པས། ཡོད་པ་ཡིན་པ་མ་རེ། ཡོག་རེད། གྲུ་ནང་ལ་རྟ་ཟོག་གང་ བླུགས་ནས་ཆུའི་ཕ་རོལ་ལ་སོང་། ཆུ་གྲང་མོ་འཐུང་རྒྱུ་མེད། ཤ་ཚོན་པོ་ཟ་རྒྱུ་མེད་སོགས་བོད་སྐད་ཀྱི་ཆོས་ཉིད་དང་མི་མཐུན་ཞིང་བརྡ་སྤྲོད་ཀྱི་དགོངས་དོན་དང་  འགལ་བ་ཤིན་ཏུ་མང་བ་དང་། རླངས་འཁོར་ལ་མོ་ཊ་དང་གློག་འཕྲིན་ལ་ཏར། རླངས་སྣུམ་ལ་པེ་ཀྲོའོ། རྐང་འབོབ་ལ་ཨུ་མོ་སུ་ལི། རྐང་ཐུང་ལ་ཧབ། སྨན་པ་ལ་ཨེམ་ཆི་སོགས་དབྱིན་སྐད་དང་སོག་སྐད་བསྲེས་པ་ཆེས་མང་ཞིང་། དེང་སང་སྒྱ་  སྐད་ཀྱི་ཤན་ཤུགས་ཐེབས་པའང་བགྲང་གིས་མི་ལོངས་པ་ཞིག་ཡོད་པ་ལྟ་བུའོ༎
དེས་ན་བོད་ཀྱི་སྤྱི་སྐད་འདི་ས་ཁུལ་གཅིག་དམིགས་སུ་བཟུང་ཏེ་གཏན་ལ་ཕེབས་བསུ་ཆོག་པ་ཞིག་མ་རེད། གཙོ་བོ་སུམ་རྟགས་དག་གསུམ་གྱི་དགོངས་དོན་དང་མཐུན་མིན་ལ་བལྟ་དགོས། སྔོན་སློབ་དཔོན་ཐོན་མི་སམ་བྷོ་ཊས་བོད་མི་ཕལ་ མོ་ཆེས་བཀོལ་བའི་སྐད་གདངས་ལ་བརྟགས་ཏེ་བོད་ཡིག་དང་བརྡ་སྤྲོད་ཀྱི་གཞུང་བརྩམས་པ་ཡིན་ཡང་ད་ནི་སྤྱི་སྐད་ཀྱི་ཚད་ཤིང་ངོ་མ་དེ་བརྡ་སྤྲོད་ཀྱི་དགོངས་དོན་ལ་མཐུན་མིན་ཁོ་ནར་ཐུག་པ་རེད། དེས་ན་སྤྱིའི་ཆ་ནས་དབུས་གཙང་གི་སྐད་དེ་སྐད་གསར་བཅད་བྱས་ཕྱིན་གྱི་བརྡ་སྤྲོད་དགོངས་དོན་དང་མཐུན་ས་མང་བས་དེ་སྤྱི་སྐད་ཀྱི་གཞི་མ་བྱས་ནས་དེའི་སྟང་དུ་ཨམ་སྐད་དང་ཁམས་སྐད་ཀྱི་ལེགས་ཆ་རྣམས་ཁ་སྣོན་བྱས་པ་ཡིན་ན་སྤྱི་སྐད་ཀྱི་གཞི་རྐང་ཡག་པོ་ཞིག་ཚུགས་ཐུབ། འོན་ཀྱང་དེ་ཙམ་གྱིས་སྤྱི་སྐད་ཡོངས་འགྲུབ་བྱས་པ་མིན་པར་མིང་ཚིག་གསར་བ་གང་བྱུང་རྣམས་གཅིག་གྱུར་གྱིས་བསྒྱུརབའམ་འདྲ་མཚུངས་སོགས་ཀྱི་སྒོ་ནས་མིང་འདོགས་པ་གང་རུང་བྱེད་རྒྱུ་ནི་ཆེས་གལ་ཆེན་ཞིག་རེད།
དེང་སྐབས་བྱ་དངོས་གསར་བ་དབྱང་གྱི་ཆུ་གཏེར་བཞིན་འཕྱུར་ཡང་དེ་དག་བོད་སྐད་ཀྱིས་མིང་བཏགས་པ་ཤིན་ཏུ་ཉུང་ཞིང་བསྒྱུར་བའམ་བཏགས་པ་རེ་ཟུང་ཡོད་ཀྱང་ཕལ་ཆེར་བོད་སྐད་ཀྱི་ཆོས་དང་མི་མཐུན་པ་སོགས་གནད་དོན་མང་བོ་་ཞིག་ལ་ཐུག་ཡོད། སི་ཁྲོན་ཕྱོགས་ཀྱི་གསར་སྐྱེས་རྩོམ་པ་པོ་ཞིག་གིས་དེང་སྐབས་བོད་སྐད་དང་བོད་ཡིག་གིས་རྩོམ་ཡག་པོ་ཞིག་འབྲི་མི་ཐུབ་ཅེས་དཔྱད་བརྗོད་ཐུང་ངུ་ཞིག་སྤེལ་བར་མང་བོ་ཞིག་མ་དགའ་བར་སྡིག་དམོད་བྱེད་བཞིན་འདུག་མོད།    ངས་བལྟས་ན་དེ་ཡང་བསམ་གཞིག་མ་བཏང་བར་གང་བྱུང་གིས་བཤད་པ་ཞིག་མ་རེད་སྙམ། རྒྱུ་མཚན་གང་ཡིན་ཞེ་ན། དཔེར་ན། ཚན་རིག་དང་འཕྲུལ་ཆས་སོགས་ཆེས་ཆེར་དར་བའི་དེང་རབས་གྲོང་ཁྱེར་དང་དེ་གའི་དངོས་ཡོད་འཚོ་བ་ཞིག་བོད་སྐད་དང་བོད་ཡིག་གིས་འབྲི་དགོས་ན་མིང་ཚིག་བགྲང་གིས་མི་ལོངས་པ་ཞིག་ལ་གཡར་སྐད་བཀོལ་བའམ། ཡང་ན་རེ་རེའི་ཁྱད་ཆོས་དང་དབྱིབས་གཟུགས་སོགས་ལ་མཆན་འགྲེལ་མགོ་ན་བ་ཞིག་མ་བཀོད་ན་གོ་མི་ཐུབ་སྟེ་དེ་དག་ལ་བོད་སྐད་ཀྱི་མིང་འདོགས་ཐུབ་མེད་པས་སོ༎ དེའི་ཕྱིར་ད་ལྟ་བོད་རིགས་ཤེས་ལྡན་པ་འགས་བོད་སྐད་དང་བོད་ཡིག་ལ་བཀས་བཞི་བ་བྱེད་དགོས་པའི་བསམ་ཚུལ་འདོན་བཞིན་འདུག དེ་ནི་ཤིན་ཏུ་གལ་འགང་ཆེ་བ་ཞིག་རེད། བཀས་བཅད་བཞི་བས་གསར་ བྱུང་ཐ་སྙད་གཅིག་གྱུར་དང་སྐད་གདངས་གཅིག་གྱུར། གཞུང་ལུགས་བསྒྱུར་སྟངས་སོགས་མང་བོ་ཞིག་གཏན་དབབ་དགོས་ཕྱིར། གོམ་རིམ་གྱིས་རྩ་འཛུགས་དང་འགྲོ་གྲོན་གཏོང་བ་ཁྲིམས་ལུགས་ཀྱིས་རྒྱབ་སྐྱོར་བྱེད་པ། བོད་ཡིག་གི་དུས་དེབ་དང་  ཚགས་པར། རླུང་འཕྲིན་དང་བརྙན་འཕྲིན། དཔེ་བསྐྲུན་ཁང་དང་གློག་བརྙན། དེ་མིན་བོད་ཡིག་སྤྱོད་པའི་ལས་ཁུངས་གཞན་དག་སོགས་ཀྱིས་གཅིག་གྱུར་གྱིས་ཤུགས་བསྐྱེད་པ་བཅས་ཕྱོགས་མང་བོ་ཞིག་ནས་འབད་འབུངས་བྱེད་དགོས་པ་སྨྲོས་མེད་ ཡིན་མོད། སློབ་གྲྭ་སོ་སོར་བརྟེན་ནས་ཁྱབ་བརྡལ་དུ་གཏོང་བའང་མེད་དུ་མི་རུང་བའི་ཆ་རྐྱེནགཙོ་བོ་ཞིག་ཡིན།
སློབ་གྲྭ་ནི་སྐད་ཡིག་སོགས་ཤེས་རིག་ཡོན་ཏན་སྐྱོབས་སའི་ལྟེ་གནས་དང་གསར་འགྱུར་ལས་རིགས་པ་སོགས་ཡོན་ཏན་པའི་སྡེ་དཔུང་ཕལ་ཆེར་སློབ་གྲྭ་ནས་བསྐྱེད་བསྲིང་བྱེད་དགོས་པས་སྤྱི་སྐད་ཁྱབ་གདལ་བྱེད་པའི་བྱ་བ་དེ་ཐོག་མར་སློབ་ གྲྭ་སོ་སོ་ནས་གཙིགས་ཆེན་དུ་བཟུང་ན་རྒྱ་ཁྱབ་ཏུ་དར་སྤེལ་བྱེད་པར་ནུས་པ་བླ་ལྷག་ཏུ་ཐོན་ཐུབ། དེ་ཡང་ཕྱོགས་གཅིག་ནས་སྤྱི་སྐད་སྦྱོང་བའི་སློབ་ཚོགས་སྒྲིག་འཛུགས་དང་སྤྱི་སྐད་ལ་བྱང་ཆ་ཡོད་པའི་དགེ་རྒན་གདན་འདྲེན་བྱེད་པ་དང་། མདོ་དབུས་ཁམས་གསུམ་གྱི་སློབ་གྲྭ་ཕན་ཚུན་བར་འབྲེལ་འདྲེས་ཀྱིས་གཏམ་གླེང་མང་བོ་བྱེད་པའི་གོ་སྐབས་སྤྲོད་པ་རང་རང་གི་སློབ་གྲྭའི་དགེ་རྒན་རྣམས་ལའང་སྤྱི་སྐད་ཀྱིས་སློབ་ཁྲིད་བྱེད་པའི་འགྲིག་ལམ་ནན་མོ་ཞིག་འཇོག་པ་སོགས་ལག་ལེན་དངོས་སུ་ཞུགས་དགོས། ང་ཚོའི་སློབ་གྲྭ་འདིར་མཚོན་ན། འཛིན་གྲྭ་སོ་སོར་སྤྱི་སྐད་བཤད་པའི་འགྲིག་ལམ་ཡོད་པ་གོང་དུ་ཞུས་ཟིན་པ་ལྟར་ཡིན་ལ། འཛིན་གྲྭ་སོ་སོའི་སྒོ་ངོར་ཡང་། སློབ་གྲོགས་ཚོ་ཕ་སྐད་གཙང་མ་ཞིག་ཤོད་དང་མི་རིགས་འདིའི་བླ་སྲོག་ཡིནཞེས་བྲིས་ཡོད་པ་ཕལ་ཆེར་ཁྱེད་རྣམ་པས་ཀྱང་དེ་རིང་མཐོང་ཡོད་རྒྱུ་རེད། བྲིས་ཡོད་པ་ཙམ་མིན་པར་ལག་ལེན་ལ་ནན་ཏན་དུ་འདེབས་ཀྱིན་ཡོད། དགེ་རྒན་ཚོས་དཔེ་ཁྲིད་བྱེད་ཚེ་རྒྱ་ཡིག་དང་དབྱིན་ཡིག་མ་ཡིན་པའི་གཞན་གང་ཁྲིད་ཀྱང་བོད་སྐད་ཤ་སྟག་གིས་ཁྲིད་བཞིན་ཡོད་པར་མ་ཟད་རང་རང་ཧ་ས་ཆའི་ཡུལ་སྐད་མ་དག་པ་རྣམས་འདོར་ཅི་ཐུབ་ལ་བརྩོན་བཞིན་ཡོད། རང་རང་གི་ས་ཆ་མ་གཏོགས་གོ་མི་ཐུབ་པའི་ཕལ་སྐད་དེ་འདོར་ཅི་ཐུབ་བྱས་ན་བཟང་། ངས་ཀྱང་དེ་རིང་འདི་ནས་རྔ་བའི་ཡུལ་སྐད་ཁོ་ནའི་སྟེང་ནས་གཏམ་བཤད་བྱས་པ་ཡིན་ན་ཁྱེད་ཚོ་མང་བོ་ཞིག་གིས་གོ་མི་ཐུབ། དཔེར་ན། རྔ་བ་དང་རྨ་ཆུ་ཕྱོགས་ཀྱིས་མྱི་རྡང་། པད་མ་ཕྱོགས་ཀྱིས་མྱི་བོ། རྭ་རྒྱ་ཕྱོགས་ཀྱིས་ས་ཁུ། བླ་བྲང་ཕྱོགས་ཀྱིས་རོགས་པོ་ཟེར་བ་ལྟ་བུ་སོགས་སློབ་དེབ་ཏུ་བཀོད་པའམ་སློབ་ཁྲིད་སྐབས་ཀྱི་སྐད་ཆ་རུ་བཀོལ་ན་ངལ་ཚོའི་སྤྱི་སྐད་གཏན་འབེབ་ཟེར་བ་ནམ་མཁའི་པད་མོའི་མཆེད་ཟླ་རུ་འགྱུར་སྲིད།
ད་ལྟ་འགའ་རེས་ལྷག་བསམ་ཡོད་མདོག་གིས་ལྷ་སའི་ཁ་སྐད་སློབ་དེབ་དང་ཨ་མདོའི་ཁ་སྐད་སློབ་དེབ་སོགས་ཕན་པ་ལས་གནོད་པ་ཆེ་བའི་སློབ་དེབ་བསྒྲིགས་པ་ནི་དགག་པའི་གནས་སུ་འདུག་སྟེ། རྒྱ་ནག་ལྟ་བུར་མཚོན་ན། ཀྭང་ཏོང་དང་ཧྲང་ཧེ། སི་ཁྲོན། མཚོ་སྔོན། ཞང་ཀང་སོགས་ཕལ་སྐད་མི་འདྲ་བ་ཅི་འདྲའི་མང་བོ་ཞིག་འདུག་ནའང་དེ་དག་གི་ཡུལ་སྐད་སྦྱོང་དེབ་བསྒྲིགས་མེད་པར་ཐམས་ཅད་ཀྱིས་སྤྱི་སྐད་ལ་ཤུགས་རྒྱག་བཞིན་པ་དེ་འདྲ་རེད།
མི་སུ་ཡིན་ཡང་ཕ་མ་དང་དགེ་རྒན་ནི་རང་རྒྱུད་ལ་བག་ཆགས་འཇོག་མཁན་ཆེས་གཙོ་བོ་ཡིན་པས་སྤྱི་སྐད་བཤད་རྒྱུ་ཡང་དགེ་རྒན་ཚོས་སྣེ་ཁྲིད་ན་ཕན་འབྲས་བཟང་བོ་མངོན་གསལ་དུ་ཐོནཐུབ། སློབ་གྲྭའི་དགེ་རྒན་ཞིག་གིས་ཀྱང་སྤྱི་སྐད་བཤད་མ་ཤེས་ན་ཞིང་འབྲོག་་མང་ཚོགས་སོགས་ལྟ་ཅི་སྨྲོས། དཔེར་ན། རྒྱ་མི་རིགས་ལྟ་བུ་ཡིན་ན་སློབ་གྲྭའི་སློབ་ཁྲིད་སོགས་ཀྱི་སྐབས་ལྟ་ཅི་ཐ་ན་ཟ་ཁང་དང་མགྲོན་ཁང་ཅུང་ཆེ་བ་ཞིག་ཏུ་བྱ་བ་བསྒྲུབས་ནའང་སྤྱི་སྐད་བཤད་ཤེས་པ་ནི་དེར་འཛོམ་དགོས་པའི་ཆ་རོ་རྐྱེན་གཙོ་བོ་ཞིག་ཏུ་བརྩི་བཞིན་པ་ལྟ་བུ་རེད།
སྤྱི་སྐད་དར་སྤེར་གྱི་ཕྱོགས་ནས་ད་དུང་བཤད་དགོས་པ་མང་བོ་ཞིག་ཡོད་ཀྱང་དུས་ཚོད་ཀྱི་དབང་གིས་ད་ཆོག་ནི་བྱེད། སྤྱིར་ན་ང་ལ་ཤེས་རྒྱ་དང་ཉམས་མྱོང་ཅི་ཡང་མེད་པའི་ཁར་དེ་རིང་གི་སློབ་ཐུན་འདིར་གོ་རིམ་དང་གྲ་སྒྲིག་ཅི་ཡང་མེད་ པར་གང་དྲན་ཞིག་ཐོལ་བྱུང་དུ་ངོ་ཚར་མ་འཛེམ་པར་བཤད་ཁུལ་བྱས་པ་ཡིན་པས་ནོར་འཁྲུལ་དང་བཤད་སྐྱོན་གང་མང་ཞིག་ཡོད་པ་སྨྲོས་མ་དགོས་པ་ཞིག་ཡིན་ན། སྐྱོན་སེལ་དགེ་འདོན་གྱི་རིགས་གང་ཡོད་ཁྱེད་དགེ་རྒན་རྣམ་པས་གནང་རོགས་ཞུ་རྒྱུ་དང་། དེ་རིང་ང་ཁྲིད་སྟེགས་སུ་འཁོད་པ་བོ་ཞིག་ཡིན་ཁུལ་གྱི་ཆ་ནས་འདི་རེད་དེ་མ་རེད་སོགས་མང་བོ་ཞིག་ལབ་ཁུལ་བྱས་པའང་མཐར་གཏུགས་ན་ཁྱེད་རྣམ་པར་དཔྱད་གཞི་ཙམ་གྱི་ས་བོན་དུ་ཕུལ་བ་ལས་བརྒྱ་ཁ་གཅིག་ཆོད་དང་ཧ་ཅང་མཁས་མདོག་གིས་བཤད་པ་གཏན་ནས་མིན། མི་འགྲིག་ས་དང་མི་འཚམས་ས་གང་ཡོད་ལ་ཁྱེད་རྣམ་པས་ལྟ་ཚུལ་དང་མཛུབ་སྟོན་གང་དགོས་འཛེམ་མེད་དུ་གསུང་རོགས་ཞུ།
མདོར་ན་ཁྱེད་རྣམ་པ་རྒྱང་ཐག་རིང་བོ་ནས་རྒྱུ་ཚེགས་གང་ལའང་མ་འཛེམས་པར་དུས་ཐུང་བོག་ཡིག་དགེ་རྒན་གསོ་སྦྱོང་འཛིན་གྲྭ་འདིར་ཆེད་གཉེར་གྱིས་ཞུགས་དོན་དང་ང་ཚོས་ཀྱང་ཕྱོགས་སྣ་ཚོགས་ཞིག་ནས་འབད་བརྩོན་བྱས་པའི་ཉིང་དགོས་གང་རེད་ཟེར་ན། དགེ་རྒན་ལ་དགེ་རྒན་གྱི་འདུ་ཤེས་དང་སློབ་མར་འགན་ཁར་བའི་འདུ་ཤེས། རང་གི་རིག་པའི་གཞུང་ལུགས་རྣམས་ཀྱི་རིན་ཐང་དང་དགེ་མཚན་ཤེས་པ། མི་རིགས་ཀྱི་ལ་རྒྱ་འཛིན་ན་མི་རིགས་དེའི་སྐད་དང་ཡི་གེ་ཡུལ་སྲོལ་གོམས་གཤིས་སོགས་ཀྱིས་འཛིན་དགོས་པ་ལས། ཇ་ཁང་ཆང་ཁང་ནས་གླེང་བའི་ཁ་ཚིག་སྐམ་པོའི་ལ་རྒྱ་དང་། ཡོད་ཚད་གཞན་རྗེས་སུ་བསྙེགས་པའི་ཨ་གསར་དེས་མི་རིགས་གཞན་ཞིག་གི་ལ་རྒྱ་དང་འཕེལ་རྒྱས་ལ་ཕན་ན་མ་གཏོགས་བོད་མི་ རིགས་ཀྱི་སྲིད་འབྱོར་རིག་གསུམ་གང་ལའང་མི་ཕན་པའི་གོ་རྟོགས་ཟབ་མོ་ཞིག་རྙེད་པའི་ཆེད་ཡིན་པ་གསལ་བོར་མཁྱེན་དགོས་ལ། དེ་ལྟར་ཡིན་ཚུལ་ལེགས་པར་ཤེས་ན་ང་ཚོའི་ཐེངས་འདིའི་དགེ་རྒན་གསོ་སྦྱོང་འཛིན་གྲྭ་དེ་ཧ་ཅང་ལེགས་འགྲུབ་བྱུང་བ་རེད།ཅེས་བརྗོད་ཆོག་པས། རྣམ་པ་ལྷན་རྒྱས་ཀྱིས་རེ་སྨོན་ཟབ་མོ་འདི་མངོན་འགྱུར་ཡོང་བར་བརྩོན་པ་དང་རྒྱབ་སྐྱོར་གནང་རོགས་ཞེས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཡང་ཡང་ཞུས་པ་ལགས།

སྤྱི་ལོ་༢༠༠༥ལོའི་ཟླ་༡༢བའི་ཚེས་༢༡ཉིན་གྱི་ཕྱི་དྲོའི་དུས་ཚོད་༣-༦བར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་གཏམ་བཤད་གནང་བའི་སྒྲ་ཐག་གཞིར་བཞག་སྟེ། སྐབས་བཅུ་བའི་འབྲིང་རིམ་འཛིན་གྲྭའི་སློབ་མ་ཡོངས་ཀྱི་གྲལ་མཐའ་ན་གནས་པའི་གྱི་ལང་འཇིགས་མེད་དང་། ས་སྒང་འཇམ་དབྱངས་མཁྱེན་རབ། རྭ་རྒྱ་བཀྲ་ཤིས་བཟང་བོ་གསུམ་གྱིས་སྤྱི་ལོ་༢༠༠༧ལོའི་ཟླ་༧ པར་ཟིན་བྲིས་སུ་བཏབ་པ་ཡིན།

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།